༄༅། །ནད་བབ་ཆུང་ལ་སྨན་ག་འདྲ་བསྟེན་ན་འགྲིག ཧྲོང་བོ་ཚེ་བརྟན་རྒྱལ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-30
ཀློག་གྲངས།:
༄༅། །ནད་བབ་ཆུང་ལ་རིན་པོ་ཆེ་ཡི་སྨན་བསྟེན་ན་འགྲིག་མིན་གྱི་བགྲོ་གླེང་།
ཧྲོང་བོ་ཚེ་བརྟན་རྒྱལ།
དེ་ཡང་རང་ཉིད་གཞི་རིམ་ནད་ཐོག་གི་སྨན་པ་ཞིག་ཡིན་པ་དང་། ལོ་ངོ་མང་པོར་ནད་པར་གསོ་བཅོས་བྱས་པའི་བརྒྱུད་རིམ་ལས་སྨིན་པའི་བསམ་གཞིགས་ཤིག་ནི། ནད་ཕྲན་ཚེགས་ལ་ཐང་དང་ཕྱེ་མ་སོགས་སྤྱིར་བཏང་གི་སྨན་གཏོང་བ་ལས། རིན་པོ་ཆེ་ཡི་སྨན་བསྟེན་ཏུ་བཅུག་ཚེ་ཤིག་གི་སྟེང་ལ་སྟ་རེ་ཡི་དཔེ་རུ་འགྱུར་འགྲོ་བར་སྙམ་པ་དེའོ། །
དེ་ཡང«བཤད་རྒྱུད»ལས། སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། །སྐས་གདང་ལྟ་བུར་མས་འཛེག་རིམ་པས་བཅོས། །[1]ཞེས་པ་བཞིན་དུ་སྟོབས་ཆུང་ཕྲན་ཚེགས་ཀྱི་ནད་རྣམས་ལ་ཐོག་མར་མི་མཐུན་པའི་སྤྱོད་ལམ་ལ་འཛེམས་པས་ཆོག་ན་དེ་ལྟར་བྱེད་པ་དང་། སྤྱོད་ལམ་དང་ཁ་ཟས་གཉིས་ཀར་མཉམ་འཇོག་སྒོས་སྤང་བླང་བྱས་པས་རུང་བ་དག་ལ་དེ་བཞིན་བྱ་བ། སྤྱོད་ལམ་དང་བཟའ་བཏུང་གཉིས་ཀ་སྤྱོད་ཤེས་བྱས་པས་མ་ཕན་ན། ད་གཟོད་དེའི་གཉེན་པོའི་སྨན་བསྟེན་དགོས། སྨན་གྱིས་ཀྱང་སྐྱེད་མ་ཐོན་ན་དཔྱད་བཅོས་བྱ་དགོས་པ་སོགས། མས་ཀྱི་སྐས་གདང་ནས་སྟེང་གི་སྐས་ཐོག་ཏུ་འཛེག་པ་བཞིན་དུ་ཆུང་ངུ་ནས་ཆེན་པོའམ་ཡང་ན། བབ་ཆུང་ངུ་ནས་ཚབས་ཆེན་པོའི་བཅོས་གོ་རིམ་ལྟར་དུ་ལག་ལེན་ལ་འདེབས་དགོས་པ་བསྟན་ཡོད་པ་བཞིན་དུ། ན་ཚ་ཆེ་འབྲིང་ཆུང་གསུམ་ལ་གཉེན་པོའི་སྨན་བསྟེན་དུས་ཀྱང་། ནད་བབ་དང་བསྟུན་ཏེ་གང་ལ་གང་འཚམས་ཀྱི་བཅོས་བསྟེན་པ་ཞིག་སྟེ། «རྒྱུད»ལས། སྨན་ལ་ཞི་སྦྱང་གཉིས་ཏེ་ཞི་བྱེད་ལ། །ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ། །སྡེ་ཚན་ལྔ་ཞེས་སྤྱི་རུ་གྲགས་པ་ཡིན། །[2]ཞེས་པ་བཞིན་དུ། ཞི་བྱེད་སྨན་ལ་ཡང་ནང་གསེས་སུ་ནད་གང་ཡང་ཐོག་མར་སྨིན་སྡུད་འབྱེད་པ་ལ་ནུས་པ་རྣོ་མྱུར་