དགེ་རྒན་ཆེན་མོ་འགྱན་སངས་ལགས་ཀྱི་དཔྱད་རྩོམ་གསར་པ།
རྩོམ་པ་པོ།:འགྱན་སངས་རྒྱས་དོན་གྲུབ།
ཡོང་ཁུངས།:༢༠༢༡ལོའི«བོད་ལྗོངས་སློབ་ཆེན་རིག་དེབ»འདོན་ཐེངས༤པ།
དུས་ཚོད།:2022-04-22
ཀློག་གྲངས།:
༄༅། །«བཏམས་ཤིང་བསྟན་པའི་མདོ»ལས་འཕྲོས་ཏེ་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་ཅུང་ཟད་བཤད་པ།
འགྱན་སངས་རྒྱས་དོན་གྲུབ།
ནང་དོན་གནད་བསྡུས། མི་ཆོས་རིག་པ་སྤྱི་ལྡོག་ནས་མི་རིགས་རང་གི་ཆོས་ལུགས་དང་ཡུལ་ལུགས། སེམས་ཁམས། ཁྲིམས་ལུགས་སོགས་ཕྱི་ནང་བར་གསུམ་གྱི་རིག་གནས་རྩ་ལག་དང་གཞི་གཅིག་ཏུ་འབྲེལ་ཡོད་པར་མ་ཟད། དེ་འབྲེལ་གྱི་སྤྱོད་པའི་རྣམ་གཞག་མང་པོ་ཞིག་མི་རིགས་རང་གི་འཚོ་བའི་སྤོང་ལེན་དངོས་སུའང་གྱུར་ཡོད་པའི་ཆ་ནས། མི་གཤིས་ཀྱི་ཆགས་རིམ་ལ་རིག་སྒོ་གཞན་གྱིས་འཇོག་དཀའ་བའི་དྲང་ལྡོག་གི་ནུས་པའི་བག་ཆགས་འདྲ་མིན་སྣ་ཚོགས་དངོས་ཤུགས་བར་གསུམ་ནས་འཇོག་པ་ལ་བརྟེན་ནས། འདི་སྣང་འཚོ་བའི་ཁ་ཀུན་ནས་དཀྱུ་བཞིན་ཡོད་གཤིས། མི་རིགས་རང་གི་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་ལ་ཡུལ་དུས་དང་འཚམ་པའི་གནས་འགྱུར་གང་ལེགས་གཏང་རྒྱུ་ནི། མི་རིགས་རང་གི་འཚོ་བ་ཡར་ལྡན་དུ་ཕྱོགས་པའི་གནད་དམ་པ་ཡིན་པར་འདོད་དོ། །
བརྡ་ཆད་གཙོ་བོ། མི་ཆོས། ཀུན་སྤྱོད། འཚོ་བའི་སྤོང་ལེན།
ནུབ་ཕྱོགས་པ་རྣམས་ལ་མཚོན་ན། མི་ཆོས[1]དང་ཀུན་སྤྱོད[2]གཉིས་མི་ཆོས་མཚན་ཉིད་རིག་པའི་ནང་ཁོང་གི་བརྡ་དོན་མི་འདྲ་བ་གཉིས་ཡིན་པར་འཆད་དེ། གྷི་རིག་གི་སྐད་དུ་མི་ཆོས་ལEthicosཟེར་ཞིང་། དེ་ལ་ཡུལ་ཆོས་དང་གཤིས་ཀ །རྒྱུ་དག་སོགས་ཀྱི་དོན་ཡོད་པར་བཤད། moralityཞེས་པའི་ཀུན་སྤྱོད་ཀྱི་བརྡ་ཆད་འདི་མི་ཆོས་ཀྱི་སྐད་དོདEthicosཞེས་པ་ལས་བྱུང་ཞིང་། ལ་ཏིན་སྐད་དུ་འགྱུར་རྗེསmoralisཞེས་པ་སྟེ་སྔར་འཁྱུད་བཞིན་ཡུལ་ལུགས་གོམས་སྲོལ་དང་ལུས་ངག་གི་སྤྱོད་པ་སོགས་ཀྱི་དོན་ཐོག་ཏུ་བསྡད་ཅིང་། དབྱིན་སྐད་དུ་འགྱུར་རྗེས་གཞི་ནས་ཀུན་སྤྱོད་དེmoralityཞེས་སུ་གྱུར་པར་འཆད་ནའང་། དོན་ལ་ཁྱད་པར་ཆེན་པོ་མེད་པར་བབ་སྟུན་གྱིས་སྤྱོད་སྐབས་མང་བ་རང་གཞན་གཉི་ག་གཅིག་འདྲ་ཡིན་པར་སྣང་། དེ་ལྟ་ནའང་། མི་ཆོས་དང་མི་ཆོས་རིག་པ་གཉིས་མི་འདྲ་ལ། ཀུན་སྤྱོད་དང་ཀུན་སྤྱོད་རིག་པ་གཉིས་མི་འདྲ་སྟེ། མི་ཆོས་ཞེས་པར་མཚམས་ལན་རེར་ཀུན་སྤྱོད་ཀྱི་དོན་ཡོད་ནའང་། དེ་རིང་ཁ་སང་ནུབ་ཕྱོགས་པ་ཚོས་འཆད་བཞིན་པའི་མི་ཆོས་རིག་པས་མིའི་བྱང་ཚད་དམ་རྒྱུ་དག་ལེགས་ཕྱོགས་སུ་བསྒྱུར་བར་ཐུགས་གཞོལ་ཞིང་། སྐྱེ་བོ་རེ་རེ་མི་ཇི་འདྲ་ཞིག་ཏུ་འགྱུར་དགོས་སྐོར་ཏེ། དཔྱོད་ཤེས་ལ་བརྟེན་ནས་ཚེ་ཡི་སྙིང་པོ་དང་ཚེ་ཡི་འདུན་མར་རྟོག་ཅིང་། སྐྱེ་བོའི་དཔྱོད་ཤེས་སམ་ལུགས་མཐུན་དུ་གྱུར་པའི་ཀུན་སྤྱོད་ཀྱི་མདོ་རྩ་དང་ཀུན་སྤྱོད་ཀྱི་ཚད་གཞི། ཀུན་སྤྱོད་ཀྱི་གནད་དོན་སྐོར་ལ་དཔྱོད་པའི་མཚན་ཉིད་རིག་པ་ཞིག་ཡིན་པའི་ཆ་ནས། མི་ཚེའི་མཚན་ཉིད་རིག་པའི་ཁོངས་སུ་གཏོགས་ཏེ། ནུབ་ཕྱོགས་པ་ཚོས་གཞུང་ལུགས་ཕྱོགས་ཀྱི་མི་ཆོས་རིག་པ་ཞེས་པ་དེའོ། །ཀུན་སྤྱོད་ཅེས་པ་གོང་དུ་བཤད་པ་ལྟར་ལུགས་མཐུན་གྱི་ཡུལ་སྲོལ་གོམས་གཤིས་ལས་བྱུང་བའི་མིའི་ངང་ཚུལ་དང་མི་རང་སྟེང་གི་བློ་སྦྱོང་སོགས་ལ་གོ་ཞིང་། ཤར་ཕྱོགས་རིག་གནས་ཀྱིས་བཤད་པའི་བསམ་སྦྱོར་གཉི་ག་གཞི་གཅིག་ཏུ་འབབ་པའི་སྦྱོར་བའི་ཕྱོགས་ཀྱི་མི་ཆོས་ཏེ། ནུབ་ཕྱོགས་མི་ཆོས་མཁན་པོ་ཁན་ཐིས[3]གསུངས་པའི“སྦྱོར་བའི་དཔྱོད་ཤེས”[4]ཞེས་པ་དེ་རེད་ལ། ཀུན་སྤྱོད་རིག་པ་ཟེར་སྐབས། སྐྱེ་བོའི་ལུས་ངག་གི་སྤྱོད་པའི་རྒྱའམ་སྡོམ་ཙམ་མ་ཡིན་པར་དེ་འབྲེལ་རྣམ་གཞག་རྒྱ་ཆེར་སྟོན་པའི་གཞུང་ལ་གོ་དགོས་པའི་ཆ་ནས་མི་ཆོས་རིག་པའི་མིང་གི་རྣམ་གྲངས་གཞན་ཡིན་པར་འདོད་དེ། ཇི་སྐད་དུ་ཨ་རིའི་མཁས་པ་ཧྥུ་རན་ཁི་བཟེད་ལེ[5]ཡིས། “གཞུང་ལུགས་ཕྱོགས་ཀྱི་མི་ཆོས་ཀྱིས་འཇིག་རྟེན་གྱི་ཆོས་ཉིད་ལ་རྟོག་ཅིང་། སྦྱོར་བའི་ཕྱོགས་ཀྱི་མི་ཆོས་ཀྱིས་ཉེར་སྤྱོད་ཀྱི་ཆོས་ཉིད་ལ་དཔྱོད། དེ་ཡང་སྔ་མས་འུ་ཅག་གིས་བྱས་ཚར་པའི་ལས་དེ་གང་ཞིག་ཡིན་ལུགས་སྟོན་ལ། ཕྱི་མས་འུ་ཅག་གིས་ལས་གང་ཞིག་བྱ་འོས་ལུགས་དེ་སྟོན”[6]གསུངས་པ་ལྟར་རོ། །
གོ་ཐོབ་བྱས་ན། མི་ཆོས་ནི་སྐབས་མང་པོར་དེ་འབྲེལ་གྱི་ཆོས་ཉིད་སྟོན་པའི་གཞུང་སྟེ། མིའི་རང་བཞིན་དང་མིའི་འབྲེལ་ལུགས་སོགས་ཀྱི་གནད་དོན་སྟོན་པའི་བློ་དཔྱོད་ལ་གོ་ཞིང་། དེ་ལ་གཞུང་ལུགས་དང་བསམ་བློ་ལྟ་བ་སྟོན་པའི་ཁྱད་ཆོས་མངོན་ཆེ་ལ། མིའི་འབྲེལ་ལུགས་ཀྱིས་གཙི་དགོས་པའི་སྣོད་བཅུད་ཀྱི་ཆོས་ཉིད་དམ་གནས་ལུགས་གཙོ་བོར་སྟོན་པ་དཔེར་ན་བདག་ཅག་གི་ལས་འབྲས་ཀྱི་རྣམ་གཞག་ལྟ་བུ་རེད། ཀུན་སྤྱོད་ནི་མི་དང་མིའི་བར། མི་དང་སྣོད་ཀྱི་འཇིག་རྟེན་བར་གྱི་འབྲེལ་བ་སྙོམ་བྱེད་དམ། འགྲོ་བ་མིའི་རྒྱུད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ[7]དེ་ཉིད་སྣོད་བཅུད་ཀྱི་ཆོས་ཉིད[8]དང་སྦྱོར་བྱེད་སྤྱོད་པའི་ཕྱོགས་ཀྱི་རྒྱའམ་སྡོམ་སྟེ། ལས་འབྲས་ཀྱི་གཞུང་ལ་བརྟེན་ནས་བཅས་པའི་སོ་སྔགས་བྱང་གསུམ་གྱི་སྡོམ་པའི་རྣམ་གྲངས་ལྟ་བུ་ཡིན་སྟབས། དེས་ལུས་ངག་གི་སྤྱོད་པའི་ཚད་གཞིའམ་བསྲུང་བྱ་དང་མི་རང་ལྡོག་གི་སྤང་བླང་འཇོག་ལེན་གཙོ་བོར་སྟོན་ནོ། །དེ་ཡང་ཀུན་སྤྱོད་མི་ཆོས་ཀྱི་ཁོངས་སུ་གཏོགས་ཤིང་། མི་ཆོས་ཡིན་ན་ཀུན་སྤྱོད་གཅིག་པུ་མ་ཡིན་ཟེར་དགོས་པར་སྣང་ངོ་། །དེའི་ཕྱིར། མི་ཆོས་རིག་པས་སྐྱེས་བུའི་སྒོ་གསུམ་གྱི་དགེ་སྡིག་ལེགས་ཉེས་དང་སྤྱི་བྱེའི་འགན་འཁྲི་ལས་འཕྲོས་ཏེ་ཀུན་སྤྱོད་ཀྱི་མདོ་རྩ་དང་ཀུན་སྤྱོད་ཀྱི་གོང་ཐང་། ཀུན་སྤྱོད་ཀྱི་སྦྱོར་བ་བཅས་ལ་ལེགས་ཉེས་སྟངས་འཛིན་བྱེད་ཅིང་། ཡུལ་དང་ཡུལ་ཅན་གཉིས་ཕྱོགས་ནས་དེ་དག་ལ་རྗེས་དཔྱོད་དང་དབྱེ་སྡུད། གོ་བཤད་བྱེད་དོ། །
