༄༅། །ཆུ་ཁོལ་གྱི་རྣམ་བཞག་ཕན་བདེའི་བདུད་རྩི།
རྩོམ་པ་པོ།:སྤེན་པ།
ཡོང་ཁུངས།:ཉིང་ཁྲིའི་བོད་སྐད་ཡིག་ལས་དོན་ཨུ་ལྷན།
དུས་ཚོད།:2023-12-08
ཀློག་གྲངས།:
༄༅། །བོད་ལུགས་གསོ་བ་རིག་པ་ལས་བསྟན་པའི་ཆུ་ཁོལ་གྱི་རྣམ་བཞག་ཕན་བདེའི་བདུད་རྩི།
དང་པོ། ཆུ་སྐོལ་གྱི་སྐོལ་སྟངས་བསྟན་པ།
དེ་ཡང་ཇི་སྐད་དུ། ནད་ལ་སྔ་བ་མ་ཞུ་བ་དང་སྨན་ལ་སྔ་བ་ཆུ་ཁོལ་ཞེས་པའི་ཁ་རྒྱུན་ལྟར་ང་ཚོས་ཆུ་སྐོལ་འཐུང་ཚེ་མ་ཞུ་བ་སོགས་ལུས་ཀྱི་ནད་གཞི་མང་པོ་སྔོན་འགོག་དང་། གསོ་བཅོས་བྱེད་པ་ལ་དམིགས་བསལ་གྱི་ཕན་ཐོགས་ཡོད་མོད། བཏུང་བ་ཆུའི་བཟང་ངན་དབྱེ་བའི་ཟིན་བྲིས་ཞེས་བྱ་བ་ལས། མ་བསྐོལ་ཆུ་ནི་དུག་ལྡན་ཆུ་རློན་བྱ་བ་ཡིན་པས་ནད་ཅན་རྣམས་ཕར་ཞོག་ནད་མེད་རྣམས་ཀྱིས་ཀྱང་དུས་བབས་དང་བསྟུན་ནས་འཐུང་བ་ཤིན་ཏུ་གལ་ཆེ་ཡིན་འདུག་ཅེས་གསུངས་པས། རྣམ་ཀུན་ནས་ཆུ་ལེགས་པར་སྐོལ་ཏེ་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དེ་ཡང་ཆུ་སྐོལ་སྟངས་ཐད་ལའང་ཇི་སྐད་དུ། ཡུལ་དུས་ལྕི་དང་ཡང་བ་ལས། །བཞི་ཆ་གསུམ་ཆ་ཕྱེད་གདུས་པར། །ལྦུ་བ་མེད་པར་བསྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་གསུངས་པ་ལྟར། ཆུ་དེ་གནས་སའི་ཡུལ་དང་སྐབས་དེའི་དུས་ཚིགས་མི་འདྲ་བར་གཞིགས་ནས། ཆུ་བསྐོལ་ལུགས་ཀྱང་མི་འདྲ་བ་ཡིན་ཏེ། དཔྱིད་སོས་ཀྱི་དུས་དང་གནས་ཡུལ་བརླན་གཤེར་ཅན་གྱི་ཡུལ་ནས་འབྱུང་བའི་ཆུ་ཡིན་ཚེ། དེའི་རང་བཞིན་ལྕི་བའི་ཁོངས་སུ་གཏོགས་པས། དུས་ཡུན་རིང་ཙམ་བསྐོལ་དགོས་ཏེ། རབ་བྱུང་ན་ཆུ་ཡི་བཞི་ཆ་གསུམ་བསྐོལ་ནས་ཆ་གཅིག་འཐུང་བྱར་སྤྱོད་དགོས། དེ་ནས་དབྱར་དགུན་གྱི་ཆུ་དང་གནས་ཡུལ་སྐམ་གཤེར་བར་མར་གནས་པའི་ཆུ་ཡིན་ཚེ་ཆུ་ཡི་གསུམ་ཆ་གཉིས་བསྐོལ་ལ་ཆ་གཅིག་འཐུང་བྱར་སྤྱོད་དགོས། དེ་ནས་སྟོན་གྱི་དུས་དང་གནས་ཡུལ་སྐམ་སར་གནས་པའི་ཆུ་ཡིན་ཚེ་ཆུ་ཡི་ཕྱེད་ཀ་བསྐོལ་ནས་ཕྱེད་ཀ་འཐུང་