logo

མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱི《གསོ་རིག་འབུམ་བཞི》།

རྩོམ་པ་པོ།:ཁྲི་གཡུང་དྲུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-12 ཀློག་གྲངས།:

            འབུམ་བཞིའི་བཞི་པ་ནད་འབུམ་ནག་པོ། རྒྱུད་བཞིའི་གསུམ་པ་མན་ངག་རྒྱུད་གཉིས་ཀྱི་ཁྱད་པར་ཡང་གོང་གི་རྒྱུད་གཞན་རྣམས་ དང་འདྲ་བ་དབུའི་མཚན་དོན་དང༌། ཞུ་བ་པོ་དང་ཞུ་བའི་ཡུལ་སོགས་མི་འདྲ་བ་དང༌། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ལེའུ་གཉིས་པ་རླུང་ནད་སྐོར་ཕལ་ཆེར་ཚིག་ལྷུག་ཡིན་ པ་དང༌། གཞན་རྣམས་ཚིག་རྐང་རིང་ཐུང་མ་སྙོམས་ཅི་རིགས་སུ་སྣང༌། མན་ངག་རྒྱུད་དུ་ལེའུ་ལྔ་པ་བད་ཀན་སྨུག་པོ་ཞེས་པ་དེ། ནད་འབུམ་ལས་འདུས་པ་ཁྲག་ནད་ཀྱི་ལེའུ་ཞེས་མིང་མི་འདྲ་བར་བྱུང་བ་མ་ཟད། རྒྱུད་བཞིར་ཉེས་པ་གསུམ་ཞེས་པ་དེ་འབུམ་བཞི་ལ་རླུང༌། མཁྲིས། བད་ཀན། ཁྲག་དང་ཉེས་པ་བཞིར་བཤད། དེ་ཡང་རླུང་ཆུ། མཁྲིས་པ་མེ། བད་ཀན་ས་ཆུ། ཁྲག་མེད་ཁམས་ཡིན་པ་བཅས་བསྟན་པ་རྒྱུད་བཞི་དང་ཉེས་པའི་རྣམས་གྲངས་མི་འདྲ། ནད་འབུམ་ནག་པོར་ལེའུ་བཞི་པ་མོ་ནད་སྤྱི་བཅོས་བསྟན་པ་དང༌། མན་ངག་རྒྱུད་ཀྱི་ལེའུ་གོ་རིམ་རྣམས་ཕན་ཚུན་མི་མཐུན། གག་ལྷོག་གི་ལེའུ་ལ་སོགས་པ་ལེའུ་ཁ་ཤས་ཀྱི་ནང་དུ་ཡོད་པའི་བཅོས་ཐབས་དང༌། སྨན་སྦྱོར་སྐོར་གཅིག་མན་ངག་རྒྱུད་ཀྱི་ལེའུ་ནང་དུ་འདུག་པ་དེ་ལ་ཞིབ་ཏུ་བརྟག་ ན་ནད་འབུམ་ལས་དཔེ་བཤུས་བྱེད་པའི་སྐབས་སུ་ཆད་ལུས་ཤོར་བའི་རྗེས་ཤུས་ཡིན་པར་ ངེས། ནད་འབུམ་ལས་གཟའ་ནད་བཅོས་པ་དང༌། ཀླུ་གདོན་བཅོས་པའི་ལེའུ་ནང་གི་ཞང་སྐད་དུ་ཡོད་པའི་སྔགས་རྣམས་མན་རྒྱུད་དུ་མི་ སྣང༌། རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་ལས་ཚེ་བཀྲག་བསྐྱེད་པའི་ཞང་སྐད་ཀྱི་སྔགས་ རྣམས་མན་རྒྱུད་དུ་ལེགས་སྦྱར་གྱི་གཟུངས་སྔགས་སུ་བསྒྱུར་འདུག མན་རྒྱུད་ལ་ལེའུ་གོ་གཉིས་ཡོད་ཅིང་ནད་འབུམ་ནག་པོ་ལ་བསྟོད་པའི་ལེའུ་དང༌། གཉེར་གཏད་ཀྱི་ལེའུ་སྟེ་གཉིས་ཀྱིས་ལྷག་པས་ལེའུ་གོ་བཞིན་ཡོད།


མཁས་དབང་ཐུབ་བསྟན་ཕུན་ཚོགས།

གསུམ་པ། འབུམ་བཞི་ལས་རྒྱུད་བཞིར་གྱུར་ཚུལ།

