སྡེ་དགེ་རྒྱུད་བཞི་ཤིང་པར་མ་དང་ལྕགས་པར་མ་གཉིས་མཉམ་བསྡུར་ལས་བྱུང་བའི་ལ་སྨན་ལ་རྩི་སྨན་ཞེས་བཅོས་པ་བགྲོ་བ།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-03-30
ཀློག་གྲངས།:
ལྕགས་པར་དུ། སྨན་དུ་སྔོ་ཐང་རྩི་སྨན་ཐུན་མོང་གསུམ། །[1]ཞེས་པ་ལ་ཤིང་པར་དུ། སྨན་དུ་སྔོ་ཐང་ལ་སྨན་ཐུན་མོང་གསུམ། །[2]ཞེས་བཀོད་འདུག་པ་ལས། རྩི་སྨན་དང་ལ་སྨན་ཞེས་རྩ་ཚིག་མི་འདྲ་བ་གཉིས་མཆིས་པས། དེ་གཉིས་ཀྱི་དོན་སོ་སོ་བྱས་ཏེ་གོ་བ་བླངས་ཚེ། དང་པོ་རྩི་སྨན་ནི། ནད་འཇོམས་ཤིང་ལུས་ཟུངས་གསོ་བའི་རྩི་བཅུད་དང་ལྡན་པའི་སྨན་གྱི་རིགས་ཤིག་གི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། རྩི་སྨན་ནད་འཇོམས་ཟུངས་གསོ་བའི། །དབང་རིལ་བྲག་ཞུན་ལྟ་བུའི་མིང་། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། རྩི་སྨན་ནི། ནད་གཞིལ་ཞིང་ཟུངས་སྐྱེད་པར་བྱེད་པའི་རྩི་བཅུད་ཅན་གྱི་སྨན་ག་བུར་དང་ཛཱ་ཏི་ལྟ་བུ་ཤིང་ལས་བྱུང་བའི་སྨན་དང་། དབང་རིལ་དང་དོམ་མཁྲིས་ལྟ་བུ་སྲོག་ཆགས་ལས་བྱུང་བའི་སྨན། གུར་གུམ་ལྟ་བུ་སྔོ་ལས་བྱུང་བའི་སྨན། བྲག་ཞུན་ལྟ་བུ་རྡོ་ལས་བྱུང་བའི་སྨན་ལྟ་བུ་ལ་ཟེར་ཞིང་ཐམས་ཅད་རིགས་གཅིག་ཏུ་ནི་མ་ངེས་སོ། །[3]ཞེས་པ་དང་། ལ་སྨན་ནི། ལ་སྨན། བོད་དུ་མི་སྐྱེ་བའི་ཨ་བར་སྐྱུར་གསུམ་ལྟ་བུ་རྒྱ་གར་ནག་སོགས་ནས་འཁྱེར་ཡོང་བའི་སྨན་གྱི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། བོད་དུ་མེད་པའི་སྨན་གྱི་མིང་། ཞེས་གསུངས་པ་ལྟར་རོ། །[4]ཞེས་པ་དང་། དེ་ལས་གསལ་པོར་རྟོགས་ཐུབ་པ་ནི། ལ་སྨན་ཞེས་པ་འདི་མཐར་གཏུགས་ན། བོད་དུ་མེད་པའི་སྨན་གྱི་མིང་ཡིན་པ་དང་། དེའང་ལ་མཐོན་པོ་མང་པོ་བརྒྱུད་དེ་རྒྱ་གར་ནག་བལ་བོ་སྟག་གཟིག་ཨོ་རྒྱན་སོགས་ནས་ནང་འདྲེན་བྱས་ཏེ་ཁྱེར་ཡོང་བའི་འབྲུ་སྨན་ཡིན་ན་འདྲ། རྩི་སྨན་ཡིན་ན་འདྲ། ཤིང་སྨན་ཡིན་ན་རུང་། རིན་པོ་ཆེ་ཡིན་ན་འདྲ། དེ་དག་གི་མིང་ཡིན་པ་ནམ་ལངས་ལངས་ཉི་མ་ཤར་ཤར་འདུག །

དེ་འདྲ་ཡིན་པའི་སྟབས་ཀྱིས་གོང་དུ་བཤད་པའི་རྩི་སྨན་ལ་མཚོན་ན། ཐམས་ཅད་ཕྱིའི་རྒྱལ་ཁབ་དང་ཕྱི་ལོགས་ནས་ནང་འདྲེན་བྱས་ཏེ། ལ་རྒྱབ་ནས་ཁྱེར་ཡོང་བའི་ངེས་པ་མི་འདུག་སྟེ། དཔེར་ན་རྩི་སྨན་ལས་བྲག་ཞུན་ལྟ་བུ་བོད་རང་ས་རང་ཡུལ་ན་ཡོད་པ་སྟེ། བདུད་རྩི་སྨན་གྱི་འཁྲུངས་དཔེ་ལས། ཐོན་ཡུལ། བོད་ལྗོངས་སུ་ཡོད་ཅིང་། ལྷག་ཏུ་གླིང་རྫོང་དང་། སྨན་གླིང་། སྤོ་ཡུལ། ཙ་རི་སོགས་ནས་འབྱུང་བ་སྤུས་ཚད་ཧ་ཅང་ལེགས་པོ་ཡོད།[5]ཅེས་པ་དང་། དོམ་མཁྲིས་ལ་མཚོན་ན་ཡང་། ལ་རྒྱབ་ནས་ཁྱེར་ཡོང་མི་དགོས་པར་བོད་རང་ཡུལ་ན་མཆིས་ཏེ། ཀརྨ་ཆོས་འཕེལ་མཆོག་ནས། ཐོན་ཡུལ། ཀོང་པོའི་ས་ཁུལ་དང་། སྤོ་ཡུལ། སྨན་གླིང་། གྲོ་མོ། སྐྱིད་གྲོང་། གཉའ་ནང་སོགས་ནགས་ཚལ་ཡིན་པའི་ས་ཁུལ་ནས་ཐོན།[6]ཞེས་གསུངས་པ་དང་། དག་ཡིག་གསར་བསྒྲིགས་དག་བཅོས་མ་ལས། རྩི་སྨན་ནི་སྤྱིར་བཏང་དུ་རང་བྱུང་གི་སྨན་རྫས་གླ་རྩི་དང་ཤྭ་རྭ། གི་ཝང་སོགས་སྲོག་ཆགས་ལས་བྱུང་བའི་སྨན་གྱི་མིང་།[7]ཞེས་ཀྱང་གསུངས་འདུག་པ་དང་། དེ་ཡི་གླ་རྩི་དང་ཤྭ་རྭ་བོད་རང་དུ་མཆིས་པ་ཀུན་ལ་གསལ་བཞིན་པ་ལྟར་དང་། དེ་ལྟར་དེ་དག་ལ་གཞིགས་ཏེ་བསམ་བློ་བཏང་ཚེ། དེ་ལས་ལ་སྨན་དུ་རྩི་སྨན་མཆིས་ཀྱང་། རྩི་སྨན་ཡོད་དོ་ཅོག་ལ་སྨན་ཡིན་པའི་ངེས་པ་མ་མཆིས་པས། སྡེ་དགེ་རྒྱུད་བཞི་ལྕགས་པར་མ་ལས་རྩི་སྨན་ཞེས་པ་ལས། སྡེ་དགེ་རྒྱུད་བཞི་ཤིང་པར་མའི་ལ་སྨན་ཞེས་པ་དེར་གོ་དོན་ཟབ་པར་འདོད། དེ་ལྟར་ལ་སྨན་ཞེས་བཀོད་པའི་སྨན་གཞུང་གཙོ་བོ་གང་དག་འདུག་ཅེ་ན། བཻ་སྔོན་ལས། ལ་སྨན་གྱི་སྦྱོར་བ་དེ་ལའང་ཚད་སྟོབས་ཤིན་ཏུ་ཆེ་བ་ལ་ག་བུར་གྱིས་གཙོ་བྱས་ནས་སྦྱར། ཚད་སྟོབས་འབྲིང་ལ་ཙནྡན་དཀར་པོ། སྟོབས་ཆུང་བ་ལ་གི་ཝང་གིས་གཙོ་བྱས་པའི་སྦྱོར་བ་དེ་ཚད་སྟོབས་དང་སྦྱར་བ་གཅེས་སོ། །[8]ཞེས་པ་དང་། མེས་ཞལ་ལས་ཀྱང་། ག་བུར་ལ་སོགས་པ་བསིལ་བའི་ལ་སྨན་རྣམས།[9]ཞེས་བཀོད་འདུག ། གཞན་ཡང་གསོ་རིག་མཁས་དབང་རྗེ་བསྟན་འཛིན་དོན་གྲུབ་མཆོག་ནས། རྒྱུད་བཞིའི་པར་མི་འདྲ་བ་བཅུ་གཉིས་བསྡུར་དཔྱོད་མཛད་པའི་ནང་ནས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགུང་གྲངས་སོ་བརྒྱད་པར་གྲྭ་ཐང་གི་རྒྱུད་བཞི་པར་བཤུས་མང་པོས་ཆད་ལྷག་ནོར་གསུམ་ཤོར་བའི་རིགས་བསྐྱར་བཅོས་ཞུས་དག་གནང་པའི«རྩེ་པོ་ཏ་ལའི་པར་རྗེས་མ»དང་། བོད་ལྗོངས་ལྷོ་ཁ་གྲྭ་ཐང་དུ་སྡེ་བ་ཡར་རྒྱབ་པས་སྦྱིན་བདག་དང་ཟུར་མཁར་བ་བློ་གྲོས་རྒྱལ་བོས་ཞུས་དག་བྱས་པའི་བོད་ཡུལ་གྱི་རྒྱུད་བཞི་པར་མ་སྔ་ཤོས«གྲྭ་ཐང་པར་མ»དང་། རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་སྡེར་ཇོ་ནང་ཏཱ་ར་ན་ཐའི་དབོན་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་སྦྱིན་བདག་དང་། ལྷུན་སྡིངས་པ་བདུད་རྩི་འགྱུར་མེད་ཀྱིས་ཞུས་དག་བྱས་ཏེ་པར་དུ་བསྐྲུན་པའི«རྟག་བརྟན་པར་མ»དང་། མཉམ་མེད་དྭགས་པོ་ལྷ་རྗེའི་གདན་ས་དྭགས་ལྷ་སྒམ་པོར་སྤྲུལ་སྐུ་ནོར་བུ་རྒྱལ་མཚན་གྱིས་སྦྱིན་བདག་དང་། སྨན་བླ་དོན་གྲུབ་ཟེར་བས་ཞུས་དག་མཛད་དེ་གྲུམ་མདར་པར་དུ་བསྐྲུན་པའི«སྒམ་པོའི་པར་མ»དང་། མངའ་རིས་རྒྱལ་བོ་ཁྲི་ལྡེ་བསོད་ནམས་དབང་ཕྱུག་གིས་སྦྱིན་བདག་བྱས་ཤིང་གོང་དཀར་བྱར་ཡུལ་གྱི་པར་མ་ལ་ཁུངས་བཅོལ་ཏེ་ལྡོང་སྨན་རཏྣའི་མིང་ཅན་ཟེར་བ་ཞིག་གིས་ཞུས་དག་གནང་བའི«རྫོང་དཀར་པར་མ»དང་། སྐུ་འབུམ་ཨ་ལགས་ཁྲི་ཐོག་བཅུ་བ་ཟི་ན་ལྷ་རམས་པས་སྦྱིན་བདག་བྱས་ཏེ་པར་དུ་བསྐྲུན་པའི«སྐུ་འབུམ་པར་མ»དང་། བླ་བྲང་བཀྲ་ཤིས་འཁྱིལ་གསུང་རབ་པར་ཁང་ཆེ་བར་བཞུགས་པའི«བླ་བྲང་པར་མ»སོགས་ཁྱོན་རྒྱུད་བཞི་ཤིང་པར་བཅུ་གཉིས་ལས་ཤིང་པར་དགུ་ཡིས་ལ་སྨན་ལ་བཞེད་འདུག་སྟེ། ཁོང་ཨ་ཁུ་བསྟན་གོའམ་ངེས་པ་དོན་གྱི་སྨན་རམས་པ་རྗེ་བསྟན་འཛིན་དོན་གྲུབ་ཚང་གི་དཔལ་ལྡན་རྒྱུད་བཞི་དཔེ་བསྡུར་མ་དེབ་དང་པོ་ལས། ལེའུ་སུམ་ཅུ་པའི་བསྡུར་མཆན། «རྩེ» «གྲྭ» «དགའ»«རྟག» «སྒམ» «རྫོང» «ལྕགས» «སྐུ» «བླ»[10]རུ་འདི་ལྟར་གསལ་པོར་བཀོད་འདུག ། རྗེ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་ཐུགས་སྲས་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་བཤད་རྒྱུད་ཀྱི་འགྲེལ་བ། འབུམ་ནག་གསལ་སྒྲོན་དུའང་། སྨན་དུ་སྔོ་ཐང་ལ་སྨན་ཐུན་མོང་གསུམ། །[11]ཞེས་ལ་སྨན་གསུངས་འདུག་གོ ། བོད་རྒྱ་ཚིག་མཛོད་ཆེན་མོ་རུ་ཡང་། ལ་སྨན། བོད་དུ་མི་སྐྱེ་བའི་སྨན་ཨ་བར་སྐྱུར་གསུམ་ལྟ་བུ་རྒྱ་གར་ནག་སོགས་ནས་ལ་བརྒྱབ་སྟེ་ཁྱེར་ཡོང་བའི་སྨན་རྣམས་ལ་ཟེར།[12]ཞེས་པ་དང་། སྐྱེམ་པ་ཚེ་དབང་གི་རྒྱུད་བཞིའི་རྣམ་བཤད་དུ། ཡུལ་བཟང་པོའི་སྨན་ལ་སྒོ་ནས་འོངས་པ་ལ་ལ་སྨན་ཞེས་པ།[13]ཞེས་གསུངས་འདུག ། བཤད་རྒྱུད་ཀྱི་འགྲེལ་ཆེན་བདུད་རྩིའི་ཆུ་རྒྱུན་དུ། སྔོ་སྨན་དང་ཐང་སྨན་ལ་སྨན་རྣམས་ནི།[14]ཞེས་མི་རྗེ་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་ཀྱང་ལ་སྨན་གསུངས་འདུག ། བཤད་རྒྱུད་ཀྱི་འགྲེལ་ཆེན་མཐོང་བ་དོན་གསལ་དུ་ཡང་། སྨན་དུ་སྔོ་ཐང་ལ་སྨན་ཐུན་མོང་གསུམ།[15]ཞེས་ལ་སྨན་བཀོད་འདུག ། རྒྱུད་བཞིའི་འགྲེལ་བ་གཞན་ལ་ཕན་པའི་གཏེར་ལས་ཀྱང་། ལ་སྨན་ཐུན་མོང་དུ་སྦྱར་བ།[16]ཞེས་ཁོང་བློ་གསལ་དབང་པོ་པདྨ་དཀར་པོས་དེ་ལྟར་གསུངས་འདུག ། འབྲི་གུང་རྒྱུད་བཞིའི་དཀའ་མཆན་དུ། རྗེ་འབྲི་གུང་ཆོས་གྲགས་ཚང་གིས་ཀྱང་། ལ་སྨན[ཚོགས་ཚད][17]ཞེས་གསུངས། ཨ་རུའི་ཕྲེང་མཛེས་སུ། བཻ་སྔོན་གྱིས་ཅུ་གང་ལ་སོགས་པ་བསིལ་བའི་ལ་སྨན་ཞེས་བཤད་ཅིང་། ཞལ་ལུང་གིས་ག་བུར་ལ་སོགས་པ་བསིལ་བའི་ལ་སྨན་ཞེས་བཤད་ནས་གཉིས་ཀས་ཀྱང་ལ་སྨན་གྱི་སྦྱོར་བ་དེ་ལ། ག་བུར་ཙནྡན་གི་ཝང་ཚ་སྟོབས་སྦྱར། །ཞེས་བཤད་པས་གོ་རྒྱུ་ཆེ་བ་ཡོད་པའང་ཤེས་པར་བྱའོ། །[18]ཞེས་སོ། །
དེ་ལྟར་མདོར་དྲིལ་ན་རང་ཉིད་ཀྱིས་སྡེ་དགེ་རྒྱུད་བཞི་ཤིང་པར་མ་དང་། 2000ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ལྕགས་པར་དུ་བཏབ་པའི་སྡེ་དགེ་རྒྱུད་བཞི་གཉིས་མཉམ་བསྡུར་གྱིས་ཐེངས་གཅིག་བཀླགས་པ་ལས། ཤིང་པར་གྱི་བཤད་རྒྱུད་གསོ་ཐབས་དངོས་ཀྱི་མཁྲིས་སྨན་གྱི་ལ་སྨན་ལ། ལྕགས་པར་དུ་རྩི་སྨན་ཞེས་བཅོས་འདུག་པ་དང་། དེ་ལ་རྒྱུད་བཞི་ཤིང་པར་མ་མང་པོ་དང་། རྒྱུད་འགྲེལ་འབོར་ཆེན་དུའང་། ལ་སྨན་ཞེས་པ་ཤིན་ཏུ་མང་བ་དང་། སྤྱིར་བཏང་རང་ཉིད་ཀྱི་བསམ་ཚུལ་ལ་ཡང་། ལ་སྨན་དང་རྩི་སྨན་གཉིས་འདྲ་ས་མང་ཡང་། དེ་གཉིས་ཁྱོན་ནས་གཅིག་ཏུ་བཅོས་ཚེ། ལ་སྨན་དུ་རྩི་སྨན་འདུ་ཡང་། རྩི་སྨན་ཡོད་དོ་ཅོག་ལ་སྨན་ཡིན་པའི་ངེས་པ་མི་འདུག་སྙམ་སྟེ། དཔེར་ན་གླ་རྩི་རྩི་སྨན་ཡིན་ཡང་། ལ་སྨན་མིན་སྟེ་བོད་རང་ཡུལ་ན་ཡོད་པ་ལྟ་བུ་རེད། དེ་བས་བཤད་རྒྱུད་གསོ་ཐབས་དངོས་སུ་འཁོད་པའི་ཤིང་པར་གྱི་ལ་སྨན་འདི། ལྕགས་པར་དུ་རྩི་སྨན་ཞེས་བཅོས་པར་བོད་ལུགས་གསོ་རིག་གི་ཞིབ་འཇུག་པ་དང་། ལྷ་རྗེ་དཔྱོད་ལྡན་རྣམ་པས་ཐུགས་མཉམ་རེ་འཇོག་རྒྱུ་ནི། མགོ་རིལ་མོའི་སྟེང་གི་རལ་བ་དང་། སེམས་གངས་དཀར་དཀྱིལ་གྱི་རེ་བ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