དང་ལྡན་པ་ཐང་གི་སྦྱོར་བ་དང་། གལ་ཏེ་དེས་མ་སེལ་ན། ཕྱེ་མ་ཞེས་སྨན་གང་ཡང་གོང་བུར་ཡོད་པ་རྣམས་བཤིག་སྟེ་ཞིབ་མོར་བྱས་པ་ལ་ཞང་ཞུང་སྐད་དུ་ཏྲེས་སམ་དང་ཅུར་ནིས་སུ་འབོད་པ་སྟེ། དེ་ཡང་སྨན་སྣ་མཐུན་ཕྱོགས་སུ་བསྡེབས་ཤིང་ནད་ཀྱི་ངོ་བོ་གཞོམ་པ་དང་ཞུ་རྗེས་ཀྱི་ལས་བྱེད་པར་མྱུར་དལ་འབྲིང་བ་དེ་སྦྱོར་བ། ཐང་དང་ཕྱེ་མས་ནད་གཏིང་མ་ཐོན་ན། ཇི་སྐད་དུ། གང་ཞིག་སྨན་རྣམས་ཕྱེ་མར་འཐག །བརླན་གྱིས་སྦྲུས་ལ་གོང་བུར་འདྲིལ། །དེ་ལ་རིལ་བུ་ཞེས་བྱར་བཤད། །ཅེས་པ་ལྟར་གྱི་ཞི་བྱེད་རིལ་བུའི་སྦྱོར་བ་ནད་གཏིང་འདོན་པར་བསྟེན་དགོས། ལྡེ་གུ་ཞེས་པ་ལྡག་རྒྱུ་ལ་འཇུག་སྟེ། དེ་ཡང་རྩ་ཚིགས་པགས་པ་ལ་སོགས་པར་རྙིངས་ཤིང་ཞེན་པའི་ནད་ལྷག་འདོན་པ་ལ་ལྡེ་གུའི་སྦྱོར་བ་སྤྱོད་པ་སོགས། གང་ལྟར་ཞི་བྱེད་ཀྱི་སྨན་རྣམས་ཀྱང་ནད་གཅིག་གི་གསོ་བཅོས་ལ་མཚོན་ན་ཐང་ཕྱེ་སོགས་གོ་རིམ་སྒོས་གཏོང་བ་ཞིག་ཡིན་པས། ནད་བབ་ཆུང་བའི་བད་ཀན་བྲང་ཚ་ལྟ་བུ། ཅོང་ཞི་དྲུག་པ་བསྟེན་པས་ཆོག་པ་ཞིག་ལ་ཅོང་དྲུག་གཏོང་བ་ལས། ཐོག་མ་ཉིད་ནས་རིན་ཆེན་བཙོ་བཀྲུ་ཟླ་ཤེལ་མི་གཏོང་བ་དང་། གསར་དུ་བྱུང་བའི་མ་ཞུ་གསུད་ནད་ལྟ་བུ་ཞིག་ལ་ཞི་བྱེད་དྲུག་པ་དང་དྭགས་པོ་སྨན་ནག་སོགས་བསྟེན་དུ་འཇུག་པ་ལས། ཐོག་མ་ཉིད་ནས་རིན་ཆེན་མང་སྦྱོར་དང་ཡང་ན་གྲང་སྦྱོར་རིལ་ནག་ཆེན་མོ་སོགས་གང་འདོད་དུ་མ་བཏང་ན་འགྲིག་སྙམ། རྒྱུ་མཚན་ནི། ནད་ཆུང་ཆུང་ལ་ཐོག་མ་ཉིད་ནས་སྤྱིར་བཏང་གི་ཐང་ཕྱེ་རིལ་བུ་མི་གཏོང་བར། རིན་པོ་ཆེ་ཡི་སྨན་རྐྱང་རྐྱང་བཏང་བ་ཡིན་ན། གཅིག་ན་ཤིག་གི་སྟེང་དུ་སྟ་རེ་ཡིན་པ་དང་། གཉིས་ན་ཕྱིས་སུ་ནད་པ་དེ་ལ་ནད་ཚབས་ཆེན་རེ་བྱུང་བ་ཡིན་ན། ཐོག་མ་ཉིད་ནས་རིན་པོ་ཆེ་ཡི་སྨན་འདྲེད་ཐོན་ཡོད་པས། ཐང་དང་ཕྱེ་མ་སོགས་ཕུད་ཐ་ན་དེ་དུས་རིན་ཆེན་སྨན་གྱིས་ཀྱང་ཕན་དཀའ་བ་འབྱུང་སྲིད་སྙམ། གསུམ་དུ་ན་ཚ་བབ་ཆུང་བའི་ནད་པ་དབུལ་བོ་ལ་གང་འདོད་དུ་རིན་པོ་ཆེ་ཡི་སྨན་བཏང་ན་བླུ་ཡོན་གྱིས་ཀྱང་ཨར་ལ་གཏད་སྲིད། དེ་ལྟར་ནད་ཕྲན་ཚེགས་ལ་མཛོ་ཁལ་ལུག་ཁལ་བཞིན་གྱི་བཅོས་བསྟེན་ཏེ། ཐང་གིས་སེལ་བ་ལ་ཐང་དང་། ཕྱེ་མས་ཆོག་པ་ལ་ཕྱེ་མ། རིལ་བུ་དགོས་པ་ལ་རིལ་བུ་བཅས་འོས་འཚམས་ཀྱིས་གཏོང་བ་ལས། མཚན་སྙན་གྲགས་དང་རྒྱུ་འབྱོར་བའི་ཆེད་དུ་ནད་བབ་ཆེ་མ་ཆུང་གསུམ་ལ་གང་འདོད་འདོད་ཀྱིས་ཐོག་མ་ཉིད་ནས་རིན་པོ་ཆེ་ཡི་སྨན་མ་བཏང་ན་འགྲིག་སྙམ་པ་དང་། «རྒྱུད»ལས་ཀྱང་། ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་སོགས། །ཡང་ཡང་བསྟེན་པས་སྨན་འདྲེད་ནད་མ་ཐོན། །ཞི་བྱེད་ཀུན་གྱི་ལོག་གནོན་རིན་པོ་ཆེ། །[3]ཞེས་པ་དང་། དེ་ལ«བེེ་སྔོན»དུ། ཞི་བྱེད་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་རིན་པོ་ཆེའི་སྦྱོར་སྡེ་བཤད་པར་བྱ་དགོས་ཏེ། གང་གི་ཕྱིར་དུ་ཞེ་ན། སྔོན་དུ་བཤད་པའི་ཐང་དང་། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར་སོགས་གང་ཡང་ཡང་ནས་ཡང་དུ་བསྟེན་པས་སྨན་འདྲེད་ཅིང་ནད་མ་ཐོན་ན་ཞི་བྱེད་ཀུན་གྱི་ལོག་གནོན་ཞེས་པ་ནི་ནུས་པའི་དབང་དུ་སོང་ན་གཉེན་པོ་གོང་མ་རྣམས་ལས་ཉིས་ལོག་གི་ནུས་པ་དང་ལྡན་པ་དང་། བྱེད་ལས་ཀྱི་དབང་དུ་སོང་ན་ནད་དེ་ཚུར་མི་ལྡོག་པའི་ཁ་གནོན་ལྟ་བུ།[4]ཞེས་གསུངས་པ་ལས་ང་ཚོས་རྟོགས་ཐུབ་པ་ནི། ཐང་ཕྱེ་རིལ་བུ་སོགས་གོ་རིམ་བཞིན་དུ་ནད་བབ་དང་བསྟུན་ཏེ་ཡང་ཡང་བཏང་ཡང་དེ་དག་ལ་སྨན་འདྲེད་བྱུང་ནས་ཕན་མི་ཐོགས་ཤིང་ཐབས་རྡུགས་ཚེ། ད་གཟོད་དེ་དག་ལས་ནུས་པ་ཉིས་ལོག་མཆིས་པའི་རིན་པོ་ཆེ་ཡི་སྨན་གཏོང་དགོས་པ་དང་། ཡང་ན་ཐང་ཕྱེ་རིལ་བུ་སོགས་ཀྱིས་བཅོས་ཟིན་པའི་ནད་དེ་བསྐྱར་འཕར་མི་འབྱུང་བའི་ཁ་གནོན་བྱེད་པ་ལས། ནད་ཕྲན་ཚེགས་ཐང་ཕྱེས་ཕན་པ་ཞིག་ལ་ཐོག་མ་ཉིད་ནས་རིན་པོ་ཆེ་བསྟེན་དུ་མ་བཅུག་པ་ནི་མིག་མཐོང་ལག་ཟིན་འདུག་སྙམ་པ་དང་། ཞི་བྱེད་སྡེ་ཚན་བརྒྱད་དམ་དགུ་དང་། སྦྱོང་བྱེད་ལས་ལྔ་སྟེ་སྨན་ཞི་སྦྱང་གཉིས་ཀས་མ་ཕན་པར་ད་གཟོད་རིན་པོ་ཆེ་བསྟེན་དགོས་པ་ཡིན་