༄༅། །གསོ་རིག་རྒྱུད་བཞིའི་ནད་གཡོག་ཅེས་པ་ལས་འཕྲོས་པའི་གཏམ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-06
ཀློག་གྲངས།:
འགོ་བརྗོད།
སྤྱི་ལོ༢༠༢༣ལོའི་ཟླ༩པའི་ཚེས༢ཉིན་གནའ་མཁར་ཟི་ལིང་ནས་སློབ་སྐར་འགའ་ཡི་ཆེད་དུ་སྐྱེས་པའི་ནད་གཡོག(男护士)གི་སློབ་སྦྱོང་བྱ་འགུལ་ཞིག་ཏུ་ཞུགས། དེ་རུ་སྨན་ཁང་ཆེ་མ་ཆུང་གསུམ་སོ་སོའི་ནད་གཡོག་བློ་མཐུན་རྣམས་ཀྱིས་ནད་གཡོག་དང་འབྲེལ་བའི་གཏམ་བཤད་དང་གྱེར་འདོན་ཅི་རིགས་ཤིག་བྱས་པའི་ཁོང་གསེང་ནས། རང་རེ་བོད་འདིར་ནད་གཡོག་དངོས(护士)ནི་སྤྱི་ལོའི་དུས་རབས་ནམ་དུས་ཤིག་ལ་དར་བ་ཡིན་ནམ་སྙམ་པ་དང་། དེ་ཡང་གསོ་རིག་རྒྱུད་བཞི་རུ་ནད་གཡོག་གསུངས་ཡོད་པ་ནི། དོན་དངོས་སུ་ད་ལྟའི་ནད་གཡོག་བཤད་པ་ཡིན་ནམ། ཡང་ན་ནད་པར་ཞབས་ཞུ་སྒྲུབ་པའི་ནད་པའི་ཁྱིམ་མི་ཡིན་མིན་བསམ་ཡུལ་དུ་འཁོར་བྱུང་བར་བརྟེན། ག་ཤེད་ཅིག་ལ་བསམ་གཞིགས་བྱས་པ་བརྒྱུད་རང་གི་རྨོངས་བློར་དེ་ནི་ནད་པའི་གཉེན་ཉེ་ཁྱིམ་མི་ལ་ནད་གཡོག་ཅེས་པ་ལས། དེང་དུས་ཀྱི་ལྭ་བ་དཀར་པོ་གྱོན་པའི་ནད་གཡོག(护士)དངོས་ནི་མ་ཡིན་པར་འདོད་པས། གཤམ་ནས་དེའི་ཐད་ནས་ཁ་བརྡ་ཅུང་ཙམ་བྱ་འདོད་བྱུང་སོང་།
གཅིག། ནད་གཡོག་སྒྲིན་བརྩེ་གཙང་སྦྲ་བློ་དང་ལྡན་ཞེས་པའི་ནད་གཡོག་གླེང་བ།
དེ་ཡང་རྒྱུད་བཞིའི་བཤད་རྒྱུད་ཀྱི་སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་ལས། ནད་གཡོག་སྒྲིན་བརྩེ་གཙང་སྦྲ་བློ་དང་ལྡན། །[1]ཞེས་པ་ནི་ད་སྐབས་ཀྱི་ནད་གཡོག(护士)དངོས་སུ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་པར་འདོད་དེ། དུས་རབས་བཅུ་དགུ་བ་དང་ཉི་ཤུ་པར་ཕྱི་རྒྱལ་དུ་ནན་ཏེན་གུ་ཨེར(南丁格尔)ཡིན་ན་འདྲ། རང་རྒྱལ་དུ་ནད་གཡོག་ཀྲོན་མོ་ཧྥང(钟茂芳)ལགས་ཡིན་ན་འདྲ། རྒྱལ་སྤྱི་དང་རྒྱལ་ནང་གི་ནད་གཡོག་ཐོག་མ་རུ་བརྩི་པས། རྒྱུད་བཞི་བརྩམས་གནང་མཛད་པའི་གཡུ་ཐོག་གསར་རྙིང་གི་དུས་སུ་བོད་ལ་