logo

གསོ་རིག་སློབ་མས་དཔྱད་རྩོམ་འབྲི་སྐབས་ཀྱི་བསམ་གཞིག་འཁྱེར་སོ་བདུན།

རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-31 ཀློག་གྲངས།:
གཏན་ཚིགས་ཀྱི་བསམ་གཞིག(逻辑思维)
       དཔྱད་རྩོམ་གྱི་སྒྲོམ་གཞི་དང་རྩོད་སྒྲུབ་ཀྱི་གོ་རིམ་ཁྲོད་དུ་ངེས་པར་དུ་ཚགས་དམ་པའི་གཏན་ཚིགས་རང་བཞིན་ཆགས་དགོས། ཐོག་མར་ཞིབ་འཇུག་གི་དྲི་བ་བཏོན་པ་ནས། ཞིབ་འཇུག་གི་རྒྱབ་ལྗོངས་དང་དམིགས་ཡུལ། དེ་ནས་ཞིབ་འཇུག་གི་ཐབས་ལམ་ངོ་སྤྲོད། ཞིབ་འཇུག་གི་འབྲས་བུ་སྒྲོགས་པ། དེ་ནས་བགྲོ་གླེང་དང་སྡོམ་ཚིག་འགོད་པ་བཅས་ཀྱི་བརྒྱུད་རིམ་སོ་སོའི་བར་དུ་གསལ་ཞིང་ཐིང་ལ་གཏན་ཚིགས་ཀྱི་འབྲེལ་ལམ་དམ་པོ་ཡོད་དགོས་པ་མ་ཟད། གོང་འོག་འབྲེལ་ཆགས་པ། ཀློག་པ་པོས་བཀླག་ཡོང་དུས་རྩོམ་པ་པོའི་བསམ་གཞིག་གི་འགྲོས་དང་མཉམ་དུ་ཞིབ་འཇུག་གི་གོ་རིམ་ཡོངས་སུ་རྫོགས་པར་ཀློག་བདེ་ལ་རྟོགས་སླ་བ་ཞིག་དགོས།
མཐའ་དཔྱོད་ཀྱི་བསམ་གཞིག(批判性思维)
       ཡིག་ཚང་ལྟ་ཀློག་དང་ཞིབ་འཇུག་ཇུས་འགོད། ཞིབ་འཇུག་གི་འབྲས་བུ་ལ་དབྱེ་ཞིབ་བྱ་བའི་ཁྲོད་དུ་མཐའ་དཔྱོད་ཀྱི་བསམ་གཞིག་དང་རྣམ་འགྱུར་ངེས་པར་དུ་ཡོད་དགོས། ཡིག་ཚང་མཐོང་ཚད་བདེན་པ་ཡིན་པའི་ངེས་པ་མེད་པས་རྨོངས་དད་མི་བྱེད་པར། སྲོལ་རྒྱུན་ལ་དོགས་སློང་བྱས་ན་ད་གཟོད་ཞིབ་འཇུག་གི་མི་འདང་ས་བསྐོང་ཐུབ་ཅིང་སྔར་ཡོད་ཀྱི་གྲུབ་འབྲས་འཐུས་ཚང་ལ་གཏོང་བ་དང་རང་གི་ལྟ་བ་གསར་བ་འདོན་ཐུབ་པ་ཡིན།
གསར་གཏོད་ཀྱི་བསམ་གཞིག(创新思维)
       ཤར་ནུབ་རྒྱལ་ཁབ་ཀྱི་གསོ་བ་རིག་པའི་ཚན་རིག་འཕེལ་རྒྱས་གོམ་འགྲོས་མྱུར་བའི་སྐབས་འདིར་བོད་ཀྱི་གསོ་རིག་གི་སློབ་མ་ཚོ་ལའང་གསར་གཏོད་ཀྱི་བསམ་གཞིག་ཡོད་དགོས་ཏེ། ད་ཡོད་ཀྱི་སློབ་སྦྱོང་དང་ཞིབ་འཇུག་གི་རྨང་གཞིའི་སྟེང་ནས་ཞིབ་འཇུག་གི་ཁ་ཕྱོགས་གསར་བ་བཙལ་ཏེ། ཞིབ་འཇུག་གི་གནད་དོན་དང་ཁ་ཕྱོགས་གསར་བ་བཏོན་ནས་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་སྐུལ་ཤུགས་གསར་བ་སྣོན་དགོས་པ་མ་ཟད། མིག་སྔའི་དཀའ་ཁག་སེལ་བ་ལ་བསམ་ཕྱོགས་དང་ཐབས་ལམ་གསར་བ་འདོན་སྤེལ་བྱེད་དགོས།
བརྒྱུད་རིམ་ལྡན་པའི་བསམ་གཞིག(系统思维)
       གསོ་བ་རིག་པ་ནི་སྲོལ་རྒྱུན་དང་དེང་རབས། ཤར་ཕྱོགས་དང་ནུབ་ཕྱོགས། སྤྱི་ཚོགས་དང་འཚོ་བ། སྐྱེ་ཁམས་དང་གོམས་གཤིས། ཟས་སྤྱོད་སོགས་རིག་གནས་སྣེ་མང་ལ་འབྲེལ་བའི་རིག་ཚན་ཞིག་ཡིན་པས། རང་གི་དད་མོས་དང་ལངས་ཕྱོགས་ཁོ་ན་སྲ་མཁྲེགས་སུ་མི་འཛིན་པར་འགྲོ་བ་མིའི་འཚོ་ཚིས་སྤྱི་ནས་བྱེ་བྲག་མི་རིགས་དང་ལུང་པ། ཡང་ན་ཕྱིའི་ཁོར་ཡུག་ནས་ནང་གི་དོན་ལྔ་སྣོད་དྲུག་སོགས་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་བརྒྱུད་རིམ་ཧྲིལ་བོ་ལ་བསམ་གཞིག་བཏང་ནས་འཐུས་ཚང་ཞིང་གཏིང་ཟབ་པ། ཆེད་དུ་བྱེ་བྲག་གི་གནད་དོན་སྟོན་ཞིང་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་གི་ལས་ལ་ཞུགས་དགོས། 