            དེང་དུས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྩ་བ་གསོ་རིག་རྒྱུད་བཞི་ཡིན་པར་བཤད་ཅིང༌། རྒྱུད་བཞི་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བརྩམས་པར་བཤད། གནའ་བོའི་དུས་སུ་རྒྱུད་བཞི་སངས་རྒྱས་ཀྱིས་གསུངས་སུ་བཅོས་མཁན་བྱུང་མྱོང་ཡང་ དེ་ལ་ཟུར་མཁར་བ་དང་བཀྲ་འབུམ་པ་སོགས་ཀྱིས་ལུངས་རིགས་གཉིས་ཀྱི་སྒོ་ནས་བཀག་ ཟིན་འོ་ན་གསོ་རིག་རྒྱུད་བཞིའི་རྩོམ་པ་པོ་དངོས་སུ་ཞེ་ན། གསོ་རིག་རྒྱུད་བཞི་བྲིས་མ་དང་པར་མ་གང་ཡིན་ཡང་རྩོམ་པ་པོ་སུ་ཡིན་གསལ་པོར་ བཀོད་ཡོད་པ་ཞིག་གཏན་ནས་མཐོང་རྒྱུ་མེད། གཡུ་ཐོག་་པས་བརྩམས་པར་བཞེད་པ་ཡང་དོན་ལ་ནང་པའི་མཁས་པ་རྣམས་ཀྱི་ཞེན་ཕྱོགས་ཙམ་ ལས་ལུང་རིགས་ཀྱི་རྒྱུ་མཚན་ཆེར་མ་མཐོང་སྟེ། གཡུ་ཐོག་གསར་མའི་རྣམ་ཐར་ལས། གཡུ་ཐོག་པ་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་ མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས། རྟ་སྒ་སྲབ་དང་བཅས་པའི་འབུལ་བ་ཕུལ་ནས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས། ཞེས་དང༌། ཡང་དེ་ཉིད་ལས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་རིག་ཀུན་གྱི་ཡང་རྩེར་གཟིགས་ནས་ སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང་ཟངས་མཆན་གཉིས་བཏབ། ཞེས་དང་སོགས་འཁོད་ཡོད་པར་གཞིགས་ན་གཡུ་ཐོག་གསར་མ་རྒྱུད་བཞི་རྩོམ་པ་པོ་མིན་པ་ ཤིན་ཏུ་གསལ།
            གཡུ་ཐོག་རྙིང་མའི་རྣམ་ཐར་ལས། གཡུ་ཡོག་པ་དགུང་ལོ་སོ་ལྔའི་ཐོག་རྒྱ་གར་ནས་ཕྱིར་འཁོར་དུས་རྒྱལ་པོས་རྒྱུད་ བཞི་གཏེར་ནས་འདོན་དགོས་གསུངས་ཀྱང༌། གཡུ་ཐོག་པས་བདག་རྒྱ་གར་ལ་ད་དུང་སྐྱར་གཅིག་འགྲོ་བ་དེ་བར་མི་འདོན་ཞུས། ཞེས་དང༌། ཡང་དེ་ཉིད་ལས། དགུང་ལོ་ཞེ་ལྔ་བཞེས་དུས་གཏེར་ནས་སྤྱན་དྲངས། དགུང་ལོ་ང་ལྔ་པར762 A. C.ཀོང་པོ་སྨན་ལུང་དུ་བྱོན་ནས་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་སུམ་བརྒྱ་ ཙམ་ལ་རྒྱུད་བཞི་འཆད་ཉན་བྱས་ཚུལ་བཀོད་ཡོད་པ་རེད། དེས་ན་གཡུ་ཐོག་རྙིང་མ་ཡང་རྒྱུད་བཞིའི་རྩོམ་པ་པོ་མིན་པ་མ་ཟད། དེའི་གོང་དུ་རྒྱུད་བཞི་གཏེར་དུ་སྦས་ཡོད་པ་གསལ་པོར་བསྟན་འདུག
            འོ་ན་གསོ་རིག་རྒྱུད་བཞི་དེ་གང་འདྲ་བྱས་ནས་བྱུང་ཡོད་ཅེ་ན། གོང་གསལ་ལྟར་འདིར་འབུམ་རྒྱུད་གཉིས་ཕན་ཚུན་གོ་བསྡུར་ནས་བརྟག་ན། ཐོག་མར་གསོ་རིག་འབུམ་བཞི་བྱུང་ཞིང་དེ་ནས་རིམ་བཞིན་ཚིག་སྦྱོར་དང༌། ལེའུའི་གོ་རིམ་རྣམས་དག་བཅོས་དང་ལེགས་སྒྲིག་བྱས་པ་ནི་གསོ་རིག་རྒྱུད་བཞི་ཡིན་ པར་བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འབུམ་རྒྱུད་གཉིས་པོ་ཕན་ཚུན་གོ་ བསྡུར་ནས་བལྟས་ཙམ་གྱིས་ཤེས་སླ། འོན་ཀྱང་ཆགས་སྡང་གཉིས་ཀྱི་ཁྲི་ལ་ང་རྒྱལ་གྱི་ཅོད་པན་གསོ་ནས་མཁས་པའི་མཚན་སྙན་ འཛིན་ནས་བཞུགས་པ་རྣམས་ལ་སངས་རྒྱས་དངོས་བྱོན་ནས་བདེན་དོན་ངོ་སྤྲོད་གནང་ཡང་ རང་འདོད་ཀྱི་ལྟ་བ་ནང་ཡང་འགྱུར་མི་སྲིད་པས། དེ་དང་དེའི་རིགས་ལ་བདེན་དོན་ར་སྤྲོད་པའི་ངལ་བ་མི་བྱའོ། ། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་ལྟར་ན་གསོ་རིག་འབུམ་བཞིའི་ཐོག་མ་ནི་སྤྱི་ ལཽའི་སྔོན་གྱི་ལོ་སྟོང་ཕྲག་གཉིས་ཙམ་ཞིག་ནས་བྱུང་ཡོད་ཅིང༌། དེ་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བར་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ ཀྱི་དེ་ལ་ཁ་སྣོན་དང་ཉམས་ཡིག་གསར་སྣོན་བྱས་ཡོད་པ་དང༌། དེ་ལ་གསོ་རིག་འབུམ་བཞི་ཞེས་ཡོངས་གྲགས་སུ་དར་ཡོད་པར་ངེས།
            སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་ གྱིས་བོན་གྱི་བསྟན་པ་བསྣུབས་ནས་ནང་ཆོས་སྤེལ་སྐབས་འབུམ་བཞིའི་མིང་ཡང་རྒྱུད་ བཞིར་བསྒྱུར་ཡོད་པར་ངེས་ཏེ། བཀའ་ཐང་ཤེལ་བྲག་མའི་ལེའུ་གྱ་བཞི་པལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ཞེས་སོགས་གསུང་པ་འདི་ལས་བན་ཆོས་རྣམས་ནང་པའི་ཆོས་ཀྱི་རྣམ་པར་བསྒྱུར་ཡོད་པའི་ དོན་ཡིན་པ་ལས། བོན་ཆོས་བོད་སྐད་དུ་བསྒྱུར་མི་དགོས་པ་ནི་སུས་ཀྱང་ཤེས་པར་མ་ཟད། བོན་ཆོག་གི་གཏོར་མདོས་ཡས་གླུད་རྣམས་ནང་ཆོས་ཀྱི་རྣམ་པར་བསྒྱུར་ནས་ད་ལྟར་ཡང་ བེད་སྤྱོད་བཞིན་ཡོད་པ་འདིས་ཀྱང་ཤེས་སོ། དེས་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རྒྱུད་བཞི་གཏེར་ནས་བཏོན་ཞེས་པ་ཡང་ དོན་དུ་སྐབས་དེར་བན་བོན་འཁྲུགས་པའི་དུས་ཟིང་གི་ནང་དུ་བོན་གཞུང་གཏེར་དུ་སྦས་ པའམ། སྦས་སྐུང་བྱས་པ་དག་ལས་འབུམ་བཞི་ཕྱིར་བཏོན་ནས་ཐུན་མིན་བོན་ལུགས་ཀྱི་ཐ་སྙད་ ཡོད་པ་རྣམས་ནང་ཆོས་ཀྱི་ཐ་སྙད་དུ་བསྒྱུར་ནས་གསོ་རིག་འབུམ་བཞི་ནས་རྒྱུད་བཞི་ ཞེས་མཚན་འགྱུར་བའི་དུས་སྐབས་ཡིན་པར་སེམས། ཡིན་ནའང་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་འབུམ་བཞིའི་མིང་མ་ཉམས་པ་དེང་གི་ བར་དུ་ལྐོག་ཉར་བྱེད་ཐུབ་པར་བྱུང་ཡོད་འདུག
            སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་ དགུང་ལོ་བཅུ་གཉིས་སྐབས་སུ་རོག་སྟོན་དཀོན་མཆོག་སྐྱབས་ལས་གསོ་རིག་རྒྱུད་བཞི་ ཆ་ཚང་ཞུས། རྒྱུད་བཞི་ལ་མཆན་འགྲེལ་གཉིས་མཛད་པ་ལ་གསེར་མཆན་དང་ཟངས་མཆན་ཞེས་ཟེར། དུས་དེར་ཁོང་གིས་རྒྱུད་བཞིའི་དབུ་ཞབས་བར་ཚིག་སྦྱོར་ལེགས་བཅོས་དང༌། ལེའུའི་གོ་རིམ་རྣམས་བསྐྱར་སྒྲིག་མཛད་ནས་འཆད་ཉན་དང་དར་སྤེལ་གཏོང་བ་ལ་གཡུ་ ཐོག་པའི་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པའི་འདི་བྱུང༌།
བཞི། ཞུ་དག་བྱེད་ཚུལ་གྱིས་གསལ་བཤད།
            འདི་ནི་གནའ་བའི་དཔེ་རྙིང་ཞིག་ཡིན་སྟབས་དེང་དུས་ཀྱི་བརྡ་དག་དང་མི་མཐུན་པའི་འབྲི་སྲོལ་མང་པོ་ཞིག་འདུག་པ་དེ་དག་རང་འཇགས་སུ་བཞག་ཡོད་པ་ལས། མི་མཁས་མཁས་མདོག་གིས་གནའ་དཔེ་རྙིང་པའི་རིན་ཐང་ཆུད་ཟོས་སུ་བཏང་མ་ཕོད། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་གི་བརྡ་ཆད་འདི་དག་དེངས་དུས་ཀྱི་བརྡ་དག་དང་མཐུན་ དགོས་པའི་ངེས་པའང་མེད་དེ། དེང་དུས་ཀྱི་བརྡ་དག་འདི་ནི་བཅད་བཅོས་མང་པོ་བྱས་ཟིན་པ་དག་ཡིན་པའི་ཕྱིར། དེས་ན་ལོ་ངོ་བརྒྱ་སྟོང་མང་པོའི་གོང་གི་སྐབས་དེའི་བརྡ་དག་དངོས་ནི་འདི་ལྟར་ རང་ཡིན་པར་སེམས། སྨན་གཞུང་འདིའི་ནང་དོན་ནད་ཀྱི་མིང་དང༌། སྨན་གྱི་མིང་མང་པོ་ཞིག་གི་སྒྲ་གདངས་རྒྱུད་བཞིའི་ཐ་སྙད་དང་མཐུན་ལ། བརྡ་དག་མི་འདྲ་བར་ཡོད་པ་སྟེ། དཔེར་ན། ཅུ་གང་ལ་ཇུ་གང་དང༌། སླེ་ཏྲེས་ལ་སླེ་ཁྲེས། ཅོང་ཞི་ལ་ཅོང་ཟི། ཀྱི་ལྕེ་ལ་ཁྱི་ལྕེ། ཧོང་ལེན་ལ་ཧུང་ལེན་ཨུཏྤལ་ལ་ཨུ་དཔལ། ག་བུར་ལ་ག་ཕུར་ལ་སོགས་པའི་བརྡ་དག་འདི་དག་སྐབས་དེའི་བརྡ་དག་དངོས་ཡིན་ངེས། འོན་ཀྱང་སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ནས་བརྡ་དག་རིམ་བཞིན་འགྱུར་བཞིན་ ཡོད་པ་ནི་མངོན་སུམ་དུ་སྣང་ཡུལ་ན་ཡོད་པ་འདི་རེད།