དབྱིན་སྐད་དུEthicདང་། རྒྱ་སྐད་དུ伦理རུ་གྲགས་པའི་བརྡ་ཆད་འདི་ལ་བོད་སྐད་དུ་བཙན་པོ་སྲོང་བཙན་གྱི་སྔ་གཞུག་ནས་བཟུང“མྱིའི་ཆོས”ཞེས་པའི་སྐད་དོད་འདི་སྦྱར་འདུག་པ«བཏམས་ཤིང་བསྟན་པའི་མདོ»སོགས་ན་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་འདི་རེད་ཀྱང་། མི་རིགས་རང་གི་རིག་གནས་བྱུང་རབས་དང་རིག་སྒོ་གསར་པ་ལ་གོ་རིག་མྱོང་གསུམ་ཉུང་བའི་དབང་གིས་དང་། རྒྱ་གར་ཐུབ་བསྟན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་དུ་གྱུར་པ་དང་བསྟུན་ནས་མི་ཆོས་ལ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་སུ་ཕྱེ་རྗེས། དམ་པ་ལྷ་ཆོས་ལ་བྱེ་བྲག་ཏུ་ཁྱིམ་པའི་ཀུན་སྤྱོད་ཀྱི་རྣམ་གཞག་དང་རབ་བྱུང་པའི་ཀུན་སྤྱོད་ཀྱི་རྣམ་གཞག་གཉིས་སུ་ཕྱེ་སྟེ། དམ་པ་ལྷ་ཆོས་མ་ཡིན་པའི་མི་ཆོས་ལ་ཉེ་རྒྱང་སྙེན་སྲིང་གནང་བའི་དབང་གིས། མི་ཆོས་ཞེས་པའི་བརྡ་ཆད་འདིས་འཇིག་རྟེན་ཅན་གྱི་མི་ཆོས་ཀྱི་རྣམ་གཞག་ཁོ་ན་སྟོན་པ་ལས་དམ་པ་ལྷ་ཆོས་སྟོན་མི་ནུས་གཤིས། འོ་སྐོལEthicལྟ་བུའི་སྤྱི་མིང་གིས་ལག་ཐོགས་འདུག་པར་འདོད་པས་མཚོན། འོབ་བཤད་ཀྱི་རྔམས་ཁ་ད་དུང་མཐུག་འདུག་པར་སྣང་མོད། སྒྲ་དངོས་མིང་དུ་འཇུག་སྐབས་ཐམས་ཅད་ལ་སྒྲ་བཤད་པའི་རྒྱུ་མཚན་ཡོད་པས་མ་ཁྱབ་པ་སྟེ། རྗེ་ཙོང་ཁ་བསཁོང་གི«རྣམ་བཤད་དགོངས་པ་རབ་གསལ»ལས། ཉན་ཐོས་ཞེས་པའི་སྒྲ་བཤད་འདི་གཟུགས་མེད་ཁམས་ཀྱི་ཉན་ཐོས་སོགས་འགའ་ཞིག་ལ་མེད་ཀྱང་སྐྱོན་མེད་པ་དཔེར་ན། མཚོ་སྐྱེས་ཞེས་པའི་དངོས་མིང་འདི་མཚོ་ལས་སྐྱེས་པའི་པདྨ་ཁོ་ན་ལ་མི་འཇུག་པར་སྐམ་ལས་སྐྱེས་པའི་པདྨ་ལའང་དངོས་སུ་འཇུག་ལུགས་ཡོད་པས་ན། སྒྲ་བཤད་ཙམ་གྱི་རྗེས་འབྲངས་ནས། སྐམ་ལས་སྐྱེས་པའི་པདྨ་ཆོས་ཅན། མཚོ་ལས་སྐྱེས་པར་ཐལ། མཚོ་སྐྱེས་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་ཁྱབ་མཐའ་འགོད་མི་རུང་བར་གསུངས་འདུག་པ་ལྟར་དང་། དེ་བཞིན་དུ་གང་ཟག་ཅེས་པའི་བརྡ་ཆད་འདིའང་། ཤེས་རྒྱུད་ཉོན་མོངས་པས་གང་ཞིང་ཟག་པ་དང་བཅས་པའི་སྐྱེས་བུ་ཁོ་ནར་མི་འཇུག་པར་སྤངས་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ལའང་འཇུག་སྐབས་ཡོད་སྟབས། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། ཤེས་རྒྱུད་ཉོན་མོངས་པས་གང་ཞིང་ཟག་པ་དང་བཅས་པ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར་ཞེས་པ་ལྟ་བུའི་ཁྱབ་མཐའ་འགོད་ལུགས་མེད་ཚུལ་ཁོང་དང་གངས་ཅན་གྱི་ཤིང་རྟ་ཆེན་པོ་གཞན་རྣམས་ཀྱི་གཞུང་དག་ན་མངོན་སུམ་མིག་ལ་སྣང་རྒྱུ་ཡོད་པ་དེས་རིགས་བསྒྲེས་ན་རྟོགས་སླ་ལ། ལར་སྒྲ་བཤད་ཙམ་གྱི་རྗེས་འབྲང་བ་དང་མིང་ལ་ཁྱབ་ཆེ་ཆུང་རྩི་བ་མཁས་པའི་རྣམ་གཞག་མ་ཡིན་ལུགས་སྔ་རབས་མཁས་པའི་གཞུང་ན་མང་དུ་མཇལ་རྒྱུ་ཡོད་པ་ལྟར་རེད། དེར་མ་ཟད། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །གསུངས་པ་ལྟར་མི་རིགས་གཅིག་གི་ངོ་བོར་གྱུར་པའི་མི་ཆོས་ཀྱི་བསམ་བློ་གཅིག་ལ་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གཉིས་སུ་འགེར་རྒྱུ་མེད་པར་ངོ་བོ་གཅིག་ཏུ་གྲུབ་ཡོད་ལུགས་དང་། མི་ཆོས་ཞེས་པའི་བརྡ་ཆད་འདི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་རིག་སྒོ་འདིའི་སྤྱི་མིང་དུ་སྤུར་རྒྱལ་ཐུན་མོང་གིས་སྤྱད་སྤྱད་ནས་འོངས་ལུགས་སོགས་སྒྲུབ་བྱེད་དུ་དྲངས་ནས། Ethicཞེས་པའི་སྐད་དོད་དུ་མི་ཆོས་ཞེས་པའི་བོད་རྒན་པོའི་བརྡ་ཆད་འདི་སྔར་འཁྱུད་བཞིན་སྦྱོར་དགོས་ལུགས་ཀྱི་རྟོག་པ་མང་དུ་སྤྲོ་རྒྱུ་འདུག་ཀྱང་། བར་འདིར་དགོས་མེད་ཀྱི་ཚིག་ཚོགས་བསྐྱུང་ཕྱིར་དེ་འབྲེལ་གྱི་རྟོག་པའི་སྤྲོ་སྡུད་སྐབས་བལྟས་བབ་བསྟུན་གྱིས་སྤྲོ་བར་འདོད་དོ། །
མི་ཆོས་ཀྱི་གཞུང་གང་ཞིག་ཡིན་ཀྱང་། གདོད་ནས་སྐྱེས་བུ་རང་མཚན་པའི་སྒོ་གསུམ་དང་དེས་བསྐྱེད་པའི་ལྐོག་གྱུར་གྱི་འབྲས་བུ་ལ་དཔྱོད་པ་ཡིན་གཤིས། དེ་ལ་དབང་མངོན་ལས་འདས་པའི་མཚན་ཉིད་རིག་པའི་བསམ་བློའམ་ལྟ་གྲུབ་གང་རུང་རེ་ཡོད་དགོས་ལ། དེ་ཡོད་པས་རང་སྟེང་དུ་སྤྱི་སྒེར་གཉི་ག་ཁ་དབང་དུ་སྡུད་ནུས་ཀྱི་དགེ་བོགས་དམར་མོ་རེ་ལྡན་ངེས་པ་དཔེར་ན། གངས་ལྗོངས་ཐུབ་བསྟན་གྱི་མི་ཆོས་བསམ་བློས་ཁ་དབང་དུ་སྡུད་ཡགས་བྱས་པའི་དགེ་བཤེས་འབན་གུང་རྒྱལ་ལྟ་བུ[9]རེད་ལ། དེ་མེད་པས་ཀུན་སྤྱོད་ཀྱི་རྣམ་གཞག་གང་དེ་སྐྱེ་བོ་རང་སྟེང་གི་རྟོགས་པ་དང་རང་བསམ་ཙམ་ལ་བརྟེན་ནས་བསྲུང་དགོས་པས། ལག་ལེན་དངོས་ཀྱི་ཁྲོད་དུ་སྐབས་འགའ་རེར་བེད་མེད་སྟོང་ལུས་སུ་འགྱུར་ཉེན་ཆེ་བ་དཔེར་ན«བསླབ་གཞུང»ལྟ་བུ་རེད།
མི་རིགས་གང་དང་ཡུལ་ལུང་གང་ཞིག་ཡིན་ཀྱང་། མི་ཆོས་ཀྱི་ལྟ་བ་གདོད་ནས་མི་རིགས་དེ་ཉིད་ཀྱི་རིག་གནས་བསམ་བློ་སྤྱི་དང་ཁྱད་པར་དུ་གོང་ཐང་ལྟ་བའི་སྲོག་དང་རྩ་བ། རྨང་དང་ནང་སྙིང་དུ་གྲུབ་ཡོད་གཤིས། དེ་ཕྱོགས་ཀྱི་རིག་ཚན་གང་དེ་རིག་སྒོ་གཞན་དང་གཞན་ལ་མ་འབྲེལ་བ་ཞིག་ཕལ་ཆེར་མེད་ཚོད་དུ་སྣང་ལ། འབྲེལ་བ་དེ་རིགས་ལ་ངེས་པ་ཅུང་ཟད་རེ་ཡོད་རྒྱུ་ནི་མི་ཆོས་ཀུན་སྤྱོད་ཀྱི་ཕྱི་ནང་བར་གསུམ་ཇི་བཞིན་མཐོང་བའི་ཉེར་སྡོག་ཏུ་གྱུར་ཡོད་གཤིས། དེ་འབྲེལ་གྱི་རྟོག་པ་ཅུང་ཟད་སྤྲོ་བར་བྱ་བ་ལ།
དང་པོ། མི་ཆོས་དང་ལེགས་བཤད།
