logo

༄༅། །འབྲོང་རུ་དམར་དང་འབྲེལ་བའི་བདེ་ཐང་། ཧྲོང་བོ་ཚེ་བརྟན་རྒྱལ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-11-13 ཀློག་གྲངས།:
༄༅། །འབྲོང་རུ་དམར་དང་འབྲེལ་བའི་བདེ་ཐང་།
ཧྲོང་བོ་ཚེ་བརྟན་རྒྱལ།
 
       བོད་མཐོ་སྒང་ནི་འབྲོང་གི་ཕ་ས་ཡིན་པས། དམངས་ཁྲོད་ལ་གཞས་ལས་ཀྱང་། རྫ་ཡག་པ་རྫ་སྐེད་ཕྲ་མོ། །རྭ་ཡག་པའི་བྲེ་སེར་འབྲོང་མོ། །རྭ་ཡག་པའི་ཡིད་སེམས་ཨེ་དྲང་། །རྭ་ཡག་པའི་ཡིད་སེམས་དྲང་ན། །ངས་རྫ་རི་མི་ཉུལ་ཁྱོད་སྒུག །ཅེས་པ་ལྟ་བུ་དང་། གླུ་ཤགས་ལས་ཀྱང་། ང་བྲེ་སེར་འབྲོང་གི་རྭ་བར་ན། །མཚོན་ཆ་ར་མ་རིག་ཁྲ(སྣ་མ་སྣ་ཚོགས)ཡོད། །རྭ་ཅི་ལྟར་གཡུགས་ན་གཡུགས་རྐྱང་ཡིན། །ཞེས་པ། ཡང་ཁ་དཔེར། འབྲོང་རྭ་ཁ་ཅན་པོ་རྫ་ལ་གཤར། སྟག་ཐིག་ལེ་ཅན་པོ་ནགས་ལ་སོང་། ཁྱི་རྔ་མ་ཅན་པོ་ཤུལ་དུ་ལུས། ཞེས་པ་སོགས་ལས་བོད་རིགས་སྤུན་ཟླ་དག་ནི་རི་དྭགས་འབྲོང་གི་ཁོར་ཡུག་ཏུ་གནས་པས་འབྲོང་དང་འབྲེལ་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་མཆིས།
       དེ་ལས་འབྲོང་རུ་དམར་ཞེས་པ་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། དེ་ནི་འབྲོང་ཁྱུ་དང་གྱེས་ནས་ཁེར་རྐྱང་དུ་འགྲོ་བར་དགའ་བ་དང་། དཔའ་རྩལ་ཆེ་བས་སྟག་དར་དམར་ཐུག་ཀྱང་ཧ་ལ་འཕེན་པར་བྱེད་པ་ཞིག་ཡིན། སྤྱིར་འབྲོང་གཡག་ནི་རྒྱ་རྒྱ་ཁ་སྐྱ་དང་། དབོ་ཞབས་ཀྱི་རྩིད་པ་གཡག་དང་བསྡུར་ན་ཉུང་བས་ཐེ་ཧ་ཡིན། རུ་ཐུར་ནག་པོ་ཡིན་ཡང་འབྲོང་རུ་དམར་གྱི་རྭ་ཅོ་ཅུང་དམར་ཤས་ཆེ་བ་དང་། ད་དུང་ལ་ལའི་རྭ་རྩེ་རུ་འབྲོང་བེའུ་ཡིན་དུས་ཀྱི་བེའུ་རྭ་ཡང་མཆིས་ཟེར། འབྲོང་རུ་དམར་གྱི་ལུས་བོངས་ནི་དེ་འདྲའི་ཆེན་པོ་ཞིག་མ་ཡིན་པར་མཐོང་མ་ཐག་ཏུ་འབྲོང་མོ་ལྟ་བུ་ཡིན་པ་མང་ཟེར། འབྲོང་གཡག་ཁྱུ་ཞིག་དང་འཕྲད་པ་ལས་འབྲོང་རུ་དམར་གཅིག་ལ་ཐུག་ན་ཉེན་ཁ་ཆེ་བ་ཡིན། འབྲོང་རུ་དམར་ནི་ཆུང་བེའུ་དང་ཡ་རུ་ཡིན་དུས་འབྲོང་མོ་སྟག་དང་སེང་གེ་སྤྱང་ཀི་དྲེད་མོང་སོགས་ཀྱིས་བསད་པའམ། ཡང་ན་རྦབ་འོག་ཏུ་ཤོར་བ། ཡང་ན་རྔོན་པས་བསད་པ་སོགས་གང་ལྟར་འབྲོང་མོ་བསད་པས་བེའུ་ཁ་དྭ་ཁེར་རྐྱང་དུ་ལུས་པས་དཀའ་ཚེགས་བཟོད་མེད་མྱང་། འབྲོང་ཁྱུ་རུ་སོང་ན་འབྲོང་མོ་གཞན་དག་གིས་རང་རང་གི་བེའུ་ལ་ནུ་མ་སྣུན་པ་ལས། བེའུ་དྭ་ཁོ་རང་ལ་སྡང་མིག་བགྲད་ཀྱིན་རྭས་བསྣུན་པ་དང་འཕྲ་ཡིས་བརྒྱབ་པ་སོགས་ལ་བརྟེན་ནས་འབྲོང་ཁྱུའི་མཐའ་རུ་ཁེར་རྐྱང་དུ་ལུས། དེ་ལྟར་འབྲོང་ཁྱུ་དང་གྱེས་ནས་ཁེར་རྐྱང་དུ་སུན་སྣང་དང་སྤྱང་ཀི་སོགས་གཅན་གཟན་གྱི་འཇིགས་སྐྲག་གི་ཁྲོད་ནས་ནར་སོན་པ་ཡིན་པས། སྙིང་ཡང་ནད་པར་གྱུར་བ་ལ་བརྟེན་ནས་གཤིས་རྒྱུད་ཀྱང་རྩུབ་པོར་གྱུར་བ་ཡིན། དེ་བས་ནར་ཆེར་སོན་ནའང་ཁེར་རྐྱང་དུ་འདུག་པ་དང་དཔའ་རྩལ་ཆེ་བས་རྭ་རྩེར་སྟག་སེང་སོགས་འཛེར་བ་ལའང་དཀའ་ངལ་མེད་ཟེར། འབྲོང་རུ་དམར་གྱིས་དབྱར་དུས་སྦྲང་མ་རྭ་བར་དུ་འཕུར་བ་དང་། དགུན་དུས་རིལ་མ་རླུང་གིས་ཁུར་འགྲོ་བ་རྭ་རྩེ་གཉིས་ཀྱི་རུ་བར་ནས་ལྒང་ལི་རྒྱག་རྒྱག་བྱེད་ཐུབ་ཟེར། གནའ་དུས་ངེད་ཅག་གི་སྡེ་བའི་མེས་པོ་སྐོར་ཞིག་ལྷ་སར་ཇོ་མཇལ་དུ་སོང་པའི་གསར་ལམ་ནས་འབྲོང་རུ་དམར་ཞིག་ལ་འཕྲད་པ་དང་། ཉག་ཁ་ཞིག་ནས་འབྲོང་རུ་དམར་དེས་གསར་ལམ་བཀག་པ་མ་ཟད། མཐའ་མཇུག་གསར་བའི(ངའི་ཕ་ཡུལ་ནས་ལྷ་སར་མཇལ་དུ་འགྲོ་བའི་མཇལ་བར་གསར་བ་ཟེར་ཞིང་།ཇོ་མཇལ་བྱས་ཏེ་ཕྱིར་ཐོན་པར་འཚམས་འདྲི་བྱེད་དུ་འགྲོ་བར་ཡང་གསར་སྔོན་དུ་སོང་བ་ཟེར།)རུ་ཐོག་ཏུ་རྒྱུགས་དུས་རྭ་རྩེ་གཉིས་ས་རུ་དྲུད་དེ་སྣ་ནང་ནས་ཧར་སྒྲ་ཆེན་པོ་འདོན་བཞིན་ས་རྒོད་སྤང་ས་ཞིང་ས་བརྔོ་བརྔོ་བྱས་ནས་ཐོན་ཡོང་དུས། རྒད་པོ་དཔའ་བོ་ཞིག་ཡོད་པ་དེས་སྔ་མོ་ནས་བོའུ་རྭ་སར་གདབས་ཏེ་བསྒུགས་ཡོད་པས། དེ་མ་ཐག་འབྲོང་རུ་དམར་གྱི་ཐོང་གའི་སྙིང་གསང་ལ་གཏད་དེ་མེ་མདའ་བརྒྱབ་ནས་བསད་སོང་ཟེར།