ནད་གཡོག(护士)དངོས་མེད་པར་འདོད་དེ། «བེེ་སྔོན»དུ། ནད་པ་དང་འབྲེལ་བའི་ནད་གཡོག་དེ་ཡང་ནད་པའི་བཟའ་བཏུང་སོགས་དུས་ལས་མི་ཡོལ་བར་སྟེར་བ་ལ་སྒྲིན་ཞིང་བརྩོན་པ་དང་། །[2]ཞེས་གསུངས་པ་ལས་ཀྱང་། སྒྲིན་ཞིང་བརྩོན་པའི་ནད་གཡོག་དེས་ཀྱང་རང་གི་ཕ་མའམ། བུ་ཕྲུག་གམ། ཡང་ན་གཉེན་ཉེ་སོགས་གང་ལྟར་ནད་གཡོག་རང་གི་རང་མི་དེ་ལ་ཁམས་དང་འཕྲོད་པའི་བཟའ་བཏུང་དུས་ལས་མི་འདའ་བར་བསྟེན་དུ་འཇུག་པ་ཁ་གསལ་དུ་སྨྲས་འདུག །དེ་ལྟར་མ་ཡིན་པར་ད་ལྟའི་སྨན་ཁང་གི་ནད་གཡོག་དངོས་ཡིན་པའི་དབང་དུ་བཏང་ཚེ། དེས་ནི་ནད་ལ་སྨན་ཅི་ལྟར་བསྟེན་པ་དང་། ཁ་ཟས་ལ་མཉམ་འཇོག་ཚུལ་ཙམ་ལས། བཟའ་བཏུང་གཡོས་སྦྱོར་བྱས་ཏེ་དུས་ལྟར་བཟའ་རུ་འཇུག་པ་ཞིག་མཐོང་དཀོན་པ་དང་། ཡང་ཅིག་བཤད་ན་དེ་ནི་ནད་པའི་ཁྱིམ་མིའི་འོས་འགན་ཞིག་ལས་སྨན་ཁང་གི་ནད་གཡོག་པའི་ལས་ཀ་མ་ཡིན་ནོ། །བརྩེ་བ་ཞེས་པ་ཡང་། «བཤད་རྒྱུད་ཀྱི་འགྲེལ་བ་ངག་གི་སྒྲོན་མེ»རུ། ནད་ཀྱིས་ཉམ་ཐག་པ་ལ་ལྷག་པར་བརྩེ་བ།[3]ཞེས་པ་དོན་དུ་གནས་ཏེ། ནད་པ་དེའི་ཁྱིམ་མི་ནད་གཡོག་པ་དེས་རང་གི་ནད་པ་དེ་ལ་ནད་མ་བྱུང་བའི་དུས་ལས་ཀྱང་བྱམས་ཤིང་བརྩེ་བ་ཡིན་ཏེ། ནད་པ་བུ་ཕྲུག་དང་ནད་གཡོག་ཕ་མ་ཡིན་ན་སྨོས་ཅི་དགོས། གཞན་ཡང་ནད་པ་ཕ་མ་དང་ནད་གཡོག་བུ་ཕྲུག་ཡིན་པ། ཡང་ན་ནད་པ་ཆུང་མ་དང་ནད་གཡོག་སྐྱེས་པ་ཡིན་པ། ཡང་ན་ནད་པ་སྐྱེས་པ་དང་ནད་གཡོག་ཆུང་མ་ཡིན་པ་བཅས་སུ་ལ་མཚོན་ན་ཡང་། རང་གི་ནད་པ་དེ་ནད་ལས་ཐར་འདོད་ཀྱི་ཀུན་སློང་བཅོས་མ་མ་ཡིན་པ་དང་། སྔར་ལས་བྱམས་ཤིང་བརྩེ་བ་ནི་གོར་མ་ཆག །དེ་ལྟར་མ་ཡིན་པར་སྨན་ཁང་གི་ནད་གཡོག་པ་ཞིག་གིས་རང་གི་ཁྱིམ་མི་ལས་ཀྱང་ནད་པ་དེར་བྱམས་བརྩེས་གཡོར་སྐྱོང་བྱེད་མི་ནུས་པ་ཀུན་གྱིས་ཤེས་གསལ་ལྟར་རོ། །ཡང་གཙང་སྦྲ་ནི། ཁོང་བློ་བཟང་སྙན་གྲགས་ཚང་ནས། ཟས་གོས་སོགས་ལ་གཙང་སྦྲ་ཆེ་བ།[4]ཞེས་པ་ལྟར་ཡིན་ཏེ། ནད་པ་དེའི་ཁྱིམ་མི་ནད་གཡོག་པ་དེས་ནད་པའི་བཟའ་བཏུང་དང་གྱོན་པ་ལྷམ་དང་། ཐ་ན་གཅིན་སྐྱག་གི་སྣོད་དེ་ཆབ་ཐོ་བཅས་པར་ལྷག་བསམ་ཟོལ་མེད་ངང་གཙང་སྦྲ་ཡང་དག་བྱེད་པ་ལས། སྨན་ཁང་གི་ནད་གཡོག་པས་དེ་ལྟར་ཞབས་ཞུ་སྒྲུབ་མི་ཐུབ་པ་ནི་ཁ་མཐོང་ལག་ཟིན་ནོ། །བློ་དང་ལྡན་པ་ནི། ཁོང་གླིང་སྨན་བཀྲ་ཤིས་འབུམ་ནས། སྨན་པས་བསླབ་པ་ཀུན་ཤེས་པའི་བློ་དང་ལྡན་པ།[5]ཞེས་པ་སྟེ། སྨན་པས་ནད་པ་དེར་བཟའ་བཏུང་ཟ་ཚུལ་དང་སྨན་བསྟེན་སྟངས་སོགས་ཅི་ལྟར་ཡིན་པ། ནད་པའི་ཁྱིམ་མི་དེར་མངག་བཅོལ་བྱས་པ་ཇི་བཞིན་ནད་གཡོག་དེས་ཀྱང་ནན་ནན་ཏན་ཏན་གྱིས་བསྒྲུབས་པ་ལ་གོ་སྟེ། དེ་ལྟར་མིན་ན་སྨན་ཁང་གི་ནད་གཡོག་པ་ནད་པའི་འཁྲིས་སུ་དུས་ཚོད་ཉེར་བཞི་ལ་འདུག་ལོངས་བྲལ་པས། སྨན་པས་བསླབ་པ་བཞིན་ནད་པར་ཞབས་ཞུ་ཞིབ་ཚགས་སྒྲུབ་རྒྱུ་ནི་ཤིན་ཏུ་དཀའོ། །དེ་འདྲ་ཡིན་པའི་སྟབས་ཀྱིས་རྒྱུད་བཞི་རུ་གསུངས་པའི་ནད་གཡོག་ཅེས་པ་ནི་ནད་པའི་ཁྱིམ་མི་ལས་ད་ལྟའི་ནད་གཡོག(护士)དངོས་ནི་མ་ཡིན་པར་སྙམ་མོ། །གཉིས། རྒྱལ་སྤྱི་དང་ཀྲུང་གོར་ནད་གཡོག(护士)ནམ་དུས་བྱུང་ཚུལ།
སྤྱིར་རྒྱལ་སྤྱི་རུ་དུས་རབས་ནམ་ཞིག་ལ་དོན་གྱིས་ཕྱུག་པའི་ནད་གཡོག(护士)དངོས་སུ་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་སྤྱི་ལོ༡༨༢༠ལོར་དབྱིན་ཇིའི་ཁྱིམ་ཚང་འབྱོར་ལྡན་ཞིག་ཏུ་སྐྱེས་པའི་ནན་ཏེན་གུ་ཨེར(南丁格尔)ལགས་ཡིན་པར་ཀུན་གྱིས་ཁས་འཆེས་པ་དང་། ཁོ་མོ༡༨༥༣ལོར་དབྱིན་ཇིའི་རྒྱལ་ས་ལོན་ཏོན་གྱི་སྙིང་རྗེ་སྨན་ཁང་གི་ནད་གཡོག་འགོ་བར(护士长)བསྐོས། ༡༩༠༧ལོར་དབྱིན་ཇིའི་རྒྱལ་མོས་བྱས་རྗེས་ཅན་གྱི་གཟེངས་རྟགས་བསྩལ་པ་དང་། དེ་ནི་དབྱིན་ཇིའི་ལོ་རྒྱུས་སྟེང་བྱ་དགའ་འདི་བུད་མེད་ཅིག་གིས་རག་པ་ཐོག་མ་ཡིན་འདུག །དེར་མ་ཟད་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་ཡང་ཁོ་མོས་བཙུགས་འདུག །འོ་ན་རང་རེའི་ཀྲུང་གོ་རྒྱལ་ཁབ་ཏུ་ལོ་རབས་ག་དུས་ཤིག་ལ་ནད་གཡོག(护士)དངོས་སུ་བྱུང་འདུག་ཅེ་ན། ༡༩༠༩ལོར་ཅང་ཞིའི་གོ་ལེན(江西牯岭)དུ་ཀྲུང་དཔའ་ནད་གཡོག་ཚོགས་པ་ཚུགས། ཡིན་ན་ཡང་། དེ་དག་ཡོད་ཚད་ནི་ཕྱི་རྒྱལ་བ་ཀྲུང་གོར་སྡོད་པ་ཁོ་ན་ཡིན་པ་དང་། སྤྱི་ལོ༡༩༡༤ལོར་རྒྱལ་ཡོངས་ཀྱི་ནད་གཡོག་ཚོགས་ཆེན་དང་པོ་བསྡུས་ཤིང་། དེ་རུ་ད་གཟོད་ཀྲུང་གོའི་ནད་གཡོག་ཀྲོན་མོ་ཧྥང(钟茂芳)ལགས་ཞུགས་པས། ནད་གཡོག་བློ་མཐུན་ཀྲོན་མོ་ཧྥང་ནི་ཀྲུང་གོའི་ནད་གཡོག་ཐོག་མ་རུ་བརྩི་བ་རེད། གནས་ཚུལ་འདི་ལ་བལྟས་ཚེ་རང་རེའི་དཔལ་ལྡན་གསོ་རིག་རྒྱུད་བཞི་རུ་འཁོད་པའི་ནད་གཡོག་ཅེས་པ་ནི་དོན་དུ་ནད་པ་གཉོར་སྐྱོང་བྱེད་པའི་ནད་པའི་ཁྱིམ་མི་ཡིན་པ་ལས། ད་ལྟའི་ནད་གཡོག(护士)དངོས་ལ་གོ་བ་བླངས་ན་ནོར་འཛོལ་དུ་སེམས་སོ། །
གསུམ། མཇུག་གི་གཏམ།
འདི་ལྟར་རང་གིས་རྒྱུད་བཞིའི་ནད་གཡོག་སྒྲིན་བརྩེ་གཙང་སྦྲ་བློ་དང་ལྡན།ཞེས་པ་ནི་ནད་པའི་ཁྱིམ་མི་ཡིན་པ་ལས། ད་ལྟའི་ནད་གཡོག(护士)དངོས་ལྟ་བུ་མིན་པར་སྙམ་མོད། ཡིན་ན་ཡང་། མ་མཐོང་ཕྱིར་ན་མེད་པ་མིན་པས། འདི་ལ་མ་རྟོགས་ལོག་རྟོག་གི་ཆ་ཅི་མཆིས་བཟོད་པར་གསོལ་ལོ། །
དཔྱད་གཞིའི་ཡིག་ཆ།
[1] «བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །» གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས་༣བཏབ། p༨༥
[2] «རྒྱུད་བཞིའི་གསལ་བྱེད་བེེཌཱུརྱ་སྔོན་པོ། །» སྟོད་ཆ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། p༤༧༣
[3][4] «བཤད་རྒྱུད་ཀྱི་འགྲེལ་བ་ངག་གི་སྒྲོན་མེ།» བློ་བཟང་སྙན་གྲགས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༡༩༨༩ལོའི་ཟླ༧པར་པེ་ཅིན་དུ་པར་ཐེངས་༡པོ་བརྒྱབ་པ། p༣༩༠ p༣༩༠
[5] «གླིང་སྨན་པའི་རྒྱུད་བཞིའི་དཀའ་འགྲེལ།» གླིང་སྨན་བཀྲ་ཤིས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༧ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། p༡༥༩
2023-9-5
འབྲེལ་ཡོད་འོས་སྦྱོར།