སྤྱིར་བཏང་གི་ལེགས་བཤད་དང་མི་ཆོས་ཀུན་སྤྱོད་ལ་སྦྱར་བའི་ལེགས་བཤད་གཉིས་མི་འདྲ་སྟེ། སྤྱིར་བཏང་གི་ལེགས་བཤད་ཅེས་པ་ནི་རང་བཟོ་སྲེ་ལྷད་མེད་པར་ཡང་དག་པར་བཤད་པ་དང་མ་འཁྲུལ་བར་བཤད་པ། རྨ་མེད་དུ་བཤད་པའི་དོན་ཏེ། དཔེར་ན་རྗེ་རིན་པོ་ཆེའི«ལེགས་བཤད་གསེར་ཕྲེང»ཞེས་པའི་ལེགས་བཤད་ཅེས་པར་མཚོན་ན། འཕགས་པ་གྲོལ་སྡེའི་དགོངས་པ་ཡང་དག་པར་བཀྲལ་པའི་སློབ་དཔོན་སེང་བཟང་གི«འགྲེལ་པ་དོན་གསལ»ལས་བསྟན་པའི་ཟབ་རླིང་དོན་བཟང་གི་བརྗོད་བྱ་དངོས་བརྒྱད་དོན་བདུན་ཅུའི་རིན་ཆེན་ཕྲེང་རྡོག་དེ་དག་ལེགས་བཤད་ཀྱི་སྲད་བུ་སྟེ་སྡེབ་ལེགས་མ་འཁྲུལ་བའི་རྗོད་བྱེད་ཚིག་གི་སྲད་བུར་བརྒྱུས་ཤིང་། ལུང་དང་རིགས་པའི་གཟི་འོད་བརྒྱ་ཡིས་བསྟར་ནས་བློ་གསལ་དོན་གཉེར་བ་རྣམས་ཀྱི་མགྲིན་རྒྱན་དུ་བདག་གིས་སྤེལ་རྒྱུ་ཡིན་ལ། འདི་ཉིད་སློབ་དཔོན་ཐོགས་མེད་སྐུ་མཆེད་ནས་རིམ་པར་བརྒྱུད་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དགོངས་པ་ཇི་བཞིན་དུ་བཀྲལ་པའི་ལེགས་བཤད་དེ། དེ་འབྲེལ་གྱི་ཟབ་གསལ་དག་པའི་བསྟན་བཅོས་ཡང་དག་ཡིན་ནོ་ཞེས་པའི་དོན་ཡིན་པ་འདྲ་བས། འདིའི་སྐབས་ཀྱི་ལེགས་བཤད་ཡིན་ན་བསྟན་བཅོས་ཡང་དག་ཏུ་གོ་བའི་ལེགས་བཤད་ཡིན་པས་ཁྱབ་ཀྱང་། མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་སྟོན་པའི་ལེགས་བཤད་ཡིན་པས་མ་ཁྱབ་སྟེ། དེ་སྐད་དུ་ཆོས་རྗེ་ས་པཎ་གྱིས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །གསུངས་པ་ལྟར་མི་ཆོས་ཀུན་སྤྱོད་ཀྱི་བསླབ་བྱ་ལ་སྦྱར་བའི་ལེགས་བཤད་ཅེས་པ་འཇིག་རྟེན་ཡོངས་གྲགས་ཀྱི་དབང་དུ་བྱས་པའི་མི་ཆོས་ཀུན་སྤྱོད་ཕྱོགས་ཀྱི་གོ་བཤད་བསླབ་སྟོན་ཏེ། ཡུལ་ཆོས་དང་རིགས་ཆོས་སོགས་ཀྱིས་མཚོན་པའི་ཆོས་ལུགས་དང་ཁ་འཐབ་རྒྱབ་སྣོལ་དུ་མ་སོང་ཞིང་། འཇིག་རྟེན་ལུགས་ཀྱི་བྱ་གཞག་རྣམས་ཡང་དག་པའི་ལམ་ནས་སྒྲུབ་པའི་དམ་པ་རྣམས་ཀྱི་སྤྱོད་ཚུལ་ཏེ། གནས་ལུགས་དང་ཚུལ་མཐུན་གྱི་སྟན་ལ་ཉེ་བར་བཞུགས་པའི་སྒོ་གསུམ་གྱི་དཔེ་ལུགས་ཅི་འདྲ་ཞིག་ཡིན་ལུགས་འཁོར་བ་པ་ལ་རྣམས་ལ་འདོམས་པའི་གཞུང་ལ་གོ་དགོས་ཤིང་། བསླབ་བྱ་དང་བློ་སྦྱོང་། ལུགས་ཀྱི་བསྟན་བཅོས། གདམས་པ་སོགས་ནི་དེའི་མིང་གི་རྣམ་གྲངས་རེད་སྙམ།དོན་དེའི་དབང་གིས། གངས་ལྗོངས་གནས་བཅུ་རིག་པའི་སྲོལ་འབྱེད་ཆོས་རྗེ་ས་པཎ་བྱོན་རྗེས་ཀྱི་རིག་སྒོའི་རྣམ་གཞག་དང་། ཁྱད་པར་དུ་དེང་གི་རིག་སྒོའི་དབྱེ་སྡུད་ལ་སྦྱར་ན། བདག་ཅག་གི་ཆོས་ལུགས་སྲོལ་རྒྱུན་གྱིས་འགྲེལ་བའི་བསྟན་བཅོས་ཡང་དག་ཅེས་པ་དང་། མི་ཆོས་ཀྱི་སྐད་དོད་དུ་སྤྱོད་པའི་ལེགས་བཤད་ཅེས་པ་གཉིས་ལ་ཡིན་མིན་གྱི་མུ་བཞི་གཞག་ཆོག་པར་འདོད་དེ། དེའང་གཞན་གྱི་བསྟན་བཅོས་རྣམས་མཚན་གཞིར་དྲངས་ན་འཁོན་འཛིན་གནོད་བྱེད་ཀྱི་གཞི་རུ་འགྱུར་ཉེན་ཡོད་པས་བཏང་སྙོམས་སུ་བཞག་ནས། བདག་ཅག་ལ་མིག་མཐོང་ལག་ཟིན་དུ་ཡོད་པའི་བསྟན་བཅོས་ཁོ་ན་མཚན་གཞིར་དྲངས་ན། བསྟན་བཅོས་ཡང་དག་ཡིན་ལ་མི་ཆོས་ཀྱི་ལེགས་བཤད་མ་ཡིན་པ་རྗེ་ཙོང་ཁ་བའི«དྲང་ངེས་ལེགས་བཤད»ལྟ་བུ་དང་། མི་ཆོས་ཀྱི་ལེགས་བཤད་ཡིན་ལ་བསྟན་བཅོས་ཡང་དག་མ་ཡིན་པ«ཕུ་ནུའི་མདོ»ལྟ་བུ། གཉིས་ཀ་ཡིན་པ«ས་སྐྱ་ལེགས་བཤད»ལྟ་བུ། གཉིས་ཀ་མ་ཡིན་པ«སྒྱོགས་ཀྱི་བསྟན་བཅོས»ལྟ་བུ་སྟེ། དོན་གྱི་ཞིབ་ཆ་འདི་འདྲའི་སྟེང་ནས་བསྟན་བཅོས་དང་ལེགས་བཤད། མི་ཆོས་སོགས་ལ་བྱེ་བྲག་གི་ཁྱབ་མཐའ་རེ་བཅད་ནས་བཤད་ན། ལས་དང་པོ་བ་རྣམས་ཀྱི་བློ་ལ་ངེས་སླ་བར་འདོད་མོད། འགྲིག་མིན་གཅིག་ཏུ་མ་ངེས་པས་གཟུར་གནས་རིགས་སྨྲ་རྣམས་ཀྱིས་ལེགས་པར་དཔྱད་འཚལ།
«བཏམས་ཤིང་བསྟན་པའི་མདོ»ལས། “མྱིའི་ཆོས་ནི་གང་། ཆོས་མ་ཡིན་པ་ནི་གང”[10]ཞེས་འབྱུང་བ་ལྟར་ཐུབ་བསྟན་བོད་ལ་ཆིབས་སྒྱུར་མ་གནང་སྔོན་གྱི་བཙན་པོའི་མངའ་མཛད་ཀྱི་སྐབས་དག་ལ། འུ་ཅག་གི་སྐྱེ་བོའི་སྒོ་གསུམ་ལ་ལེགས་བསླབ་ཉེས་བཅོས་བྱེད་པའི་རིག་སྒོ་དེ། ས་ལྒང་འདིའི་སྟེང་གི་མི་རིགས་གཞན་དང་འདྲ་བར་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་ཁྱད་པར་མེད་པར་མར་ལ་མར་རྡོག་སྦྱར་ལྟར་སྤྱི་ལྡོག་ནས“མྱིའི་ཆོས”ཞེས་པའི་རིག་པའི་རྩ་ལག་གཅིག་གིས་བསྟན་འདུག་ནའང་། རྒྱ་གར་ཐུབ་བསྟན་ལྗོངས་འདིའི་སྲོལ་རྒྱུན་རིག་གནས་ཀྱི་ཁྲི་སྟེང་དུ་བཞུགས་རྗེས་དང་། ཁྱད་པར་དུ་དེ་ནས་མར་བརྩིས་པའི་ཐུབ་བསྟན་རང་གི་ལྔ་བརྒྱ་བཞི་པ་སྟེ་འུ་ཅག་ལ་བསྟན་པ་ཕྱི་དར་དུ་གྲགས་པའི་དུས་དེར་སླེབས་པ་ན། དེ་སྐད་དུ། “གཡས་སུ་ལྷ་ཆོས་སྡེ་པའི་སར་ཡང་འཁྱོག་ཏུ་མི་གཞུག །གཡོན་དུ་མི་ཆོས་ཕ་ཚན་གྱི་སར་ཡང་འཁྱོག་ཏུ་མི་གཞུག”[11]གསུངས་པ་ལྟར་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་མི་ཆོས་ལ་རིགས་གཉིས་ཀྱི་དབྱེ་སྡུད་མཛད་ལུགས་དེ་བྱུང་བར་མ་ཟད། མྱིའི་ཆོས་ཞེས་པ་འཇིག་རྟེན་ལུགས་ཀྱི་སྐྱེ་བོའི་སྤྱོད་པའི་རྣམ་གཞག་སྟོན་པའི་གཞུང་ཁོ་ནར་གོ་ཞིང་། ཚུར་མཐོང་གི་སྐྱེ་བོ་རྣམས་ཀྱི་སེམས་ཁམས་སྤྱི་ལྡོག་ནས་ཉོན་ཡིད་དམ་ཟག་ཤེས་སོགས་སུ་བཏགས་ཤིང་། དེ་ལ་བརྟེན་ནས་ལུས་ངག་གི་བྱ་བྱེད་ཐམས་ཅད་འཆིང་བ་ཀུན་ལྡན་དང་སྒྲིབ་པ་ལྔ་ལྡན། ཉོན་མོངས་དྲུག་ལྡན་སོགས་སུ་བསྙད་དེ་སྤང་བྱར་འཛིན་པའི་གཞུང་ཡང་མང་དུ་ཐོན་ཡོད་པ་དཔེར་ན། «སངས་རྒྱས་མཛོད་ཆོས་ཀྱི་ཡི་གེ»ལས། “ཤཱ་རིའི་བུ། མི་དེས་ཡང་མི་ཆོས་འཆད་པ་མི་གཙང་བ་ཞེས་བྱ་སྟེ། ངས་དེ་ཉེས་པར་ཤེས་སོ”[12]ཞེས་དང་། «འཕགས་པ་དགེ་རྩ་ཡོངས་འཛིན་གྱི་མདོ»ལས། “ཀྱེ་མི་ཆོས་ཐམས་ཅད་ནི་རང་བཞིན་མེད་པའི་ཕྱིར་ཏེ། ཀྱེ་མི་ཆོས་ཐམས་ཅད་ནི་རྟེན་མེད་པའོ”[13]ཞེས་གསུངས་པ་ལྟར། མི་ཆོས་ཡིན་ན་སྒྲིབ་པ་ལྔ་ལྡན་ཡིན་པས་ཁྱབ་པས། འཇིག་རྟེན་གྱི་ཁ་སྟབས་དོན་མེད་གལ་ཆུང་དུ་འཛིན་ལུགས་ཤིག་ཀྱང་རང་ཤུགས་སུ་བྱུང་འདུག་པར་མ་ཟད། ཐ་ན་བོན་ནམ་གཙུག་ཅེས་པའི་ཆོས་ཀྱི་སྐད་དོད་དེ་རིགས་ཀྱིས་མཚོན་པའི་སྲིད་པའི་བོན་ལུགས་ཀྱི་བརྡ་དང་ཐ་སྙད་རྣམས་ཀྱང་གཞི་མེད་རྩ་བྲལ་དུ་འདོར་བའམ་འཁོས་མེད་ལྷག་འཁྱིལ་དུ་འཇོག་པ། མ་མཐར་ཡང་སྤྱོད་ཚབས་ཤིན་ཏུ་ཆུང་བར་བཏང་གཤིས། མྱིའི་ཆོས་ཞེས་པའི་བརྡ་ཆད་དེའང་རིམ་གྱིས་ལེགས་བཤད་དམ་ལུགས་ཀྱི་བསྟན་བཅོས། གདམས་པ། བསླབ་བྱ། བློ་སྦྱོང་སོགས་ཀྱི་བརྡ་ཆད་ཁོ་ནར་གནས་འགྱུར་བྱུང་འདུག་པ་དཔེར་ན། བརྒྱ་ལོ༡༡པའི་སྐབས་སུ་འབྲོམ་སྟོན་པས«མི་ཆོས་གནད་ཀྱི་ཕྲེང་བ»རུ་མི་ཆོས་ཞེས་པའི་བརྡ་ཆད་དེ་སྤྱད་ཡོད་ལ། བརྒྱ་ལོ༡༡པའི་དུས་མཇུག་ཏུ་བྱོན་པའི་དོལ་པ་ཤེས་རབ་རྒྱལ་མཚན་གྱིས་ཀྱང«བེའུ་སྔོན་རྩ་འགྲེལ»དུ་བརྡ་ཆད་འདི་དམ་པ་ལྷ་ཆོས་ལས་ལོགས་སུ་བཀར་ནས་སྤྱད་ཡོད་ནའང་། བརྒྱ་ལོ༡༣པའི་རྗེས་ནས་སྤྱོད་ཚབས་ཤིན་ཏུ་དམའ་བར་གྱུར་འདུག་པ་དཔེར་ན། ས་སྐྱ་པཎ་ཆེན་གྱི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སུ་བཏགས་པའི«ས་སྐྱ་ལེགས་བཤད»དང«ལེགས་བཤད་འཕྲུལ་དྲྭ»[14] པཎ་ཆེན་བསོད་གྲགས་ཀྱི«དགེ་ལྡན་ལེགས་བཤད» གུང་ཐང་དཀོན་བསྟན་གྱི«ཆུ་ཤིང་བསྟན་བཅོས» མི་ཕམ་རྣམ་རྒྱལ་གྱི«རྒྱལ་པོ་ལུགས་ཀྱི་བསྟན་བཅོས»ལྟ་བུ་རྣམས་ཏེ། འདི་དག་ནི་བཙན་པོ་ཕྱེད་ཕྱི་མའི་སྐབས་སུ་བྱུང་བའི་གངས་ལྗོངས་ཐུབ་བསྟན་ལུགས་ཀྱི་འཇིག་རྟེན་མི་ཆོས་ཀྱི་གཞུང«ཞལ་ནས་གསུངས་པའི་ལྗོན་ཤིང»སོགས་ཀྱི་རྗེས་སུ་བྱུང་ཞིང་། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སུ་བཏགས་ནས་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་སོ་སོར་ཕྱེས་པའི་ལྟ་བའི་གདན་ལ་བཞུགས་མཁན་ཏག་ཏག་ཡིན་པ་འོག་ཏུ་འཆད་པར་འགྱུར།
དེ་ཡང་བརྒྱ་ལོ༡༡པའི་རྗེས་ནས་རིམ་ཅན་དུ་བྱུང་བར་གྲགས་པའི«བཀའ་ཐང་སྡེ་ལྔ»དང«རྒྱལ་རབས་གསལ་མེ» «མ་ཎི་བཀའ་འབུམ»སོགས་ཀྱིས་མཚོན་པའི་ལོ་རྒྱུས་ཡིག་ཚང་ཁག་ཅིག་ན། མི་ཆོས་བཅུའམ་བཅོ་ལྔ་དང་བཅུ་དྲུག་སོགས་ཀྱི་བརྡ་དང་ཐ་སྙད་མཐོང་དུ་ཡོད་པ་དེ། བསྟན་བཅོས་བྱེད་པོ་རྣམས་ཀྱིས་བཙན་པོའི་སྐབས་ཀྱི་མི་ཆོས་ཀྱི་བྱུང་རབས་མཚོན་ཆེད་དུ་ཐ་སྙད་དེ་ཉིད་སྔར་སྲོལ་ལྟར་སྤྱད་པ་ཡིན་པར་སྣང་ལ། གཞན་དུ་ན་ཆོས་འབྱུང་དེབ་ཐར་དེ་རིགས་བཙན་པོའི་སྐབས་ཀྱི་ཡིག་ཚང་ངོ་མ་ཡིན་པར་སྒྲུབ་ཆེད། སྲིད་པའི་བོན་སྐབས་སུ་བྱུང་བའི་ཐ་སྙད་དེ་རིགས་སྔར་འཁྱུད་བཞིན་རྒྱུན་སྤྱོད་གནང་བ་ཡིན་ལས་ཆེ་སྙམ།
མི་རིགས་གཅིག་གི་ངོ་བོར་གྱུར་པའི་མི་ཆོས་ལ་དེ་འདྲའི་རྣམ་གཞག་བྱེད་ལུགས་འདིས། དོན་ལ་འུ་ཅག་གི་ཆོས་ལུགས་སྲོལ་རྒྱུན་གྱིས་འཇིག་རྟེན་འཁོར་བ་ལ་རྩ་བ་ནས་མ་བསྟུན་པར་རང་ཤེད་ཀྱིས་ལམ་ཡན་གར་བར་ཕྱིན་པ་དེ་མཚོན་གྱིན་ཡོད་ལ། དེ་ལ་བརྟེན་ནས་ཡུལ་ལུང་འདིའི་དེ་རིང་ཁ་སང་གི་བསམ་བློ་ལྟ་བའི་ཉམ་ཉེས་ཏེ། ཆོས་དང་འཇིག་རྟེན་གཉིས་མེ་ཆུ་ལྷན་དུ་ཕྲད་པ་ལྟར་ཕན་ཚུན་སྤངས་འགལ་དུ་འགྲོ་བཞིན་པའི་བསམ་བློ་ལྟ་བའི་ཉམ་ཉེས་འདི་ཡང་བྱུང་བར་མ་ཟད། ཡོན་ཏན་པའི་སྡེ་ཡིན་ཀྱང་མི་ཆོས་ཞེས་པའི་བོད་རྒན་པོའི་སྤྱི་སྐད་འདི་ཉིད་སྙན་གྱི་བུ་གར་མི་འགྲོ་བའི་གནས་ཚུལ་ཐབས་རྡུགས་འདི་འདྲའང་བྱུང་བ་རེད་སྙམ།
གཉིས་པ། མི་ཆོས་དང་ཆོས་ལུགས།
མི་ཆོས་དང་ཆོས་ལུགས་གཉིས་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་སྟེ། དེ་ཡང་མཚན་ཉིད་མཁན་ཆེན་རྒྱེམ་མེ་སི[15]སོགས་ཀྱིས། ཀུན་སྤྱོད་ཀྱི་རྣམ་གཞག་མཐའ་དག་སྐྱེ་བོའི་ནང་སེམས་ཀྱི་འོག་འགྱུའི་རེ་དོགས་ལས་བྱུང་བས་ན། ཀུན་སྤྱོད་ཀྱིས་ལྡོག་སྟེ་སྐྱེ་བོའི་ནང་སེམས་ཀྱི་འདོད་འདུན་བསྐང་བར་འགྱུར་གཤིས། དེ་ལྟ་བུའི་དགེ་བོགས་ནི་ཡང་དག་དོན་ལ་ཀུན་སྤྱོད་ཀྱི་གོང་ཐང་ངོ་མ་ཡིན་པར་འདོད་དོ། །དཔེར་ན། བདེན་པའི་ཆོས་ཉིད་ནི་དབུལ་ཕྱུག་བཙན་གཉོམ་དྲག་ཞན་ལ་ལྟོས་པ་མེད་པར་འདྲ་མཉམ་རིས་མེད་ཀྱི་སྒོ་ནས་སྐྱེ་བོའི་དངོས་ཤུགས་བར་གསུམ་གྱི་འདོད་པ་སྐོང་བའི་ཐབས་དང་ཐབས་བྱུང་འཁོས་ཅན་ཅིག་ཏུ་གདོད་ནས་གྲུབ་ཡོད་པ་ལྟར། ཀུན་སྤྱོད་དང་འབྲེལ་བའི་དགེ་བ་དང་དེ་ལས་བྱུང་བའི་རྣམ་སྨིན་དཀར་པོའི་ལས་འབྲས་ཀྱི་རྣམ་གཞག་ཀྱང་། དོན་ལ་སྐྱེ་བོའི་ནང་སེམས་ཀྱི་འདོད་པ་སྐོང་བྱེད་དུ་གྱུར་པའི་བླང་བྱ་འཁྲུལ་མེད་ཅི་རིགས་ཡིན་དགོས་ལ། དེ་ལྟ་བུའི་ཀུན་སྤྱོད་ཀྱི་བླང་བྱ་དེས། སྐྱེ་བོའི་སྒོ་གསུམ་ལ་དངོས་ཤུགས་ཀྱི་བོགས་ནུས་ཅི་རིགས་ཐོན་ཐུབ་ཆེད། མི་ཆོས་མཚན་ཉིད་རིག་པའི་ལམ་ནས་དེ་འབྲེལ་གྱི་གནས་ལུགས་ཅི་རིགས་བདེན་པར་བསྒྲུབ་དགོས་ལ། དེ་ལྟ་བུའི་བསྒྲུབ་བྱ་སྒྲུབ་ལུགས་དེ་རིགས་ཇི་ལྟར་ཚད་མའི་ངོ་བོར་འཕོས་ནས་རིག་སྒོ་གཞན་ལས་ལོགས་སུ་གྱེས་ཤིང་འཚོ་བ་དངོས་ལས་ཡར་འཕགས་པ་ན། དེ་ལྟར་ཐུན་མིན་ངོ་མཚར་བསམ་ཡུལ་ལས་འདས་པའི་རིག་པའི་རྣམ་གྲངས་ཆོས་ལུགས་ཞེས་པར་གནས་གྱུར་པར་བཞེད་དོ། །དེའི་ཕྱིར། ཆོས་ལུགས་ནི་དེ་ལྟ་བུའི་མི་ཆོས་མཚན་ཉིད་རིག་པའི་གནས་འགྱུར་གྱི་དབྱིངས་རིམ་ལས་འཁྲུངས་པའི་དངོས་འབྲས་ཡིན་པར་བཞེད་པ་ཡང་དག་དོན་ལ་གནས་པར་འདོད་དོ། །དེ་ཡང་ཡིན་ཏེ། ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གདོད་ནས་མི་ཆོས་མཚན་ཉིད་རིག་པ་དང་ཀུན་སྤྱོད་ཀྱི་རྣམ་གཞག་གཉིས་ལ་མ་འབྲེལ་བ་གཅིག་ཀྱང་མེད་པར་མ་ཟད། ཐ་ན་དེ་གཉིས་བརྒྱུད་ནས་མངོན་ཏུའང་བྱ་དགོས་ལུགས་གངས་ལྗོངས་ཐུབ་བསྟན་གྱིས་ཀྱང་ཞལ་གྱིས་བཞེས་བཞིན་པ་གོང་དུ་སོང་བ་ལྟར་རོ། །དེའི་འཕྲོར། མི་ཆོས་དང་ཆོས་ལུགས་གཉིས་གྲོགས་དང་གྲོགས་ཅན་ནམ་ཐབས་དང་ཐབས་བྱུང་གི་འབྲེལ་བར་གྲུབ་སྟེ། ཆོས་ལུགས་ཀྱིས་བལྟས་ན། བརྟན་གཡོའི་ཆོས་རྣམས་ཀུན་གྱི་ཆོས་ཉིད་དམ་མཐར་ཐུག་གི་བདེན་པ་རྟོགས་ནས་དེ་ལ་མཐའ་གཅིག་ཏུ་གཙི་མཐོང་བྱ་རྒྱུ་ནི། སྐྱེ་བོ་རེ་རེ་དཔྱོད་ཤེས་རིས་སུ་མི་འབོར་བའི་ངང་ལ་འཕྲལ་བདེ་ཕུགས་ཕན་གྱི་ས་ལ་སླེབ་ཐུབ་ཆེད་པའི་འབའ་ཞིག་ཡིན་པར་འདོད་ལ། མི་ཆོས་ཀུན་སྤྱོད་ནི་སྐྱེ་བོའི་རྒྱུད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་སྣོད་བཅུད་ཀྱི་ཆོས་ཉིད་འགྱུར་མེད་གང་དེའི་དབྱིངས་སུ་འཁྲིད་པའི་ཐབས་དང་ཐབས་བྱུང་དུའང་གྱུར་ཡོད་གཤིས། ནུབ་ཕྱོགས་མི་ཆོས་རིག་པའི་གཞུང་དུ་མ་ནས། རིག་གནས་ནི་ལྟོས་ས་ལྟོས་ཆོས་ཅན་དང་ཀུན་སྤྱོད་ནི་ལྟོས་མེད་མཐར་ཐུག་ཅན་དུ་བཤད་འདུག་པ་དེ་ལྟར་རེད། སྣོད་བཅུད་ཀྱི་ཆོས་ཉིད་དེ་ལ་ངོ་བོའི་ཆ་ནས། མེའི་རང་བཞིན་ཚ་བ་དང་ཆུའི་རང་བཞིན་གཤེར་བ་ལྟ་བུའི་དངོས་པོའི་རང་བཞིན་དང་། དགེ་སྡིག་གི་འབྲས་བུ་མྱོང་ལུགས་རྣམས་ཕྱ་དང་དབང་ཕྱུག་སོགས་འཇིག་རྟེན་བྱེད་པོ་ལྟ་བུའི་རྐྱེན་གྱིས་གློ་བུར་དུ་བཅོས་པ་མ་ཡིན་པར་མི་སླུ་བའམ་གདོད་ནས་དངོས་པོའི་གནས་ལུགས་སུ་གྲུབ་པའི་དངོས་པོའི་རྟེན་འབྲེལ་གྱི་ཆོས་ཉིད་དེ་ཐུབ་བསྟན་སྤྱི་སྐད་དུ་ཀུན་རྫོབ་བདེན་པར་གྲགས་པ་དེ་དང་། རྒྱུ་རྐྱེན་རྟེན་འབྲེལ་གྱིས་གྲུབ་པའི་ཆོས་མཐའ་དག་རང་བཞིན་གྱི་སྐྱེ་འགག་དང་ཡོད་མེད། རྟག་ཆད་ལ་སོགས་པའི་སྤྲོས་པའི་མཐའ་བརྒྱད་ལས་ཡོངས་སུ་འདས་པའི་ཆོས་དབྱིངས་སྤྲོས་བྲལ་ལམ་དངོས་པོའི་གཉུག་གཤིས་ཏེ་དོན་དམ་བདེན་པར་གྲགས་པ་གཉིས་སུ་ཡོད་པར་སྣང་ལ། དེ་ལྟ་བུའི་ཆོས་ཉིད་དེ་གནས་སྐབས་སུ་ཁས་ལེན་མིན་མ་གཏོགས། རིགས་རུས་དང་ཡུལ་ལུང་། གྲུབ་མཐའི་ཁྱད་པར་ལ་ལྟོས་པ་མེད་པར་གདོད་ནས་བདེན་པའི་རང་བཞིན་དུ་གྲུབ་ཡོད་པའི་ཆ་ནས། འགྲེང་འགྲོ་ཡིད་ཅན་དབུ་ནག་ཐུན་མོང་གི་ཚེ་ཡི་སྙིང་པོའམ་ལྟ་བའི་འབབ་སོ་འཁྲུལ་མེད་ཡིན་པར་འདོད་ལ། ལྷག་པར་དུ་ཆོས་རྣམས་ཀྱི་མཐར་ཐུག་གི་ཆོས་ཉིད་ལ་མཚོན་ན། དེ་སྐད་དུ«རྩ་བ་ཤེས་རབ»ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །གསུངས་པ་ལྟར་དེ་ཉིད་མ་བཅོས་པ། བློས་བསམ་དུ་མེད་པ། སྒྲས་བརྗོད་དུ་མེད་པ། དཔེས་མཚོན་དུ་མེད་པ། རྐྱེན་ལ་རག་མ་ལས་པའི་ཆ་ནས། རྒྱུ་དང་རྐྱེན་གཞན་གྱིས་བསྒྱུར་དུ་མེད་པ་སྟེ། «དཀོན་བརྩེགས་ཀྱི་མདོ»ལས། “རིགས་ཀྱི་བུ། ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ་གྱིས་དབང་གིས་སྒྱུར་བར་མི་ནུས་སོ། །གལ་ཏེ་ནུས་པར་གྱུར་ན། དེ་བཞིན་གཤེགས་པ་རེ་རེའི་དགོངས་པ་དེ་སྨོན་ལམ་གྱིས་དབང་གིས་ཇི་ལྟར་མི་འགྲུབ་སྟེ། རྣམ་གྲངས་འདིས་ནི་སྨོན་ལམ་གྱི་དབང་གིས་སྒྱུར་མི་ནུས་པར་རིགས་པར་བྱའོ”[16]ཞེས་དང་། ཆོས་རྗེ་ས་པཎ་གྱིས། ཆོས་རྣམས་ཆོས་ཉིད་བསྔོ་བ་ཡིས། །མི་འགྱུར་གལ་ཏེ་འགྱུར་ན་ནི། །དང་པོའི་སངས་རྒྱས་གཅིག་ཉིད་ཀྱི། །བསྔོ་བ་དེང་སང་ཅིས་མི་འགྲུབ། །[17]གསུང་པ་ལྟར་ལགས་གཤིས། དཔྱོད་ཤེས་ཀྱིས་ཞབས་ནས་བཏེགས་ཤིང་མཚན་རིག་གིས་མདུན་ནས་དྲངས་ཏེ་ལྟ་དགོངས་ཀྱི་མཐོ་མཐར་གནས་པའི་ཆོས་ལུགས་ཀྱི་མཚན་རིག་གང་ཞིག་ཡིན་ཀྱང་། འགྲོ་བ་མིའི་རིགས་ཀྱིས་རང་ཉིད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཉིད་སྣོད་བཅུད་ཀྱི་མཐར་ཐུག་གི་ཆོས་ཉིད་དེ་ལ་ཕར་མཐུན་འཇུག་བྱ་བར་སྐུལ་ལྕག་བསླབ་སྟོན་བྱེད་མཁན་ཡིན་པ་ལས། དེ་ལ་བཟོ་བཅོས་དང་སྒྱུར་བཅོས་བཏང་ནས་ཚུར་སྐྱེ་བོའི་ཆོས་རབ་རྣམ་འབྱེད་ཀྱི་བློ་དང་བསྟུན་དགོས་ལུགས་ཀྱི་གསུང་གནང་མཁན་སྤྱིར་ཡོད་མི་སྲིད་པ་ལྟ་བུ་རེད། དེའི་ཕྱིར། སྣོད་ཀྱི་འཇིག་རྟེན་ལ་སྒྱུར་བཅོས་བཏང་ནས་གནམ་ས་བླ་འོག་བསྒྱུར་དགོས་ཟེར་བ་དེ། དོན་ལ་སྣོད་བཅུད་ཀྱི་བདེན་པ་མི་འགྱུར་བའི་ཆོས་ཉིད་དང་འགྲོ་བ་མིའི་ལེགས་ཉེས་ཤན་འབྱེད་ཀྱི་བློ་རིག་རང་སྟོབས་ཅན་གཉིས་བར་གྱི་རྟེན་དང་བརྟེན་པའི་འབྲེལ་བ་ལ་བློ་དེ་ཙམ་མ་སྨིན་པའི་འབྲས་རྟགས་ཉིད་དུ་ཟད་པར་ཕྱི་ནང་གི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཞེད་དོ། །
འུ་ཅག་གི་ཆོས་ལུགས་སྲོལ་རྒྱུན་གྱིས་མི་ཆོས་མཚན་ཉིད་རིག་པས་གནད་འདི་ལས་འཕྲོས་ཏེ། སྐྱེ་བོ་རྣམས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་དགོས་དོན། མཐར་གཏུགས་ན་འཇིག་རྟེན་གྱི་གཉུག་མའི་ཆོས་ཉིད[18](ལྟོས་བཅས་དང་ལྟོས་མེད་ཀྱི་བདེན་པ)རྩ་བ་ནས་མ་མཐོང་བའི་རྒྱུ་མཚན་གྱིས་དང་། ལྷག་པར་དུ་ཆོས་རྣམས་ཀྱི་མཐར་ཐུག་གི་ཆོས་ཉིད་སླུ་མེད་དམ་འགྱུར་མེད་ཀྱི་བདེན་པ(དོན་དམ་བདེན་པ)དེ་ཉིད་དེ། འུ་ཅག་གི་ཆོས་སྐད་དུ་ཆོས་ཉིད་སྤྲོས་བྲལ་དུ་གྲགས་པ་དེ་ཉིད་མ་རྟོགས་པས་ལན་པ་སྟེ། ནུབ་ཕྱོགས་མཁས་པའི་ཚིག་སྒྲོས་ལྟར་བཤད་ན། སྐྱེ་བོ་རྣམས་ཀྱི་རྒྱུད་ལ་རང་ཆས་སུ་གྲུབ་པའི་ལེགས་ཉེས་ཤན་འབྱེད་ཀྱི་བློ་རིག་རང་སྟོབས་ཅན[19]དེའི་སྤང་བླང་འཇོག་ལེན་རྣམས། ཐོག་མཐའ་བར་གསུམ་དུ་ཆོས་རྣམས་ཀྱི་མཐར་ཐུག་གི་ཆོས་ཉིད་དང་རྒྱབ་འགལ་དུ་ཕྱིན་རྐྱེན་གྱིས་ཡིན་པར་འདོད་དོ། །དེ་ལྟ་བས་ན། འུ་ཅག་གི་མི་ཆོས་རིག་པས། སྐྱེ་འཆིའི་འཇིགས་སྐྲག་གིས་མཚོན་པའི་འཁོར་བའི་སྡུག་བསྔལ་མཐའ་དག་རྩ་བ་ནས་སྤང་དགོས་ཚེ། སྐྱེ་བོ་རང་རྒྱུད་ཀྱི་བློ་རིག་རང་སྟོབས་ཅན་དེ་ཉིད་དངོས་པོའི་མཐར་ཐུག་གི་ཆོས་ཉིད་མི་འགྱུར་བདེན་པའི་རང་བཞིན་ཅན་དེའི་ལམ་དུ་བཀྲི་རྒྱུ་ལས་ཐབས་གཞན་མེད་པར་འདོད་ལ། དེའི་ཆེད་དུ་དགེ་མི་དགེས་མཚོན་པའི་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་རབ་དང་རིམ་པ་ཞིག་བཏོན་ནས་སྐྱེ་བོའི་སྒོ་གསུམ་གྱི་འཇུག་ལྡོག་གམ་སྤྱོད་པའི་སྤོང་ལེན་ལ་རིགས་ཤེས་ཀྱིས་ཁྲུན་ཐག་བཅད་དེ་སྣོད་བཅུད་གཉིས་མཐུན་སྦྱོར་འོང་ལ་ཐུགས་གཞོལ་ལོ། །