            ལྷག་པར་དུ་ཨུ་དཔལ་ཞེས་པའི་མིང་འདི་མེ་ཏོག་འདི་ཉིད་མཚོན་བྱེད་ཀྱི་བརྡ་དག་ དངོས་ཡིན་པར་ངེས་ཏེ། ཨུཏྤལ་ཞེས་པའི་མེ་ཏོག་སྔོན་པོ་འདི་ནི་བོད་དང༌། དེ་ལས་ཀྱང་ས་མཐོ་ཁོ་ནའི་ཡུལ་དུ་སྐྱེས་པའི་མེ་ཏོག་ཅིག་ཡིན་པ་ལས་རྒྱ་གར་སོགས་དྲོད་ཆེ་བའི་ཡུལ་ན་རང་བྱུང་གི་སྐྱེ་མི་སྲིད་པ་ཞིག་རེད། དེ་ཡང་དེའུ་དམར་བས་གསུང་པ་ལྟར་ན། མེ་ཏོག་འདི་ནི་ཁམས་སྡེ་དགེ་དང༌། དགེ་རྗེས་སོགས་ཡུལ་ཉུང་ཤས་སུ་སྐྱེ་བའི་མེ་ཏོག་ཅིག་ཡིན་པར་ངོས་བཟུང༌། གང་ལྟར་ཡང་དེང་དུས་ལྷ་ས་བོད་སྨན་བཟོ་གྲྭ་རྣམས་ཀྱིས་ཀྱང་མེ་ཏོག་འདི་ཁམས་ ཕྱོགས་ནས་ཉོ་སྒྲུབ་བྱེད་ཅིང་ཡོད་པ་རེད། འོ་ན་འདི་ལ་ཨུཏྤལ་ལ་ཞེས་རྒྱ་གང་སྐད་ཀྱི་ཐ་སྙད་དེ་ཅི་ལྟར་བྱུང་ཞེ་ན། བསྟན་པ་ཕྱི་དར་སྐབས་ཀྱི་མཁས་པ་ཚོས་རྒྱ་གར་སྐད་དུ་མེ་ཏོག་ཨུཏྤལ་ལ་ཞེས་པ་ཞིག་ཡོད་པ་ཐོས་པ་དང༌། བོད་ཀྱི་མེ་ཏོག་ཨུ་དཔལ་ལ་ཡང་དེ་བཞིན་དུ་བརྡ་དག་བཅོས་ཡོད་པར་ངེས་ཏེ། གཞན་དུ་ན་བོད་ཡུལ་ཁོ་ནར་སྐྱེས་པའི་མེ་ཏོག་ལ་བོད་ཀྱི་འདོད་རྒྱལ་གྱི་མིང་ཞིག་ མེད་པར་རྒྱ་གར་གྱི་བརྡ་ཆད་ཅིག་ཅི་ལྟར་འབྱུང༌། གཞན་ཡང་སྨན་གཞུང་འདི་ཉིད་ལ་ཞིབ་ཏུ་བརྟག་ན་དེ་དང་དེ་ལྟ་བུའི་གསོ་བ་རིག་པ་ཁོ་ ན་ཙམ་མ་ཡིན་པར། བོད་ཀྱི་ལོ་རྒྱུས་རྙིང་པ་དང༌། བརྡ་སྤྲོད་རིག་པ་སོགས་གནད་དོན་མང་པོ་ཞིག་ཞིབ་འཇུག་བྱེད་པ་ལ་ཕན་ཐོགས་ཆེན་ པོར་ཡོད་པར་མཐོང༌།
སླར་སྨྲས་པར།
བོན་གྱི་ཆོས་ལ་སྐྱབས་སུ་མ་སོང་ཡང༌།།
བོན་པོའི་རིག་གཞུང་བོད་ཀྱི་ནོར་བུ་དེ།།
ཆགས་སྡང་མཁན་པོས་འདམ་བརྫིས་འདི་འཕོངས་ནས།།
དཔྱད་གསུམ་གངས་ཀྱི་ཆུ་བོས་དག་པར་བཀྲུས།།
གྲགས་ཆེན་མཁས་པའི་ཐུགས་དང་འགལ་དོགས་དང༌།།
ཉམས་ཆུང་བོན་པོ་དགྱེས་པའི་རེ་བ་སོགས།།
རེ་དོགས་སྤྲོས་པ་བྲལ་བའི་བདེན་གཏམ་འདིས།།
གང་ཐུགས་འགལ་འཁྲུགས་སོང་ཡང་བཏང་སྙོམས་ཡིན།།
ཞེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྨན་ཞིབ་འཇུག་ཁང་གི་དགེ་མིང་པ་ཐུབ་བསྟན་ཕུན་ཚོགས་དེས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།