གཞི་གྲངས་ཀྱི་བསམ་གཞིག(数据思维)
       གསོ་རིག་སློབ་མ་ཞིག་ལ་མཚོན་ན་ལུང་འདྲེན་ཁོ་ནའི་ནང་མགོ་འཁོར་སྡོད་པ་ལས་གཞི་གྲངས་ལ་ཡིད་རྟོན་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་དགོས། གཞི་གྲངས་འཚོལ་སྡུད་དང་ཉར་ཞིབ། དབྱེ་འབྱེད། གསེད་བཀྲོལ་བཅས་བྱས་ནས་སྡོམ་རྩིས་རིག་པའི་ཐབས་ལམ་གྱིས་གཞི་གྲངས་ལ་དཔྱད་འབྲས་འགོད་པ། གཞི་གྲངས་ལས་རིན་ཐང་ལྡན་ཞིང་དོན་སྙིང་ཅན་གྱི་བརྗོད་བྱ་འཚོལ་བ། གཞི་གྲངས་ཀྱིས་ཞིབ་འཇུག་ལ་མཇུག་འབྲས་འགོད་རྒྱུ་ཧ་ཅང་གལ་ཆེན་ཡིན།
ལག་ལེན་གྱི་བསམ་གཞིག(临床思维)
       ང་ཚོས་གསོ་རིག་སློབ་མ་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་གཙོ་ཤོས་དེ་སྤྱི་ཚོགས་སྒང་ལ་སོང་ནས་ནད་པ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། མང་ཚོགས་ལ་ནད་བཅོས་བྱེད་པ་དང་ནད་བཅོས་སྨན་རྫས་འཐུ་སྒྲུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་དགོས་པས། ནད་ཐོག་ལག་ལེན་ལ་ཞིབ་འཇུག་བྱས་ནས་རིན་ཐང་ལྡན་ལ་ནད་བཅོས་སྤུས་ཚད་མཐོ་རུ་འདེགས་ཐུབ་པའི་ལག་ལེན་སྣ་མང་བསགས་ཏེ་དོན་སྙིང་ལྡན་པའི་དཔྱད་རྩོམ་འབྲི་དགོས། གཞུང་དོན་དང་ཞིབ་འཇུག་གི་འབྲས་བུ་དེ་ནད་ཐོག་ཏུ་བེད་སྤྱོད་བྱས་ནས་སྨན་བཅོས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ། ཞིབ་འཇུག་དཔྱད་རྩོམ་དེ་ཉིད་ནད་ཐོག་ལ་དོན་སྙིང་དང་ལག་ལེན་དངོས་ཀྱི་ཁྲོད་རིན་ཐང་ག་ཚད་ལྡན་པར་བསམ་གཞིག་གཏོང་དགོས།
མི་ཆོས་ཀྱི་བསམ་གཞིག(伦理思维)
       གསོ་རིག་ཞིབ་འཇུག་ནི་མིའི་ཀུན་སྤྱོད་ཀྱི་འཕེལ་རྒུད་དང་འཚོ་བའི་གོམས་གཤིས། བྱ་སྤྱོད་ཀྱི་ཚད་གཞི། མི་དང་མིའི་བར་གྱི་འབྲེལ་ལམ་སོགས་སྣ་མང་ལ་རག་ལས་ཡོད་པས། མི་ཆོས་ཀུན་སྤྱོད་ལ་བསམ་གཞིག་གཏོང་བ་ནི་ཚེ་སྲོག་དང་བདེ་ཐང་གི་འགོ་ཁུངས་ལ་གཏུགས་ཡོད་པ་མ་ཟད། མི་ཆོས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་པ་སྟེ། དཔྱད་རྩོམ་གྱི་ནང་དུ་གཏིང་ཟབ་མོས་མི་ཆོས་ལ་ཞིབ་འཇུག་བྱས་ཐོག་ཞིབ་འཇུག་བྱ་ཡུལ་གྱི་ཐོབ་དབང་དང་གསང་བ་ལ་སྲུང་སྐྱོབ་བྱེད་དགོས།
       མདོར་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཏང་གི་ཡང་དག་པའི་བྱ་བའི་མཛུབ་སྟོན་ལག་བསྟར་རྒྱུན་འཁྱོངས་བྱེད་པ། བོད་སྨན་གྱི་ལས་རིགས་འདིས་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་དང་། འབད་འབུངས་སྒོས་མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བཅས་བྱས་ནས་གསོ་རིག་ཞིབ་འཇུག་གི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཏེ་མེས་རྒྱལ་གྱི་སྲོལ་རྒྱུན་གསོ་རིག་ལས་བོད་ཀྱི་གསོ་བ་རིག་པ་དར་རྒྱས་ཕུན་ཚོགས་སུ་གཏོང་ཆེད་མི་སྒེར་བ་རེ་རེ་ནས་ནུས་ཤུགས་འདོན་ཞིང་ལེགས་སྐྱེས་འབུལ་བར་སྤུས་ཀ་དང་རིན་ཐང་ལྡན་པའི་དཔྱད་རྩོམ་འབྲི་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།