རྒྱུ་མཚན་དེ་འདྲར་བརྟེན་ནས། ཉེ་དུས་ཀྱི་རང་གཞན་རྟོག་ལྡན་རིག་སྨྲ་བ་ཁ་ཅིག་གིས། ཆོས་ལུགས་གང་ཞིག་ཡིན་ཀྱང་ལར་ནས་འཚོ་བའི་སྡུག་བསྔལ་སྤོང་བའི་ཐབས་ཁྱད་པར་བ་ཞིག་སྟེ། སྐྱེ་བོའི་ཁམས་དབང་རྒྱུད་ཚོད་ལ་ལྟོས་པའི་མི་ཆོས་ཀྱི་རྣམ་གཞག་མི་འདྲ་བ་དག་ལ་བརྟེན་ནས་སྐྱེ་བོའི་རྒྱུད་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ལྟོས་མེད་མཐར་ཐུག་གི་གདོད་མའི་ཆོས་ཉིད་ཕྱོགས་སུ་འཁྲིད་མཁན་དེ་ཡིན་གཤིས། ཆོས་ལུགས་ལ་སྒྲ་ཡངས་དོག་གཉིས་ཀྱི་གོ་ཡུལ་མི་འདྲ་བ་རེ་ཡོད་པ་ལས། སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་ཆོས་ལུགས་ཡིན་ན་མི་ཆོས་རིག་པ་ཡིན་དགོས་པར་འདོད་དེ། ཚིག་སྒྲོས་བསྒྱུར་ནས་བཤད་ན། ཆོས་ལུགས་ལ་སྐྱེ་བོའི་སྒོ་གསུམ་གྱི་ལེགས་ཉེས་སམ་ཀུན་སྤྱོད་ཀྱི་གདམ་གར་ཁྲུན་ཐག་གཅོད་པའི་ཐབས་ཕྱོད་ཅན་ཅིག་ཡོད་པ་ནི་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་གོ །གནད་འདི་ལས་འཕྲོས་ཏེ་བརྟགས་ཤིང་དཔྱད་ན། མི་ཆོས་དང་ཆོས་ལུགས་གཉིས་གདོད་ནས་གྲོགས་དང་གྲོགས་ཅན་ནམ། ཐབས་དང་ཐབས་བྱུང་། རྟེན་དང་བརྟེན་པའི་འབྲེལ་བར་གྲུབ་ཡོད་ལུགས་གསལ་པོར་མཐོང་ཐུབ་བོ། །
གསུམ་པ། མི་ཆོས་དང་སེམས་རིག
མི་ཆོས་ཀྱིས་སྐྱེ་བོའི་སྒོ་གསུམ་ལ་ལེགས་བསླབ་ཉེས་བཅོས་ཀྱི་མཛད་པ་སྐྱོང་ཞིང་། སྐྱེ་བོའི་སྤྱོད་ལམ་མཐའ་དག་དངོས་ཁམས་སུ་གཏོགས་པའི་ཕྱིའི་ཕུང་ཁམས་ཁོ་ནས་བྱས་པ་མ་ཡིན་པར་དགེ་མི་དགེ་ལུང་མ་བསྟན་དུ་གྱུར་པའི་ཀུན་སློང་གང་རུང་གིས་བསྐྱེད་པ་ཡིན་སྟབས། སྐྱེ་བོའི་སྤྱོད་ལམ་མཐའ་དག་དོན་ལ་རང་རྒྱུད་ཀྱི་ཀུན་སློང་ཅི་རིགས་ཕྱི་ལུས་ངག་ཏུ་འཆར་ཚུལ་ཡིན་པར་བཞེད་དེ། ཇི་སྐད་དུ་པཎ་ཆེན་ཤཀཱ་མཆོག་ཞབས་ཀྱིས། རྒྱུ་ཡི་ཀུན་སློང་འཕེན་བྱེད་ཀྱི། །གཙོ་བོ་ཡིན་ཕྱིར་འཕེན་བྱེད་རྒྱུ། །[20]གསུངས་པ་ལྟར་རོ། །དེ་ལ་བརྟེན་ནས་ནུབ་ཕྱོགས་ཉེར་སྤྱོད་རིང་ལུགས[21]ཀྱི་གྲུབ་མཐའ་འཛིན་མཁན་རྒྱེམ་མེ་སི[22]སོགས་ཀྱིས། མི་ཆོས་རིག་པ་གདོད་ནས་ཆོས་ལུགས་གྲུབ་མཐའ་དེ་ཉིད་ཀྱི་སེམས་ཁམས་རིག་པ་དང་བློ་རྟོགས་རིག་པའི[23]ཉེར་སྡོག་ལ་བརྟེན་ཡོད་གཤིས། དེ་ཉིད་དོན་ལ་སེམས་ཁམས་རིག་པ་དང་བློ་རྟོགས་རིག་པ་གཉི་ག་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཉེ་བར་སྤྱོད་ཚུལ་ཡིན་པར་འདོད་དེ། རྒྱུ་མཚན་ནི། སེམས་ཁམས་རིག་པས་སྐྱེ་བོའི་ཀུན་སྤྱོད་ཀྱི་དམིགས་རྣམ་དང་སྤྱི་བྱེའི་འགན་འཁྲི་སོགས་ཀྱིས་མཚོན་པའི་ཡིད་ཀྱི་རྟོག་རིགས་ལ་དཔྱོད་སྐབས། རྒྱུ་དུས་ཀྱི་ཀུན་སློང་དང་དེ་དུས་ཀྱི་ཀུན་སློང་ལ་ལེགས་ཉེས་ཀྱི་ཤན་མི་འབྱེད་ནའང་། དེ་བཏང་སྙོམས་སུ་བཞག་ནས་རྟོག་པ་གཞན་ལ་ཐད་ཀར་དཔྱོད་ཐབས་ཤིག་གཞི་ནས་མེད་ལ། མི་ཆོས་རིག་པས་ཀྱང་དེ་ལྟར་སྐྱེ་བོའི་སྒོ་གསུམ་གྱིས་བྱས་པའི་དགེ་སྡིག་གི་རྣམ་གཞག་ལ་དཔྱོད་སྐབས། དེའི་རྒྱུར་གྱུར་པའི་སྐྱེ་བོའི་རྒྱུད་ཀྱི་ཀུན་སློང་སྟེ་རྒྱུ་དུས་ཀྱི་ཀུན་སློང་དང་དེ་དུས་ཀྱི་ཀུན་སློང་གཉིས་ལ་མི་དཔྱོད་ཐབས་མེད་ཡིན་པས་མཚོན། སེམས་རིག་གི་དཔྱད་ཡུལ་གང་དེ་ལ་རང་ངོས་ནས་དཔྱོད་པའི་བགྱི་བ་ལྷུར་བླང་དགོས་པར་མ་ཟད། མུ་མཐུད་ནས་དེ་ལ་དྲང་ལྡོག་དགེ་སྡིག་ལེགས་ཉེས་ཀྱི་ཤན་ཡང་ཕྱེ་སྟེ་སྐྱེ་བོ་རྣམས་ལ་དེ་ལུགས་ཀྱི་གོ་བཤད་བསླབ་སྟོན་ཡང་གནང་ངེས་པའི་ཕྱིར་རོ། །དེའི་སྟབས་ཀྱིས། མི་ཆོས་རིག་པ་མཚམས་མཚམས་ལ་སེམས་ཁམས་རིག་པའི་བྱེ་བྲག་གི་རིག་ཚན་ཞིག་ཏུའང་འགྱུར་གྱིན་ཡོད་དོ། །དཔེ་དེ་བཞིན་དུ། འུ་ཅག་གི་ཆོས་ལུགས་སྲོལ་རྒྱུན་གྱིས་ཀྱང་། བསླབ་པ་གསུམ་མམ་སྡེ་སྣོད་གསུམ་པོ་རྒྱུ་འབྲས་བྱ་བྱེད་ཀྱི་འབྲེལ་བའམ་རྟེན་དང་བརྟེན་པའི་ཆོས་ཉིད་ཀྱི་ལམ་དུ་གནས་ཡོད་ལུགས་དངོས་ཤུགས་བར་གསུམ་ནས་གསུང་བཞིན་པ་དོན་ལ་དེ་ལྟ་བུའི་གཏན་ཚིགས་ཀྱིས་རིགས་བསྒྲེས་པར་སྣང་སྟེ། བྱེ་བྲག་ཏུ་བཤད་ན། འོ་སྐོལ་ཚོའི་ཆོས་ལུགས་སྲོལ་རྒྱུན་འདིས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་གསོལ་བའི་མི་ཆོས་རིག་པའི་དཔྱད་ཡུལ་ནི། ཡིད་ཅན་རྣམས་ཀྱིས་མི་ཆོས་ཀུན་སྤྱོད་ཀྱི་གནས་སྐབས་མི་འདྲ་བ་གསུམ་བརྒྱུད་ནས་འཚོ་བའི་སྡུག་བསྔལ་མཐའ་དག་རིམ་གྱིས་སྤངས་ཏེ། མི་ཚེའི་མཐར་ཐུག་གི་བདེ་སར་ཇི་ལྟར་བསླེབ་རྒྱུའི་དམིགས་གནད་དེ་རེད་ལ། འཚོ་བའི་སྡུག་བསྔལ་ཡོད་དོ་ཅོག་མཐར་དེད་ན་ལུས་ངག་ཡིད་གསུམ་ལས་འབྱུང་ཞིང་། དེའང་གཙོ་བོ་མི་གཤིས་ཀྱི་ཉེས་ཕྱོགས་ཏེ་མི་དགེ་བཅུ་དང་ལོག་འཚོ་ལྔ།[24] མཚམས་མེད་ལྔ།[25] ཕམ་པ་བཞི།[26] ནག་ཆོས་བཞི[27]སོགས་ཀྱི་ལམ་ནས་མངོན་འོང་བར་འདོད་ལ། དེ་དག་གི་གཉེན་པོར་སོ་སྔགས་བྱང་གསུམ་དུ་གྲགས་པའི་ཀུན་སྤྱོད་ཀྱི་རྣམ་གཞག་གསུམ་རིམ་ཅན་དུ་གསུངས་ཤིང་། དགེ་མི་དགེའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅི་རིགས་སྐྱེ་བོའི་རྒྱུད་ཀྱི་ལས་ཏེ་ཀུན་སློང་ལ་རག་ལས་ཡོད་པར་འདོད་དེ། ཇི་སྐད་དུ«སྤྱོད་འཇུག»ལས། དེ་ལྟས་བདག་གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་སྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །གསུངས་པ་ལྟར་རོ། །དེ་ལྟ་བུའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའང་ལྷག་པ་སེམས་ཀྱི་བསླབ་པ་སྟེ་སེམས་རིག་དང་འབྲེལ་ཡོད་པར་བཞེད་ལ། ཚུལ་ཁྲིམས་ཀྱི་བསླབ་པས་བསྟན་པའི་ཀུན་སྤྱོད་ཀྱི་རྣམ་གཞག་དེ་ཉིད་རིགས་པས་དཔྱད་བཟོད་དུ་གཏང་ཕྱིར། མི་ཆོས་རིག་པའི་བསམ་བློའི་རྩ་བ་སྟེ་ལས་འབྲས་ཀྱི་རྣམ་གཞག་ལ་སྦྱར་ནས་བསྟན་ཅིང་། འཚོ་བའི་སྡུག་བསྔལ་མཐའ་དག་སྤང་རེ་དང་མཐར་ཐུག་གི་བདེ་སྐྱིད་དེ་འཐོབ་རེ་ཡོད་པར་བསྒྲུབ་ཆེད། སེམས་ཁམས་རིག་པའི་ཕྱོགས་ནས་ཕྱི་རྐྱེན་ལས་ཉོན་གཉིས་སྤང་རུང་ཙམ་དུ་མ་ཟད། དེ་སྐད་དུ«མངོན་རྟོགས་རྒྱན»ལས། ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་ལས། །གསུངས་པ་ལྟར་ནང་རྐྱེན་འགྲོ་བ་རིས་མེད་དམ་ཐེག་པ་གསུམ་གའི་རྒྱུད་ན་ཁམས་བདེ་སྙིང་རང་ཆས་སུ་ཡོད་པ་དེ་རྟོགས་རྣམ་བཅུ་གསུམ[28]གྱི་སྒོ་ནས་མངོན་དུ་བྱ་རུང་ཡིན་པར་བསྟན་པས་མཚོན། མི་ཆོས་རིག་པ་ཐོག་མཐའ་བར་གསུམ་དུ་སེམས་རིག་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་དེ་བསྟན་ཏོ། །