པར་འདུག་སྟེ། མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་ནས། ནད་རྙིང་གཏིང་ཞེན་ཆེ་བས་ཡུན་རིང་དུ་ལོན་པ་ལ། སྨན་ཞི་སྦྱང་གཉིས་ཀྱིས་ནད་རྟིང་མ་ཐོན་པར་ནད་རོ་ལུས་པ་རྣམས་ལ་ནུས་པ་ལྡབ་གཅིག་གིས་ཆེ་བ་རིན་ཆེན་སྦྱོར་བ་བསྟན་པའི་དོན་ནོ། །[5]ཞེས་གསུངས་པ་ལས་རྟོགས་ནུས་ལ། དེང་དུས་ནད་ཐོག་ལག་ལེན་ཁྲོད་དུའང་། ན་ཚ་ཅི་རིགས་ལ་ཐང་ཕྱེ་རིལ་བུ་སོགས་ཞི་བྱེད་ཀྱི་རིགས་དང་། བཤལ་སྐྱུག་སོགས་སྦྱོང་བྱེད། ཐ་ན་གཏར་བསྲེག་སོགས་དཔྱད་བཅོས་ལག་ལེན་གང་ཡོད་སྤྱད་ནས་ཐབས་རྡུགས་པར་ད་གཟོད་རིན་པོ་ཆེ་ཡི་སྦྱོར་བ་བསྟེན་བཞིན་པ་མ་ཡིན་ནམ། དཔེར་ན། ཕོ་བའི་གཉན་སྐྲན་ལ་མཚོན་ན་ཡང་། གླ་རྩི་དང་རིན་ཆེན་གྲང་སྦྱོར་རིན་ཆེན་མང་སྦྱོར་རིན་ཆེན་བཙོ་ཐལ་སོགས་ཤས་ཆེར་བསྟེན་དུ་འཇུག་པ་ཡིས་ཀྱང་། རིན་པོ་ཆེ་ཡི་སྨན་ནི་ནད་ཚབས་ཆེན་ཞིག་ལ་ཞི་སྦྱོང་དཔྱད་བཅོས་ཀུན་གྱི་མཇུག་ཏུ་གཏོང་བ་ཞིག་ཡིན་པ་ལས། ནད་ཕྲན་ཚེགས་ཤིག་ལ་ཐོག་མ་ཉིད་ནས་མི་གཏོང་བ་ཀུན་ལ་གསལ་བཞིན་པ་ལྟར་རོ། །གོང་དུ་ཁོ་བོས་ཞི་བྱེད་སྡེ་ཚན་བརྒྱད་དམ་དགུ་ཞེས་ལོག་གནོན་རིན་པོ་ཆེ་མ་བརྩིས་པར་ཞི་བྱེད་སྡེ་ཚན་དགུ་ཞེས་པ་ནི། «དཔལ་ལྡན་རྒྱུད་བཞི»རུ། ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ལྔ། །སྡེ་ཚན་ལྔ་ཞེས་སྤྱི་རུ་གྲགས་པ་ཡིན། །འོན་ཀྱང་ཐལ་སྨན་ཁཎྜ་སྨན་ཆང་གསུམ། །སྡེ་ཚན་བརྒྱད་ཀྱིས་ཞི་བྱེད་སྦྱོར་བ་བསྟན། །ཞི་བྱེད་ལོག་གནོན་རིན་པོ་ཆེ་དང་དགུ། །གློ་བུར་ཐུག་ཕྲད་སྔོ་སྦྱོར་དེ་དང་བཅུ། །[6]ཞེས། ཐང་ཕྱེ་སོགས་ཞི་བྱེད་སྡེ་ཚན་བརྒྱད་ཀྱི་ལོག་གནོན་རིན་པོ་ཆེ་ཡིན་པས་སྡེ་ཚན་དགུ་བ་རུ་བགྲངས་ཤིང་། སྔོ་སྦྱོར་ནི་སྡེ་ཚན་བཅུ་བ་སྟེ་རིན་པོ་ཆེ་ཡི་རྗེས་སུ་བཀོད་འདུག་ཀྱང་། «རྒྱུད»ལས། གློ་བུར་ཐུག་ཕྲད་སྔོ་སྦྱོར་དེ་དང་བཅུ། །དེ་ཡང་སྡེ་ཚན་ལྔ་རུ་མ་འདུས་མེད། །[7]ཅེས་སྔོ་སྦྱོར་སྡེ་ཚན་ལྔ་རུ་འདུས་ཚུལ་གསུངས་པ་དང་། དེ་བྱེ་བྲག་གང་དུ་གཏོགས་ཞེ་ན། «བེེ་སྔོན»ལས། སྔོ་སྦྱོར་ཐང་གི་ཁོངས་སུ་བསྡུའོ། །[8]ཞེས་ཁ་གསལ་བ་ལྟར་དང་། «འབུམ་བཞི»ལས། ཐང་དང་ཕྱེ་མ་རིལ་བུ་ལྡེ་གུ་བཞི། སྨན་མར་སྡེ་དང་རྣམ་པ་ལྔ་རུ་ཕྱེ་བར་གྱིས། རྩ་བའི་སྦྱོར་སྡེ་ཡིན་པས་གཉེན་པོ་ཀུན་གྱི་རྗེ། གཉིས་པ་ཡན་ལག་སྦྱོར་བའི་སྡེ་ཚན་བློན་པོ་བཞི། ཐལ་སྨན་དང་ནི་ཁན་ངྷ་སྨན་ཆང་གསུམ། ཐུག་འཕྲད་སྔོའི་སྦྱོར་བ་དེ་དང་བཞི། བློན་པོའི་སྡེ་ཡིས་འདུ་བའི་ནད་རྣམས་སེལ། འཐོར་བུའི་ནད་ལ་ལྷག་པར་མཆོག་ཏུ་རྣོ། དེའི་ལོག་གནོན་རིན་ཆེན་སྦྱོར་བ་་་་་་།[9]ཞེས་ཡན་ལག་སྡེ་ཚན་བློན་པོའི་སྦྱོར་བ་བཞི་རུ་སྔོ་སྦྱོར་བགྲངས་ཡོད་པ་དང་། དེ་ལྟར་ཐང་ཕྱེ་སོགས་རྗེ་བོ་ལྟ་བུའི་རྩ་བའི་སྦྱོར་བ་ལྔ་ཡི་སྟེང་དུ། བློན་པོ་ལྟ་བུའི་སྔོ་སྦྱོར་སོགས་བཞི་བསྣན་ན་ཞི་བྱེད་སྡེ་ཚན་དགུ་མཆིས་ཤིང་། དེ་དག་གི་ལོག་གནོན་རིན་པོ་ཆེ་བགྲངས་ཚེ་ཁྱོན་སྡེ་ཚན་བཅུའོ། །བཀྲ་ཤིས་དཔལ་འབྱོར་བཟང་པོས་ཀྱང་། དེ་ཡང་ཆོས་སྐྱོང་བའི་རྒྱལ་པོ(པོས)སེམ(སེམས)ཅན་དུ་མ་བདེ་བ་ལ་འགོད་ནུས། སྟན(བསྟན)པ་དང་བསྟན་འཛིན་ལ་མཆེད་སྐུར་ནུས་པའི་རྒྱལ་པོ་དང་། འབྱོར་ལྡན་སྦྱིན་མཆོད་རྩོན(བརྩོན)པ་རྣམས་ཀྱི་དོན་དང་། སྔོ་སྦྱོར་ཡང་བསྟབ(ཡན་ཆད)ཞི་བྱེད་སྡེ(བརྒྱད)དམ་དགུ་པོ་ཐམས་ཅད་ཀྱི(ཀྱིས)མ་ཕན་པའི་ནད་སྙིངས(རྙིང)སྟིང(རྟིང)ཐོན་དཀའ་བ་རྣམས་ལ་ལོག་གནོན་རིན་པོ་ཆེའི་སྦྱོར་བ།[10]ཞེས་སྔོ་སྦྱོར་ཞི་བྱེད་སྡེ་ཚན་དགུ་བགྲངས་ཤིང་དེ་དག་གི་ལོག་གནོན་རིན་པོ་ཆེ་ཡིན་པ་ཁ་གསལ་བཀོད་འདུག།
འདི་ལྟར་བཤད་ཚེ«རྒྱུད»ལས། ནད་གཞི་མེད་པའི་མི་ལ་བཅུད་ལེན་འགྱུར། །[11]ཞེས་པ་ཅི་ལྟར་འགྲེལ་ཞེ་ན། དེ་ནི་ཕལ་ཆེར་མི་དྲག་སྐུ་དྲག་ཕྱུག་པོ་འབྱོར་ལྡན་རྣམས་ལ་དམིགས་ནས་གསུངས་པར་འདོད་དེ། «རྒྱུད»ལས། ཞི་བྱེད་སྡེ་བརྒྱད་རིན་ཆེན་སྦྱོར་བ་རྣམས། །གསོ་བྱའི་ནད་ལ་མི་སེལ་འགའ་མེད་ཀྱང་། །ནམ་ཞིག་ལྔ་བརྒྱའི་དུས་སུ་སླེབ་ཙམ་ན། །དབུལ་པོའི་ནད་པ་རྣམས་ཀྱིས་བསླུར་མི་ཐེག །[12]ཅེས་རིན་པོ་ཆེ་ཡི་སྨན་ནི་མི་སེར་ཕལ་པས་བླུ་མི་ནུས་པ་ཁ་གསལ་དུ་གསུངས་འདུག་པ་ལས་ཟུར་བལྟས་ལེབ་མཐོང་འདུག་ཅིང་། «ཕྱི་རྒྱུད་འགྲེལ་པ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད»ལས། ཁྱད་པར་བའི་བདག་པོ་ཆེན་པོ་རྣམས་དང་། བཞན(གཞན)ཡང་འབྱོར་ལྡན་ཐམས་ཅད་ལ་སྨན་གྱི་རྒྱུ་བཟང་ཞིང་། དྲི་མ་མེད་པ། དབུལ་འཕོངས་རྣམས་ལས་ཁྱད་པར་དུ་འཕགས་པ་དགོས་སྟེ(ཏེ)། རིན་པོ་ཆེའི་བསྡེ(སྡེ)ཚན་མེད་ཐབས་མེད།[13]ཅེས་པར་དཔྱད་ཚེ་སྔ་མོའི་དུས་སུ་མི་ཆེན་འབྱོར་ལྡན་ཚོས་ནད་མེད་ཅིང་བཅུད་ལེན་དུ་རིན་པོ་ཆེ་ཡི་སྨན་སྦྱོར་བསྟེན་པ་ཡིན་སྲིད་ཀྱང་། དེང་སྐབས་སྤྱི་ཚོགས་སུ་དེ་འདྲ་མཐོང་དཀོན་པ་དང་། ཡང་དོགས་པ་ཞིག་མཆིས་པ་ནི། འབྱོར་བ་ཇི་འདྲ་ལྡན་ཀྱང་། ཐ་མལ་ནད་མེད་ཀྱི་དུས་སུ་རིན་ཆེན་མང་དུ་བསྟེན་ནས་ལུས་ལ་གོམས་ཤིང་ཟུངས་སུ་ཞེན་པ་ཡིན་ན། མི་དེ་ལ་གལ་ཏེ་ཕྱིས་སུ་ན་ཚ་ཚབས་ཆེན་ཞིག་བྱུང་བ་ཡིན་ཚེ། དེ་དུས་སྤྱིར་བཏང་གི་ཐང་ཕྱེ་རིལ་བུ་ལྡེ་གུ་སྔོ་སྦྱོར་སོགས་ཕར་ཞོག །དེ་དུས་རིན་པོ་ཆེ་ཡི་སྦྱོར་བ་བསྟེན་ཡང་དེ་ལ་སྔ་མོ་ནས་སྨན་འདྲེད་བྱུང་ནས་ཕན་སྐྱེད་མེད་ན་ཅི་བྱ། ནད་ཐོག་ལག་ལེན་ཁྲོད་དུ་ནད་པ་ལ་ལས་ནམ་རྒྱུན་ཕོ་བའི་ནད་ལ་རིན་ཆེན་བཙོ་ཟླ་དང་རིན་ཆེན་མང་སྦྱོར། གླ་རྩིའི་ཁ་ཚར་ཕོན་ཆེན་ཅན་བཅས་བསྟེན་དྲགས་པས། ཕྱིས་སུ་སྤྱིར་བཏང་གི་སྨན་ཐང་ཕྱེ་སོགས་བསྟེན་ཚེ་ཕན་སྐྱེད་མེད་པ་མང་དུ་མཐོང་རྒྱུ་འདུག་པ་ལྟར་རེད། ཡང་གྲུམ་བུ་སོགས་ལ་ཕྱི་ལུགས་ཀྱི་སྐུལ་རྩིའི་སྨན་མང་དུ་སྤྱད་པས། རྗེས་མར་སྐུལ་རྩི་ལྡབ་ཉིས་འགྱུར་སུམ་འགྱུར་མ་འཐུང་ན་ཕན་མི་ཐོགས་པ། ཡང་ཆམ་པ་ཙམ་ལ་ཡང་ནུབ་ལུགས་སྲིན་འགོག་རྒྱུ་ཡི་གནམ་ཁབ་རྒྱག་པར་གོམས་ཆེས་པས། ཆམ་པ་བྱུང་བ་ཙམ་གྱིས་ནམ་ཡང་གནམ་ཁབ་མ་བརྒྱབ་ཚེ་ཀྲུང་སྨན་དང་བོད་སྨན་གྱི་ཁོང་བསྟེན་སྨན་གྱིས་ནུས་པ་མི་ཐོན་པ་སོགས་ཤིན་ཏུ་མང་། ཡིན་ན་ཡང་། ནུབ་སྨན་གནམ་ཁབ་ལ་གོམས་མེད་པ་དག་གིས་ཆམ་པ་ལ་བོད་སྨན་ནོར་བུ་བདུན་ཐང་དང་། གཙོ་བོ་བརྒྱད་པ་སོགས་བསྟེན་པས་ཆོག་པ་ལྟ་བུ་རེད། ཆང་འཐུང་འགའ་ཤས་ལ་གཤགས་བཅོས་བྱེད་སྐབས་བཟི་ལྡབ་མ་བསྐྱེད་ན། ཁོ་བཟི་ལ་ལོབས་ཤིང་འདྲེད་པས་མི་བཟི་པ་མ་ཡིན་ནམ། དེ་དག་ཀྱང་མཐར་གཏུགས་ཚེ་སྐུལ་རྩི་དང་སྲིན་འགོག་རྒྱུ། བཟི་སྨན། གླ་རྩི། རིན་པོ་ཆེའི་སྨན་སོགས་སོས་དལ་དུས་བསྟེན་མང་པས་འདྲེད་པ་དང་། བསྟེན་ཉུང་ན་ཕྱིས་སུ་ན་ཚར་ཕན་ནུས་མྱུར་བའི་དཔེ་མཚོན་ཙམ་དང་། དེ་དང་དེ་འདྲའི་རྒྱུ་མཚན་ལ་གཞིགས་ཏེ། ཁོ་བོའི་རྨོངས་བློར་འཆར་ཚུལ་ལྟར་ན། མི་དབུལ་ཕྱུག་མཐོ་དམན་སུ་ཞིག་ལ་མཚོན་ན་ཡང་། ནད་བབ་ཆུང་གི་སྐབས་དང་། ཡང་ན་ཐ་མལ་ནད་མེད་ཀྱི་དུས་སུ་གང་འདོད་འདོད་དུ་རིན་པོ་ཆེ་ཡི་སྨན་མ་བསྟེན་ན་ལེགས་སྙམ་མོ། །
དཔྱད་གཞིའི་ཡིག་ཆ།
[1][2][3][6][7][11][12] «བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །» གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས་༣པ་བཏབ། p༨༨ p༥༧༢ p༦༠༡ p༥༧༢ p༥༧༢ p༦༠༡ p༦༠༤
[4][8] «རྒྱུད་བཞིའི་གསལ་བྱེད་བེེ་ཌཱུརྱ་སྔོན་པོ། །» སྨད་ཆ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིང་དུ་པར་ཐེངས་དང་པོ་བརྒྱབ། p༡༦༦༦ p༡༥༩༩
[5] «གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང» ཁྲོ་རུ་ཚེ་རྣམ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ༡༠པར་པར་ཐེངས་དང་པོ་དཔར། p༢༡༥
[9] «གསོ་རིག་འབུམ་བཞི» དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། p༣༦
[10][13] «ཕྱི་རྒྱུད་འགྲེལ་བ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད» བཀྲ་ཤིས་དཔལ་འབྱོར་བཟང་པོས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས༢༠༢༢ལོའི་ཟླ༦པར་པེ་ཅིན་དུ་དཔར་ཐེངས་དང་པོ་བཏབ། p༦༢༥ p༦༢༤
འབྲེལ་ཡོད་འོས་སྦྱོར།