བར་བྱ་དགོས་པ་བསྟན་ཡོད། གལ་ཏེ་དེ་ལྟར་བསྐོལ་མ་ཐུབ་ཀྱང་། མ་མཐར་ཡང་ལྦུ་བ་མེད་པའི་བར་དུ་སྐོལ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་རེད། དེ་ལྟར་ཆུ་ལེགས་པར་སྐོལ་ན། ཆུའི་ནང་གི་འབུ་ཕྲའམ་དུག་སྲིན་རྣམས་གསོད་ཐུབ་པ་དང་། ད་དུང་ལུས་ལ་གནོད་པའི་ཆུའི་ནང་གི་གཏེར་དངོས་རྒྱུ་ཆ་ཕྲ་མོ་འགའ་ཞིག་ཀྱང་རླངས་པ་དང་མཉམ་དུ་ཡལ་འགྲོ་བས་ན་ས་གནས་རང་བཞིན་གྱི་གྲུམ་བུའི་ནད་དེ། དེང་རབས་གསོ་རིག་གི氟骨病ཞེས་པ་དེ་ལྟ་བུའི་ནད་གཞི་མང་པོ་ཞིག་སྔོན་འགོག་བྱེད་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དུས་རབས་བཅོ་བརྒྱད་པའི་ནང་ཁམས་ཕྱོགས་སུ་སྐུ་འཁྲུངས་པའི་བོད་ཀྱི་གསོ་རིག་མཁས་དབང་ཆེན་མོ་དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་ཀྱང་ཆུ་འཁོལ་ཙམ་དང་དྲོས་ཙམ་བྱེད་པ་ནི་བཅོས་མའི་དུག་ཆུར་གཏོགས་པ་ཤིན་ཏུ་ངན་པར་བཤད་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཆུ་ལེགས་པར་སྐོལ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པའོ། །དེང་སང་གློག་གི་ཆུ་སྐོལ་ཆས་མང་པོ་ཡོད་ཅིང་། སྤྱོད་སྟབས་བདེ་ལ་གཙང་སྦྲ་དོད་ཀྱང་། དེ་དག་མང་ཆེ་བ་ཞིག་ནི་ཆུ་དྲོད་ཚད་གང་ཙམ་ཞིག་ལ་སླེབས་ན་རང་བཞིན་གྱིས་གློག་སྒོ་བསད་ནས་བསྐོལ་མཚམས་འཇོག་གི་ཡོད་ཅིང་། གོང་དུ་བཤད་པའི་ཆུ་བསྐོལ་བའི་ཚད་གཞི་དང་མཐུན་གྱི་མེད་པས། དེའི་ཐད་ལའང་ཡིད་གཟབ་བྱེད་དགོས་པར་སྣང་།
གཉིས་པ། ཆུ་སྐོལ་གྱི་འཐུང་སྟངས་བསྟན་པ།
དེ་ཡང་ཆུ་སྐོལ་འཐུང་སྟངས་ཐད་བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་ལས། ཟས་ཟོས་བར་མཐའ་ཐོག་མར་སྐོམ་འཐུངས་ན། །ཉམ་འཚག་རན་ཞིང་སྦོམ་དང་སྐེམ་པར་གྱུར། །ཞེས་གསུངས་པ་ལྟར་བོད་ཀྱི་གསོ་རིག་གཞུང་ལས་བསྟན་པའི་ཆུ་སྐོལ་གཙོ་བོར་གྱུར་པའི་སྐོམ་གྱི་རིགས་རྣམས་བསྟེན་ཐབས་ཐད། ཁ་ལག་བཟའ་གིན་བཟའ་གིན་ལ་སྐོམ་བཏུང་ན། ཟས་སྐོམ་རྣམས་ལེགས་པར་འཇུ་ཞིང་ལུས་ཀྱི་སྦོམ་ཕྲ་སྙོམས་པ་སྟེ་གཟུགས་བྱད་ལེགས་པོ་ཡོང་བ་དང་། ཟས་ཟོས་ཚར་བའི་རྗེས་སུ་སྐོམ་བཏུང་ན། ལུས་ཤ་རྒྱགས་ཏུ་འགྲོ་ཐུབ་པ། ཡང་ཟས་མ་ཟོས་གོང་སྐོམ་མང་པོ་བཏུང་ན་ཟས་ཀྱི་དང་ག་འགག་པར་གྱུར་ཏེ་ལུས་ཤ་སྐམ་དུ་འགྲོ་བའི་ཁྱད་ཆོས་ལྡན་པའོ། །གཞན་ཡང་ཆུ་སྐོལ་འཐུང་བའི་དུས་ཚོད་ཀྱི་ཆ་ནས་བཤད་ན་ཉིན་ཞག་གཅིག་གི་ཞོགས་པ་སྔ་པོར་ལངས་མ་ཐག་ཁ་བཀྲུ་ལེགས་པར་བྱས་ཏེ་ཆུ་སྐོལ་དྲོ་འཇམ་ཧའོ་ཧྲེང༡༠༠ནས༢༥༠ཙམ་ཧུབ་གཅིག་གིས་བཏུང་ན། གཅིག་ནས་མཚན་མོའི་རིང་ཟད་པར་གྱུར་པའི་ལུས་ཀྱི་ཆུ་རྣམས་ཁ་གསབ་བྱེད་ཐུབ་པ་དང་། གཉིས་ནས་ཕོ་བ་དང་རྒྱུ་མ་སོགས་འཇུ་བྱེད་མ་ལག་ཏུ་གནས་པའི་བད་ཀན་དང་ཟས་སྐོམ་གྱི་སྙིགས་མ་རྣམས་མྱུར་དུ་ཕྱིར་འབྱིན་པར་ཕན་ཐོགས་ངེས་ཅན་ཡོད། ཡང་དགོང་མོ་མ་ཉལ་གོང་ཕྱི་པོ་ཆགས་ཚེ་ཆུ་སྐོལ་སོགས་སྐོམ་གྱི་རིགས་མང་པོ་འཐུང་རྒྱུ་མེད། ད་དུང་འཐུང་བྱེད་ཆུ་སྐོལ་གྱི་དྲོད་ཚད་ལ་ཆ་བཞག་ན། སྤྱིར་བཏང་ཆུ་སྐོལ་དྲོ་འཇམ་ཙམ་མ་གཏོགས་ཤིན་ཏུ་ཚ་པོ་འཐུང་རྒྱུ་མེད་ཅིང་། ཆུ་ཁོལ་ཚ་པོ་དེ་རྒྱུན་རིང་བཏུང་ན། ཕོ་བ་དང་མིད་པའི་བར་གྱི་པགས་པར་རྨ་བཟོས་པའི་ཉེན་ཁ་ཡོད། འོན་ཀྱང་སྐྱིགས་བུ་ལྡང་བའམ་ཆམ་པ་སོགས་ཕོག་པའི་ཚེ་སྐབས་འགར་དགོས་པའི་དབང་གིས་ཆུ་སྐོལ་ཚ་ཙམ་བཏུང་ན་སྐྱིགས་བུ་དང་ཆམ་པ། མ་ཞུ་བ་སོགས་སེལ་ཐུབ་པའི་ནུས་པ་ལྡན་ཡོད། ཡང་ཆུ་སྐོལ་འཐུང་བའི་མང་ཉུང་གི་ཚད་གཞིར་ཆ་བཞག་ན། སྐྱེས་བུ་དར་མ་ནད་མེད་ཅིག་གིས་ཚ་གྲང་སྙོམས་པའི་ཁོར་ཡུག་ཏུ་དྲག་ཤུལ་གྱི་ལས་ཀ་དེ་ཙམ་མ་བྱས་པའི་དབང་དུ་བཏང་ཚེ། དེས་ཉིན་གཅིག་ནང་ཆུ་ཧའོ་ཧྲེང༡༥༠༠ནས༢༠༠༠ཙམ་འཐུང་ན་འཚམ་པོ་ཡོད་པ་དེང་རབས་ཚན་རིག་ལས་བཤད་ཅིང་། གལ་ཏེ་ལུས་རྩལ་རྩེད་པ་སོགས་རྔུལ་ཆུ་མང་དུ་ཐོན་པའི་ལས་རིགས་དང་ཁོར་ཡུག་ཚ་བ་ཆེ་བའི་ནང་གནས་པ་ཡིན་ན། གོང་ལས་རིམ་པས་མང་བ་འཐུང་དགོས་པ་ཤེས་པར་བྱའོ། གཞན་ཡང་ཆུ་འཐུང་པའི་ཚེ་ན་ལམ་སེང་དུས་གཅིག་ཏུ་ཆུ་ཤིན་ཏུ་མང་པོ་འཐུང་བ་ནི་ལོག་པའི་སྤྱོད་ལམ་ཡིན་ཞིང་རབ་བྱུང་ན་དུས་གཅིག་ཏུ་མང་པོ་མ་བཏུང་བར་ལས་ཀ་བྱེད་ཞོར་དུ་ག་ལེར་མཆོད་པ་ནི་ཤིན་ཏུ་ལེགས་པའི་ཆུ་སྐོལ་བསྟེན་སྟངས་ཡིན་པའོ། །
གསུམ་པ། ཆུ་སྐོལ་གྱི་ཕན་ནུས་བསྟན་པ།
དེ་ཡང་རྒྱུན་དུ་ཆུ་སྐོལ་མང་ཙམ་བཏུང་ན་གཟུགས་གཞི་བདེ་ཐང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ཚུལ་རགས་ཙམ་གོང་གི་ལེན་ཚན་ནང་ཞུས་ཟིན་ཡང་། བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་དཔལ་ལྡན་རྒྱུད་བཞི་ལས། ཆུ་སྐོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམས་གསར་འཕྲལ་དུ་ལྡོག་པར་བྱེད། །ཅེས་གསུངས་པ་དེ་གལ་པོ་ཆེ་ལ་ནན་ཏན་ཚུལ་གྱིས་ཡང་བསྐྱར་ཞུས་པ་ཡིན། གཞན་ཡང་དཔལ་ལྡན་རྒྱུད་བཞི་ལས། སྣུམ་འཆོས་ཀུན་ལ་འཇུ་རྩི་ཆུ་ཚན་ཡིན་ཞེས་གསུངས་པ་ལྟར། དེང་སང་གི་མི་རྣམས་སྔོན་ཆད་དང་མི་འདྲ་བར་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་སྟབས། ཁ་ཟས་སྣུམ་ཞག་ཆེ་བའི་རིགས་བཟའ་རྒྱུ་མང་པོ་ཡོད་ཅིང་། དེ་ཟོས་དྲག་པའི་རྐྱེན་གྱིས་ལུས་ལ་ནད་གཞི་སྣ་ཚོགས་འབྱུང་བཞིན་ཡོད། གལ་ཏེ་དེའི་ཉེས་པ་ལྡོག་དགོས་དགོངས་ན་ཐབས་ཤེས་ཡག་ཤོས་དེ་ནི་ནམ་རྒྱུན་ནས་ཆུ་ཁོལ་མང་ཙམ་འཐུང་རྒྱུ་དེ་ཡིན་ཞིང་། ཆུ་ཁོལ་གྱིས་ཞག་ཚི་འཇུ་ཐུབ་པའོ། དེ་མིན་ནམ་རྒྱུན་ཁ་ཟས་བཟའ་སྟངས་མ་ཤེས་པའི་རྐྱེན་གྱིས་ཟ་མ་མ་འཇུ་བ་དང་ཕོ་བ་ན་བར་གྱུར་ཚེ་ཐོག་མར་ཆུ་སྐོལ་ཚ་རེག་བཟོད་ཙམ་བཏུང་ན་མི་བདེ་བ་དེ་རྣམས་སེལ་ཐུབ་པའོ། །
བཞི་པ། སྒ་ཆུ་འཐུང་བའི་ཕན་ནུས་བསྟན་པ།
དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་དག་ལས་གསལ་བ་ལྟར་ན། སྒ་ཆུ་ནི་མིའི་གཟུགས་པོ་བདེ་ཐང་ལ་ཤིན་ཏུ་ཕན་པའི་འཐུང་བྱ་ཞིག་ཡིན་པར་བསྟན་པ་དང་དེ་ཉིད་གྲང་ངར་ཆེ་བའི་ས་མཐོའི་ཡུལ་ལམ་ཡང་ན་བཞའ་ཚན་ཆེ་བའི་རོང་ཡུལ་གང་ལ་བལྟས་ཀྱང་མཆོག་ཏུ་གྱུར་པའི་འཐུང་བྱ་ཞིག་ཡིན་པ་སྟེ། རྒྱུ་མཚན་ནི་དེས་གཅིག་ནས་གྲང་བའི་ཡུལ་དུ་ལུས་ལ་དྲོད་སྐྱེད་ཐུབ་པ་དང་། གཉིས་ནས་མིའི་གཟུགས་པོའི་ནང་གི་གྲང་རླུང་དང་བཞའ་ཚན་སེལ་ཐུབ། དཔལ་ལྡན་རྒྱུད་བཞིའི་དགོངས་པ་ལྟར་ན།བད་ཀན་གྱི་ནད་ལ་སྒ་ཆུ་མང་ཙམ་འཐུང་དགོས་པར་བསྟན་པ་དང་སྒ་ཆུ་ནི་ཡང་ཞིང་རྩུབ་ལ་ངོ་བོ་དྲོ་བ་ཡིན་པས་ཕོ་བའི་བད་ཀན་སེལ་ཞིང་མེ་དྲོད་བསྐྱེད་པའི་འཐུང་བྱ་མཆོག་ཏུ་གྱུར་པ་ཞིག་ཡིན། ནམ་རྒྱུན་མི་འགའ་ཤས་ཆུ་སྐོལ་རྐྱང་པ་ཁོ་ན་འཐུང་ཚེ་ཕོ་བ་ཅུང་མི་བདེ་བ་ཆགས་མཁན་གྱི་རིགས་ཤིག་ཡོད། དེའི་རིགས་ཀྱིས་ཆུ་སྐོལ་རྐྱང་པ་མིན་པར་ཆུ་སྒོལ་ནང་སྒ་སྐྱ་རློན་པའམ་ཡང་ན་སྐམ་པོ་ཅུང་ཟད་སྦངས་ནས་བཏུང་ན་མི་བདེ་བ་དེ་དག་སེལ་ཐུབ་པ་མ་ཟད་གཟུགས་གཞི་ཁྱོན་ཡོངས་ཀྱི་བདེ་ཐང་ལའང་ཤིན་ཏུ་ཕན་པོ་ཡོད། དེ་བས་ཕོ་བ་ནི་བད་ཀན་གྱི་ཡུལ་ཡིན་པས་རྣམ་ཀུན་ནས་ཆུ་སྐོལ་ལ་སྒ་བཏབ་པའི་སྒ་ཆུ་མང་ཙམ་བཏུང་ན་ཕོ་བའི་བདེ་སྲུང་ལ་ཕན་པ་ཆེན་པོ་ཡོད་དེ། དཔལ་ལྡན་རྒྱུད་བཞི་ལས། སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཁྱགས་འཇུ། །ཞེས་གསུངས་པ་ལྟར་སྒ་ཆུ་འཐུང་ན་ཕོ་བའི་མེ་དྲོད་སྐྱེད་པ་དང་ཕོ་བའི་ནང་དུ་གནས་པའི་བད་ཀན་བེ་སྣབས་སོགས་སྙིགས་མ་རྣམས་བཞུ་བར་བྱེད་པ་དང་ཤ་རུས་དོན་སྣོད་ལ་གནས་པའི་རླུང་རྣམས་སྒ་ཆུའི་དྲོད་ཀྱིས་ཞི་བར་བྱེད་པ། ཁྲག་རྩ་དང་དོན་སྣོད་སོགས་ལ་གནས་པའི་ཁྲག་འཁྱགས་ཏེ། ཁྲག་རོ་འདྲིལ་བ་རྣམས་བཞུ་བར་བྱེད་པ། མ་སྨིན་ཚ་བ་རྣམས་སྨིན་པར་བྱེད་པ། ས་མཐོའི་རང་བཞིན་གྱི་ཁྲག་འཕེལ་ནད་ཀྱི་ཁྲག་སླ་རུ་གཏོང་བའི་ནུས་པ་ལྡན་པ། ཁྲག་གི་འཁོར་རྒྱུན་ལེགས་སུ་གཏོང་བ། མངལ་དང་མཁལ་རྐེད་སོགས་ཀྱི་གྲང་བ་སེལ་ཐུབ་པ། ལྷག་པར་དུ་གནམ་གཤིས་གྲང་ངར་ཆེ་བའི་དུས་དང་། ཟ་མ་སོགས་འཇུ་དཀའ་བའི་དུས་སུ་སྒ་ཆུ་འཐུང་ན་ཤིན་ཏུ་ཕན་པོ་ཡོད། ཡང་གནམ་གཤིས་དྲོ་གྲང་བརྗེ་བའི་དུས་སུ་སྒ་ཆུ་འཐུང་ན་དེས་ཆམ་པ་སྔོན་འགོག་བྱེད་ཐུབ། ཡིད་གཟབ་བྱེད་དགོས་པ་ཞིག་ལ་ལུས་ལ་ཚད་པ་རྒྱས་པའི་སྐབས་སུ་སྒ་ཆུ་བཏུང་མི་རུང་བ་ཤེས་པར་བྱའོ། །
ལྔ་པ། ཆུ་སྐོལ་སྐོལ་གྲང་གི་ཕན་ནུས་བསྟན་པ།
དེ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་ན། ཆུ་སྐོལ་གྲང་དེ་ཆུ་གྲང་མོའི་ནང་ནས་མཆོག་ཏུ་གྱུར་པ་ཞིག་ཡིན་པ་སྟེ། དཔལ་ལྡན་རྒྱུད་བཞི་ལས། སྐོལ་གྲང་བད་ཀན་མི་སྐྱེ་མཁྲིས་པ་སེལ། །ཞེས་གསུངས་པ་ལྟར། ཆུ་སྐོལ་ཚད་དང་ལྡན་པ་སྐོལ་ཏེ་གྲང་མོ་བཟོས་པའི་ཆུ་དེ་བཏུང་ན། ནམ་རྒྱུན་གྱི་ཆུ་གྲང་མོ་དང་མི་འདྲ་བར་ཕོ་བའི་ནང་བད་ཀན་མི་སྐྱེ་སྟེ། སྤྱིར་ན་ཕོ་བ་ནི་བད་ཀན་གྱི་ཡུལ་ཡིན་པས། ཆུ་གྲང་མོ་ཐད་ཀར་བཏུང་ན་ཕོ་བའི་ནང་བད་ཀན་སྐྱེད་སྲིད་མོད། ཆུ་སྐོལ་སྐོལ་གྲང་བཟོས་ཏེ་བཏུང་ན་དེའི་ཉེས་པ་ལྡོག་ཐུབ་པ་སྟེ། བད་ཀན་མི་སྐྱེ་བ་སྔ་མའི་མཁས་པ་རྣམས་ཀྱིས་བཤད་པའོ། །གཞན་ཆུ་སྐོལ་གྲང་དེ་ངོ་བོ་བསིལ་བ་ཡིན་པས་ན་མཁྲིས་པ་ཚ་བའི་ནད་གཞི་རྣམས་ཞི་བར་བྱེད་ཐུབ་ལ། ལྷག་པར་དུ་ཡུལ་ཚ་བ་ཆེ་བའི་གནས་དང་དྲག་ཤུལ་གྱི་ལས་ཀ་བྱེད་པའི་སྐབས་ཆུ་སྐོལ་གྲང་བཏུང་ན། ལུས་བསིལ་བར་བྱེད་ཐུབ་པ་གང་ཞིག་ཕོ་བའི་ནང་བད་ཀན་མི་སྐྱེ་བའི་ཁྱད་ཆོས་ལྡན་པས་ཆུ་གྲང་མོའི་ནང་ནས་མཆོག་ཏུ་གྱུར་པ་ཞིག་ཡིན་པའོ། །
དྲུག་པ། ཞག་གཅིག་ལོན་པའི་ཆུ་ཁོལ་གྱི་ཉེས་དམིགས་བསྟན་པ།
དེ་ཡང་བླ་མས་གསུངས་ཚད་ཆོས་མིན་པ་ལྟར། ཆུ་ཁོལ་བཏུང་ཚད་ལུས་ལ་ཕན་པ་མིན་ཏེ། བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན། ཆུ་དྲོས་ཙམ་བྱེད་པ་དང་ཆུ་འཁོལ་ཙམ་བྱེད་པ་ནི་ཆུ་ངན་པའི་ཁོངས་སུ་གཏོགས་པ་དང་ལྷག་པར་དུ་ཆུ་བསྐོལ་ཚར་ནས་ཉིན་ཞག་ཕྲུགས་གཅིག་ལུས་པ་སྟེ་དེ་རིང་ཞོགས་པ་སྐོལ་བའི་ཆུ་དེ་སང་ཉིན་ཞོགས་པ་བཏུང་ན་གཟུགས་པོ་བདེ་ཐང་ལ་ཧ་ཅང་གནོད་པར་གསུངས་པ་སྟེ། དཔལ་ལྡན་རྒྱུད་བཞི་ལས། ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་བསྐྱེད། །ཅེས་གསུངས་པས་ན། ང་ཚོས་ནམ་རྒྱུན་ཉིན་ཞག་གཅིག་ཇ་དམ་ནང་ལུས་པའི་ཆུ་སྐོལ་དེ་བཏུང་མི་རུང་བ་ཤིན་ཏུ་ངན་པ་ཡིན་པ་ཤེས་དགོས་ཏེ། ཆུ་དེའི་ནང་ནད་འབུ་ཕྲ་མོ་མང་པོ་བསྐྱེད་སྲིང་བྱས་ཡོད་སྲིད་ལ། ཆུ་ཡི་ངོ་བོ་ཡང་ལྕི་རུ་སོང་ཡོད་པས་ན་མིའི་བདེ་ཐང་ལ་གནོད་པ་ངེས་ཅན་ལྡན་པ་སྤང་དགོས་སོ། །ཡང་ཁ་ཅིག་གིས་ཞག་གཅིག་ལུས་པའི་ཆུ་དེ་ཡང་བསྐྱར་ཚ་པོ་བཟོས་ནས་འཐུང་གི་ཡོད་མོད། དེའང་མི་འགྲིག་པ་སྟེ། ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ན་ཆུ་སྐོལ་ཡང་བསྐྱར་སྐོལ་ཏེ་བཏུང་ན། འབྲས་སྐྲན་གྱི་ནད་གཞི་སོགས་ཕོག་ཉེན་ཡོད་པར་བསྟན་པས་ཆུ་སྐོལ་འཐུང་སྐབས་གསར་དུ་སྐོལ་ཏེ་འཐུང་དགོས་པ་ལས་རྙིང་པ་ཡང་བསྐྱར་སྐོལ་ནས་འཐུང་ན་མི་འགྲིག་པ་ཤེས་པར་བྱའོ། །མདོར་ན་ང་ཚོས་ནམ་རྒྱུན་ཆུ་སྐོལ་འཐུང་སྐབས་གནས་སྐབས་གང་དགོས་དུས་སུ་གསར་དུ་སྐོལ་ནས་འཐུང་བ་ལས།ཞག་གཅིག་ལོན་པ་སོགས་དུས་ཡུན་རིང་པོ་ཉར་ཚགས་བྱས་པའི་ཆུ་སྐོལ་ནི་འཐུང་མི་རུང་བའོ། །
མཇུག་ཏུ་སྨྲས་པ།
ཆུ་རྣམས་ཀུན་ལས་སྐོལ་བ་མཆོག་ཡིན་ཞིང་། །
དེ་ཡི་སྐོལ་ཚུལ་ལ་སོགས་གོང་བསྟན་བཞིན། །
ལེགས་པར་ཤེས་ཚེ་རང་གི་ལུས་ཕུང་ལ། །
ཕན་བདེའི་གྲུ་ཆར་བསྙིལ་བར་ཐེ་ཚོམ་མེད། །
དེ་ཡི་སྐོལ་ཚུལ་ལ་སོགས་གོང་བསྟན་བཞིན། །
ལེགས་པར་ཤེས་ཚེ་རང་གི་ལུས་ཕུང་ལ། །
ཕན་བདེའི་གྲུ་ཆར་བསྙིལ་བར་ཐེ་ཚོམ་མེད། །
དཔྱད་གཞིའི་ཡིག་ཆ།
༡ དཔལ་ལྡན་རྒྱུད་བཞི།
༢ ཤེལ་གོང་ཤེལ་ཕྲེང་།
༣ གཙང་སྨན་པའི་སྨན་ཡིག་གཅེས་བསྡུས།
༤ ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་པ་ཚིག་དོན་ཟླ་ཟེར།
འབྲེལ་ཡོད་འོས་སྦྱོར།