བཞི་པ། མི་ཆོས་དང་ཁྲིམས་ལུགས།
མི་ཆོས་དང་ཁྲིམས་ལུགས་གཉི་ག་མིའི་སྒོ་གསུམ་གྱི་ཁ་དཀྱུ་མཁན་ཡིན་པ་ཀུན་ནས་མཚུངས་ལ། དེ་བས་ཀྱང་གདོད་མའམ་རང་བྱུང་གི་ཁྲིམས་ཏེ། རིགས་ཁྱུ་ཐུན་མོང་གི་འཚོ་གནས་ཀྱི་དགོས་དབང་ལ་བརྟེན་ནས་རང་ཤུགས་སུ་བྱུང་བའི་མི་ཆོས་ཀྱི་རྣམ་གཞག་མང་པོ་རིམ་གྱིས་བཅས་ཁྲིམས་ཏེ་ཁྲིམས་ལུགས་ཀྱི་ངོ་བོར་འཕོས་ཚར་ལུགས་འཇིག་རྟེན་ན་ཤིན་ཏུ་མང་བར་སྣང་ལ། ལྷག་པར་དུ་མང་གཙོའི་རྒྱལ་ཁམས་དག་ལ་མཚོན་ན། མི་ཆོས་མཚན་ཉིད་རིག་པའི་བསམ་བློས་འགབ་ནས་མ་བཏེགས་པའི་ཁྲིམས་ཤིག་ཡིན་ཚེ། རབ་དང་ཕུད་དུ་གྱུར་པའི་ཁྲིམས་གྲལ་དུ་ཤིན་ཏུ་འགྲོ་དཀའ་བར་བཞེད་པ་དེ་ལྟར། སྐབས་འགའ་རེར་མི་ཆོས་ཀྱི་རྣམ་གཞག་ཁྲིམས་ལས་ཀྱང་མཐོ་བ་བཤད་ཡམ་ཙམ་མ་ཡིན་པར་མངོན་སུམ་མིག་ལ་སྣང་རྒྱུ་ཡོད་པ་ལྟར་རོ། །ཁོང་ཚོར་མཚོན་ན། བརྒྱ་ལ་མི་ཆོས་རིག་པ་སྐྱེ་བོའི་མཐར་ཐུག་གི་དགེ་བ་སྟོན་པའི་གཞུང་ལུགས་ཤིག་ཡིན་ཚེ། རྒྱལ་ཁབ་གང་དེའི་སྲིད་ཀྱི་དམིགས་རྩེའང་མངའ་འབངས་རྣམས་མཐར་ཐུག་གི་དགེ་བའི་ཕྱོགས་སུ་སྐུལ་ལྕག་བསླབ་སྟོན་བྱ་རྒྱུ་དེ་རང་ཡིན་དགོས་གཤིས། ཁྲིམས་ལུགས་གང་དེ་ཅིས་ཀྱང་མི་ཆོས་རིག་པའི་གཞུང་རྟ་ལ་བཅིབ་དགོས་པར་འདོད་དོ། །དེ་ལྟ་མོད་ཀྱི། སྤྱི་ལྡོག་ནས་དཔྱད་ན། དེ་གཉིས་ལ་མི་མཐུན་པའི་ཆའང་འདི་འདྲ་ཡོད་པར་སྣང་སྟེ། རྟེན་ཁོངས་ཀྱི་ཁྱད་པར་ལ་བརྟགས་ན། ཁྲིམས་ལུགས་ནི་ཆབ་སྲིད་ཀྱི་ལམ་ལུགས་ལ་གཏོགས་ཤིང་། མི་ཆོས་ནི་རིག་གནས་ཀྱི་བསམ་བློ་ལྟ་བར་གཏོགས་སོ། །བྱེད་ལས་ཀྱི་ཁྱད་པར་ལ་བརྟགས་ན། ཁྲིམས་ལུགས་ཀྱིས་དབང་ཆ་དང་འགན་འཁྲི་ལ་ཁག་འཁུར་ཞིང་དེ་གཉིས་བཏང་སྙོམས་ཡོང་བར་སྟངས་འཛིན་བྱེད་ལ། མི་ཆོས་ཀུན་སྤྱོད་ཀྱིས་སྤྱི་སྒེར་གཉིས་ཀྱི་བསམ་སྦྱོར་མཐའ་གཅིག་ཏུ་དྲང་བདེན་ཡོང་བར་ཁག་འཁུར་ཞིང་རང་བསམ་གྱིས་ཕན་ཚུན་ལ་གཙི་འཇོག་བྱ་བར་སྐུལ་ཞག་བསླབ་སྟོན་བྱེད་དོ། །ངོ་བོའི་ཁྱད་པར་ལ་བརྟགས་ན། ཁྲིམས་ལུགས་ཀྱི་རྩ་ལག་ནི་གནས་སྐབས་ཀྱི་བརྟག་པ་མཐའ་གཟུང་ལ་བརྟེན་ནས་བྱུང་ཞིང་དེ་སྤྱད་ནས་ཚོགས་སྤྱིའི་སྤྱོད་ལམ་ལ་བཙན་དྲག་གིས་སྟངས་འཛིན་བྱེད་པའི་ངོ་བོ་ཅན་རེད[29]ལ། མི་ཆོས་ཀྱི་རྩ་ལག་ནི་སྤྱི་ཚོགས་འབྲེལ་བའི་ཆ་བསགས་ལས་བྱུང་ཞིང་གཙི་འོས་སུ་གྱུར་པའི་བསམ་སྦྱོར་གྱི་རྣམ་གཞག་ལ་བྱེ་བྲག་དང་བཙན་དྲག་གི་སྟངས་འཛིན་མེད་པར་རང་མོས་ཀྱིས་གཙི་མཐོང་བྱ་ལ་སྐུལ་བའི་ངོ་བོ་ཅན་ནོ། །སྤོང་ལེན་གྱི་ཁྱད་པར་ལ་བརྟགས་ན། ཁྲིམས་ལུགས་ཀྱིས་སྐྱེ་ཁམས་དང་ཀུན་སློང་གི་བཟང་ངན་ལ་ལྟོས་པ་མེད་པར་སྦྱོར་བའི་འབྲས་བུ་ལ་མཐའ་གཅིག་ཏུ་ཁྲུན་ཐག་གཅོད་ལ། མི་ཆོས་ཀྱིས་སྐྱེ་ཁམས་དང་དངོས་ཁམས། ཀུན་སློང་གི་བཟང་ངན་སོགས་ཆ་ཐམས་ཅད་ལ་ལྟོས་ནས་སྦྱོར་བའི་འབྲས་བུ་ལ་དགེ་སྡིག་གི་ཤན་འབྱེད[30]དོ། །དམིགས་པའི་ཁྱད་པར་ལ་བརྟགས་ན། ཁྲིམས་ལུགས་ནི་ཡུལ་དང་དུས་ལ་ལྟོས་པ་ཅན་ཏེ་སྐབས་འཕྲལ་གྱི་དབང་སྒྱུར་པའི་འདུན་མོས་ལ་དམིགས་པའི་ཆོས་ཅན་ཡིན་ལ། མི་ཆོས་ནི་ཡུལ་དུས་ལ་མ་ལྟོས་པ་སྟེ་སྐབས་འཕྲལ་གྱི་དགོས་དབང་ཙམ་ལ་མི་དམིགས་པར་རྒྱུན་ཆགས་སུ་དམིགས་པའི་ཆོས་ཅན་ནོ། །འདིའི་སྐོར་ཞིབ་ཏུ་རྗེས་མར་ཁོ་བོའི་དེབ་ཅིག་ལས་ཤེས་པར་བྱའོ། །
ལྔ་པ། མི་ཆོས་དང་ཡུལ་ཆོས།
སྤྱིར་བཤད་ན། མི་ཆོས་ནི་ཡུལ་དུས་གང་དེའི་འཚོ་བའི་ལག་ལེན་ལས་བྱུང་ཞིང་དགེ་བའམ་ལུགས་མཐུན་གྱི་ངོ་བོར་གྱུར་པའི་རིགས་ཁྱུ་ཐུན་མོང་གི་སྤྱོད་པའི་རྣམ་སྲོལ་ལ་གོ་དགོས་ལ། ཡུལ་ཆོས་ཀྱང་དེ་བཞིན་སྤྱི་ཚོགས་འཚོ་བའི་ལག་ལེན་ལས་བྱུང་ཞིང་རིགས་ཁྱུ་ཐུན་མོང་གིས་གཙི་བའི་རིག་གནས་དཔེ་ལུགས་སམ་སྤྱོད་པའི་རྣམ་སྲོལ་ལ་གོ་ནའང་། ཡུལ་ཆོས་ཐམས་ཅད་ལེགས་སྤྱོད་དམ་ལུགས་མཐུན་གྱི་རྣམ་སྲོལ་ཡིན་པའི་ངེས་པ་ཅི་ཡང་མེད་གཤིས། གོང་གི་ལྟ་བ་ཇི་བཞིན་བྱ་བྱེད་ལས་གསུམ་དང་འབྲེལ་བའི་ཡུལ་ཆོས་ཐམས་ཅད་རིགས་ཁྱུའམ་མི་རིགས་གང་དེའི་མི་ཆོས་ཡིན་པས་ཁྱབ་མིན་ལ་དཔྱད་པར་བྱ་བ་མང་སྟེ། དཔེར་ན། ཕ་མ་རྒན་རབས་དང་ཤེས་ཅན་ནུས་འཕེར་རྣམས་ལ་སྲི་ཞུ་བསྙེན་བཀུར་ཞུ་ལུགས་དང་། འདྲ་བདེན་དྲང་གསུམ་དང་དཀའ་སྤྱད་རྩོལ་སྒྲུབ་སྟེན་ལུགས་དེ་རིགས་ཤེས་སྤྱོད་ཀྱི་མི་རིགས་གང་དེའི་མི་ཆོས་ཡིན་ངེས་ཀྱང་། དཀའ་བ་མི་སྤྱོད་བྱད་གཟུགས་བཙོང་ནས་འཚོ་བ་སྐྱེལ་བའི་རྒྱ་བོད་གཉིས་ཀྱི་ཡུལ་ཆོས་དེ་རིགས་ཀུན་སྤྱོད་ཡིན་ནམ། རྩོལ་བ་མི་སྟེན་ཇག་པ་རྟ་འདེད་ནར་མར་བརྩམས་ནས་མུག་ཁ་གསོ་བའི་ཁ་བའི་ཡུལ་ལུང་བྱེ་བྲག་པ་གང་དེའི་ཡུལ་ཆོས་དེ་རིགས་མི་ཆོས་ཡིན་ནམ། ཚོ་དཔོན་ཤི་ན་ཚོ་པའི་བུ་མོ་ཆུང་ཆུང་ཞིག་བསམ་གཟས་ནས་བསད་དེ་དུར་རྫོང་བྱེད་པའི་ཨ་ཁྱེ་པ[31]ཚོའི་ཡུལ་ཆོས་དེ་རིགས་མི་ཆོས་ཡིན་ནམ། གསར་དུ་སྐྱེས་པའི་བྱིས་པ་དབང་པོ་སྐྱོན་ཅན་ཡིན་ཚེ་ཕྱི་ལ་གཡུགས་ཏེ་ཤི་གསོན་བརྟག་པའི་སི་ཕར་ཐྲི་པའི་ཡུལ་ཆོས་དེ་རིགས་མི་ཆོས་ཡིན་ནམ། ཡབ་རྗེ་རྒྱལ་པོའི་སྐུ་ཚེ་བསྲིང་ཕྱིར་རྒྱལ་སྲས་འགའ་རེ་ལྷ་མཆོག་མཆོད་པའི་གླུད་དུ་གཏོང་བའི་ཐའེ་ལན་ཊ་པའི་ཡུལ་ཆོས[32]དེ་རིགས་མི་ཆོས་ཡིན་ནམ། ཁྲེལ་བག་མེད་པར་མ་དང་སྲིང་མོར་ཉལ་པོ་བྱེད་པའི་བ་ལང་འབངས་ཀྱི་ཡུལ་ཆོས་དེ་རིགས་མི་ཆོས་ཡིན་ནམ། ཕ་མ་དང་རྗེ་བོ་རྒས་སམ་ནད་རྡུགས་ཕོག་ན་གསད་པར་བྱ་བའི་པར་ཟིག་རྣམས་ཀྱི་ཡུལ་ཆོས[33] དེ་རིགས་མི་ཆོས་ཡིན་ནམ། ལོ་ལོན་རྒན་འཁོགས་བེད་མེད་སྟོང་པར་ལུས་ན་རང་ཤི་རྒྱག་པའི་ཨིན་ནེའུ་ཐྲི་པ[34]རྣམས་ཀྱི་ཡུལ་ཆོས་དེ་རིགས་མི་ཆོས་ཡིན་ནམ། ཕྲུ་གུ་ཐམས་ཅད་སྐྱེས་མ་ཐག་ནས་གསོད་ཡགས་བྱས་ཏེ་ཐ་མ་ཉར་བའི་ཨིན་ཌན[35]