རི་མོ་བ་པདྨ་དབང་གྲགས།
       དཔའ་རྩལ་ལྡན་པའི་རྒད་པོ་དེ་འདྲ་ཞིག་མེད་པ་ཡིན་ཚེ་རུ་དམར་དེས་གསར་བའི་མཇལ་བ་རྒན་རྒོན་བྱིས་པ་སྐྱེས་པ་བུད་མེད་ཁལ་མ་བཞོན་རྟ་སོགས་ཤུལ་མེད་བཟོ་ངེས་རེད་ཅེས་ང་རང་ལོ་ན་ཆུང་དུས་གནའ་མི་རྒན་པ་ཚོས་ཁ་བརྡ་བྱེད་པ་ཐོས་མྱོང་ཡོད། དེ་ལྟར་འབྲོང་ཞེས་ན་རི་དྭགས་ཤིག་ཡིན་པ་དང་ང་ཚོ་དང་བར་ཐག་རིང་པས་དེ་བདེ་ཐང་དང་འབྲེལ་བ་མེད་པར་འདོད་མི་རུང་སྟེ། ད་ལྟའི་སྤྱི་ཚོགས་སུ་འབྲོག་པ་ཚོ་འབྲོང་དང་འབྲེལ་འདྲེས་ཧ་ཅང་མང་སྟེ། དཔེར་ན། ཐེམ་ཆེན་བྲག་དཀར་གྱི་མུ་རིའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་འདབ་རོལ་ནས་རྒྱང་ཤེལ་ལས་འབྲོང་ལྔ་བརྒྱ་ཙམ་བརྩི་ཐུབ་པར་འདུག་ཟེར་ཞིང་། ད་དུང་འབྲོང་གཡག་ལ་ལ་འབྲོག་པའི་ནོར་ཁྱུར་ཡོང་ནས་འབྲི་དང་སྡེབ་ནས་བེའུ་འབྲོང་ཚ་སྐྱེ་ཟེར། འབྲོག་པའི་འབྲི་མོ་སོགས་ཀྱང་འབྲོང་ཁྱུ་རུ་སོང་ན་ཕྱིར་དེད་ཡོང་ཐབས་མི་འདུག་ཟེར། ད་དུང་སྐྱེ་རྒུའི་ཆུ་དམར་ལེབ་དང་སྟོད་མངའ་རིས། བྱང་མི་མེད་ལུང་པ་བཅས་སུ་འབྲོང་མང་པ་ནི་ང་ཚོས་ཤེས་གསལ་ལྟར་དང་། ན་ནིང་གཞེས་ནིང་ཞིག་ལ་ང་རང་མགོ་ལོག་རྭ་རྒྱ་བརྒྱུད་ནས་ཡོང་དུས། འབྲོག་པའི་ནོར་ཁྱུ་ཞིག་ཏུ་འབྲོང་གཡག་རྭ་ཆེན་པོ་ཅན་བལྟས་ན་འཇིགས་ཡེར་པ་མང་པོ་འདུག་པ་མཐོང་མྱོང་ཡོད། ད་དུང་ངའི་ཕ་ཡུལ་གྱི་ཕྱུགས་རྫི་རྣམས་ཀྱི་ཁ་བརྡ་རུ་ཡང་ཅིག་ཅིག་ཚང་གི་འབྲོང་ཚ། ཉིག་ཉིག་ཚང་གི་འབྲོང་ཚ་ཟེར་རྒྱུ་མང་པོ་འདུག་པ་མ་ཟད། འབྲོང་ཚ་རིན་གོང་མཐོན་པོས་ཉོས་ཏེ་ནོར་ཁྱུ་རུ་བརྒྱབ་འདུག་པ་ཡང་མང་པོ་འདུག། དེ་ལྟར་འབྲོག་པས་འབྲོང་དང་འབྲོང་ཚ་ནོར་ཁྱུར་འཚོས་ན། སྤྱང་ཀིའི་ཉེར་འཚེ་ཟློག་པར་མི་བཟང་རྒྱུ་མི་འདུག་མོད། ཡིན་ན་ཡང་། འབྲོག་པའི་ལུས་སྲོག་བདེ་ཐང་གི་ཕྱོགས་ནས་བཤད་ན་དེ་ནི་ཧ་ཅང་ཉེན་པ་ཅན་ཞིག་ཡིན་ཏེ། འབྲོང་དང་འབྲོང་ཚར་རང་བཞིན་གྱིས་དཔའ་སྙིང་ཆེ་ཞིང་། རྭའི་བསྣུན་ཤུགས་ཆེ་བ། གཤིས་ཀ་རྩུབ་ཅིང་ཞེ་སྡང་ཆེ་བ། རུ་ཐུར་རྣོ་བ་བཅས་ཡིན་པས། གན་གན་ཚང་གི་འབྲོང་ཚས་ཉིག་ཉིག་ལ་རྭས་བསྣུན་ཏེ་ཅུང་ཙམ་མིན་ན་བསད་སོང་། ཉིག་ཉིག་ཚང་གི་འབྲོང་ཚ་ཡ་རུ་ཡིན་ཡང་རྭ་ཤུགས་ཆེ་པས་ཅིག་ཅིག་ལྒང་ལི་ལྟར་གཡུགས་སོང་། ཟེར་བ་སོགས་བཤད་རྒྱུ་མང་པོ་འདུག་པ་མ་ཟད། ༢༠༢༤ལོའི་ཟླ༡༡པའི་ཚེས༡༠ཉིན་ང་རང་ཕ་ཡུལ་དུ་སོང་སྟེ། རུ་ཁ་ཁྱིམ་མཚེར་རུ་ཉུལ་བྱས་ཏེ་ཁ་བརྡ་སྣ་ཚོགས་ལབ་པའི་ཁྲོད་ནས། ངའི་ཨ་ནེས་ཉིག་ཉིག་ལ་འབྲོང་ཚས་རྭས་བསྣུན་ཏེ་རྨས་ཕོག་ནས་ཟི་ལིང་གི་སྨན་ཁང་ཆེ་ས་ཞིག་ཏུ་བུད་སོང་ཅེས་ལབ་བྱུང་། སྐད་འཕྲིན་གྱི་བརྙན་ཞིག་ཏུ་འབྲོག་པའི་ནོར་ཁྱུ་རུ་འབྲོང་ངམ་འབྲོང་ཚ་ཞིག་མཆིས་པ་དེས། འབྲོག་མོ་ཞིག་ཨོང་སྤུངས་ཆེ་བ་ཞིག་གི་རྒྱབ་ཏུ་མགྱོགས་མྱུར་གྱིས་གབ་པ་མིན་རྒྱུ་ན། འབྲོང་དེས་དེད་དེ་རྭ་འགོར་ཡུང་རྡོག་ལྟར་འཛེར་ལ་ཁད་བྱས་པ་མཐོང་མྱོང་ཡོད། གང་ལྟར་ཁོ་བོའི་བརྒྱ་བཤད་ཚིག་གི་རྩ་བ་དང། སྟོང་དཀྲུགས་འོ་མའི་མར་ལོ། རུམ་ལ་བཅུག་རྒྱུའི་བྲོ་དང་། ཡིད་ལ་འཛིན་རྒྱུའི་ཚིག་ཅིག་བཤད་འདོད་པ་ནི། འབྲོག་པ་རྣམས་ཀྱིས་རང་གི་ཚེ་སྲོག་བདེ་ཐང་དང་ཆུང་མའི་བདེ་ཐང་། ཕ་མའི་བདེ་ཐང་། བུ་ཕྲུག་གི་བདེ་ཐང་། མི་གཞན་གྱི་བདེ་ཐང་བཅས་ཀྱི་ཆེད་དུ། མི་མེད་ས་སྟོང་བརྒྱུད་དུས་རི་དྭགས་འབྲོང་ལ་དོགས་ཟོན་བྱེད་དགོས་པ་དང་། ཁྱད་པར་དུ་ད་ནས་བཟུང་འབྲོང་དང་འབྲོང་ཚ་ནོར་ཁྱུ་རུ་མི་འཚོ་བའི་རེ་བ་སྙིང་ནས་ཞུའོ། །
འབྲེལ་ཡོད་འོས་སྦྱོར།