རྣམས་ཀྱི་ཡུལ་ཆོས་དེ་རིགས་མི་ཆོས་ཡིན་ནམ། ཁྱོ་ག་ཤི་ན་བུད་མེད་དུར་དུ་གསོན་ཤི་རྒྱག་པའི་རྒྱ་གར་སྨྲ་ར་ཅན་ཚོའི་ཡུལ་ཆོས་དེ་རིགས་མི་ཆོས་ཡིན་ནམ། དེར་མ་ཟད། རྒྱ་གར་བས་ལོ་གཅིག་ཟླ་བ་བཅུ་གཉིས་པོ་དུས་ཚིགས༥རུ་དང༣དུ། ༦སོགས་སུ་འབྱེད་ཅིང་ཉིན་གཅིག་མཚན་གཅིག་བྱེ་བྲག་ཏུ་ཆ༢༢སོགས་སུ་འབྱེད་ལུགས་ལྟ་བུ་དུས་དང་འབྲེལ་བའི་ཡུལ་ཆོས་དང་། བོད་རྣམས་ཀྱིས་བསྙེན་རྫོགས་ཀྱི་གདམས་ངག་བརྗོད་སྐབས་རྒྱ་གར་ལ་མེད་པའི་ལོ་འགྲོས་བླ་ཐབས་སུ་བརྗོད་པ་ལྟ་བུ་ངག་རིག་དང་འབྲེལ་བའི་ཡུལ་ཆོས། བཙོ་སྲེག་འདུལ་སྦྱོང་འཚེམ་དྲུབ་སོགས་སྐྱེ་བོའི་བློ་དང་རྩོལ་བར་བརྟེན་ནས་འཁོར་བའི་ཕན་བདེ་སྒྲུབ་པ་ལྟ་བུ་ལག་རྩལ་དང་འབྲེལ་བའི་ཡུལ་ཆོས་སོགས་ཀྱང་མང་དུ་ཡོད་པ་དེ་དག་མཐའ་གཅིག་ཏུ་རིགས་ཁྱུའམ་མི་རིགས་གང་དེའི་མི་ཆོས་ཡིན་ནམ། མཁས་པ་རྣམས་ཀྱིས་འདི་འདྲའི་དོགས་གནད་མང་པོར་དགོངས་པ་གཏད་དེ་དཔྱོད་འཇུག་གི་སྒོ་འཕར་རྒྱ་ཆེར་ཕྱེ་བ་ལ་བརྟེན་ནས། ཉེ་རབས་སུ་དཔྱོད་འཇུག་ཕྱོགས་ནས་དེ་ཕྱོགས་ལ་ལྟ་བ་མི་འདྲ་བ་གཉིས་བཏོན་ཡོད་པར་མངོན་ཏེ། དང་པོ་ནི་ཡུལ་ཆོས་སམ་ཡུལ་ལུགས་དང་སྟུན་པའི་བསམ་སྦྱོར་གང་དེ་ལེགས་སྤྱོད་དམ་ལུགས་མཐུན་ཡིན་མིན་མཐའ་གཅིག་ཏུ་ཕྱི་རོལ་དོན་གྲུབ་ཏུ་ཐག་གཅོད་ལུགས་མེད་པར་ཡུལ་དུས་གནས་སྐབས་ལ་ལྟོས་པ་ཅན་ཏེ། རིགས་ཁྱུའི་ཡུལ་ཆོས་གང་དེ་རིགས་ཁྱུ་གཞན་པའི་སྣང་ངོར་ལུགས་མཐུན་མ་ཡིན་ཀྱང་། རིགས་ཁྱུ་རང་གི་ཡུལ་དུས་གནས་སྐབས་དེ་ལ་ཐུན་མོང་གི་བློ་ངོར་ལེགས་སྤྱོད་དམ་ལུགས་མཐུན་ཡིན་པའི་ངེས་པ་ཡོད་པ་དཔེར་ན། ཨིན་ཌན་རྣམས་ཀྱིས་ཨེ་སི་ཁི་མའོ[36]སྟེ་ཤ་རློན་ཟ་ཞིང་ཁྲག་དྲོན་འཐུང་མཁན་དུ་བཏགས་ཤིང་། རིགས་རྒྱུད་རང་སྐད་དུ་ཨིན་ནེའུ་ཐྲི་སྟེ“མི་རྣལ་མར”བཏགས་པའི་གོ་ལའི་བྱང་སྣེ་ན་དཀའ་སྡུག་གིས་འཚོ་བའི་རིགས་རྒྱུད་དེ་ལ་མཚོན་ན། ཁྱིམ་ཚང་གི་རྒན་པ་རྣམས་རྒས་ནས་ལས་ཀའི་ནུས་པ་ཤོར་ཏེ་མི་ཚང་རང་གི་གདོས་ཐག་ཏུ་གྱུར་པ་ན། རང་བསམ་གྱིས་ལྕེབས་ནས་རང་ཤི་རྒྱག་སྲོལ་ཡོད་པར་བཤད་པ་མི་ཚང་སྤྱི་པའི་ཆེད་དུ་ཡིན་པས་ལེགས་སྤྱོད་དམ་ལུགས་མཐུན་གྱི་ཡུལ་ཆོས་རེད་ལ། སྔོན་གྱི་རྒྱ་གར་པ་རྣམས་ཀྱི“མོ་བཙུན”གྱི་ཆོ་ག་སྟེ། ཁྱོ་ག་ཤི་ན་ཆུང་མ་རང་བསམ་གྱིས་ཕུང་པོ་ཞུགས་འབུལ་གྱི་མེ་ལ་མཆོངས་པའམ་གསོན་དུར་དུ་འཇུག་པ་སོགས་ཀྱང“བུད་མེད་དམ་པའི”ངང་ཚུལ་ཡིན་པའི་ཆ་ནས་ལུགས་མཐུན་གྱི་ཡུལ་ཆོས་ཡིན་ངེས་པས། སྟོན་པ་ཤཱཀ་ཐུབ་ཞལ་བཞུགས་དུས་ཏེ་སྔོན་གྱི་བརྒྱ་ལོ༦པའམ༥པ་ནས[37]༡༨༢༩ལོར་དབྱིན་ཇིས་བསྣུབས་རག་བར་དུ་ཡུལ་ཆོས་དེ་གྲ་མ་ཉམས་གྲུ་མ་ཆག་པར་གནས་བསྡད་ལུགས་དེས། ཡུལ་ཆོས་དེ་དག་ཁོང་ཚོའི་ངོས་ནས་ཚད་མར་གྱུར་པའི་མི་ཆོས་ཡིན་པ་མཚོན་གྱིན་ཡོད་ཅེས་ནུབ་ཕྱོགས་མཁས་པ་ཁ་ཅིག་གིས་བཞེད་པ་ལྟར་རེད།དེ་ལ་དམིགས་ནས་བརྒྱ་ལོ་གོང་མའི་ལོ་རབས༧༠པ་ནས༨༠པའི་བར་ལ། ཨ་རིའི་མི་ཆོས་དང་མཚན་ཉིད་མཁས་ཆེན་ཧར་མན[38]ལགས་ཀྱིས། མི་ཆོས་ཀུན་སྤྱོད་ལྟོས་བཅས་སྨྲ་བ་སྟེ། ཡུལ་ཆོས་གང་དེ་ལུགས་མཐུན་ཡིན་མིན་ཆོས་ཅན་མཐུན་སྣང་བ་སྟེ་རིགས་ཁྱུ་ཐུན་མོང་གི་མི་ཆོས་ཀུན་སྤྱོད་མཐུན་སྣང[39]ཅན་དུ་གྲུབ་ཡོད་མེད་ལ་བལྟ་དགོས་པའི་དགོངས་པ་བཏོན། ཁོང་གིས། མི་ཆོས་ཀུན་སྤྱོད་ནི་ལྟོས་པ་ཅན་ཏེ་ཡུལ་ལུགས་གང་དེ་རིགས་ཁྱུའམ་མི་རིགས་རང་ཉིད་ཀྱི་ཐུན་མོང་གི་སྤྱོད་པའི་དཔེ་ལུགས་མཐུན་སྣང་ཅན་དུ་གྲུབ་ཡོད་མེད་ལ་མ་ལྟོས་པར་ལེགས་ཉེས་སྤང་བླང་གི་རྣམ་གཞག་ཆིག་ཆོད་ཅན་ཞིག་མཛད་དགོས་བྱུང་ན། ཨིན་ནེའུ་ཐྲི་པ་ཚོའི་རྒན་འཁོགས་རྣམས་ཀྱིས་རང་ཤི་རྒྱག་པའི་ཡུལ་ཆོས་དེ་ཀླ་ཀློའི་སྤྱོད་པ་དང་། རྒྱ་གར་པའི་ཆུང་མ་གསོན་དུར་དུ་སྦ་ལུགས་དེ་མི་སྲུན་བརླང་སྤྱོད་དུ་བསྙད་དགོས་མོད། རྣམ་གཞག་བྱེད་མཁན་གང་དེ་དང་རིགས་ཁྱུ་ཕ་རོལ་པོའི་བར་ན་ཆོས་ཅན་མཐུན་སྣང་བ་སྟེ་སྤྱོད་པའི་རྣམ་གཞག་མཐུན་སྣང་ཅན་དེ་མེད་པས། དེ་ལྟ་བུའི་སྤང་བླང་འཇོག་ལེན་གྱི་རྣམ་གཞག་བཞག་པས་བཞག་གོ་མི་ཆོད་ཅེས་ཟེར་རོ། །
དེ་དང་ལྡོག་པའི་ལྟ་བ་གཉིས་པ་ནི། ཨ་རིའི་མི་ཆོས་དང་མཚན་ཉིད་མཁས་ཆེན་ནེ་རྒེལ[40]དང་ཁོང་གི་རྗེས་འབྲང་རྣམས་ཀྱི་དགོངས་པ་སྟེ། ཁོང་གིས་ཡུལ་ཆོས་ལ་ལུགས་མཐུན་ཡིན་མིན་གཉི་ག་ཡོད་པས། ཡུལ་ཆོས་དེ་ཉིད་མི་ཆོས་སུ་འཇོག་རུང་མིན་རིགས་ཁྱུ་རང་ངོས་ཀྱི་མི་ཆོས་སམ་སྤྱོད་པའི་རྣམ་གཞག་མཐུན་སྣང་ཅན་དུ་གྲུབ་ཡོད་མེད་ལ་ལྟ་བ་ཙམ་གྱིས་མི་ཆོག་པར་འཇིག་རྟེན་གྱི་ཆོས་ཉིད་དང་མཐུན་ཡོད་མེད་དེ། སྤྱོད་པའི་དཔེ་ལུགས་གང་དེ་ཉེས་སྤྱོད་དམ་གཞན་གནོད་གཞི་དང་བཅས་པའི་ངོ་བོར་གྱུར་ཡོད་མེད་ལ་བལྟ་དགོས་ཏེ། མི་ཆོས་ཞེས་པར་ནམ་རྒྱུན་འཆད་པའི་ལེགས་ཕྱོགས་ཀྱི་སྤྱོད་པའི་རྣམ་གཞག་གམ་འཇིག་རྟེན་གྱི་ཆོས་ཉིད་དང་རྒྱབ་འགལ་དུ་མ་སོང་བའི་ཀུན་སྤྱོད་གཙང་མའི་རྣམ་གཞག་དང་ཡང་དག་པའི་འདུན་མ་སོགས་ཀྱི་དོན་ཡོད་པའི་ཕྱིར་ན། དོན་དམ་པའི་མི་ཆོས་ནི་རིགས་ཁྱུ་ཐུན་མོང་གི་བསྲུང་བྱར་གྱུར་པའི་དཔྱོད་ཤེས་སམ་ལུགས་མཐུན་དང་ལེགས་སྤྱོད་དུ་གྱུར་པའི་ཡུལ་ཆོས[41]དེ་ཡིན་དགོས་པ་ལས། གདོད་མའི་རྣམ་སྲོལ་ལམ་རང་བྱུང་གི་ཡུལ་ཆོས[42]ཡོད་རྒུ་ཡིན་མི་འོས་ཏེ། དེ་ཡིན་མ་བག་མར་ལེན་པ་མི་ཆོས་སུ་འགྱུར་དགོས་ལ། ཕ་མ་ན་ན་བུ་ཕྲུག་གིས་ཕ་མ་སྒོར་འདོན་པའི་ཡུལ་ཆོས་དེའང་མི་ཆོས་སུ་བརྩི་དགོས་པའི་ཕྱིར་ཞེས་ཟེར་རོ། །
མདོར་དྲིལ་ན། ལྟ་བ་འདིས་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་མཛད་སྐབས། སྲོག་མི་གཅོད་པ་ལྟ་བུས་མཚོན་པའི་རིགས་རུས་དང་ཡུལ་ལུང་། རིག་གནས་ཀྱི་ཁྱད་པར་ལ་ལྟོས་པ་མེད་པར་འགྲོ་བ་རིས་མེད་ལ་སྨན་ཞིང་འཇིག་རྟེན་ཐུན་མོང་གི་དགེ་ལས་སམ་བཟང་སྤྱོད་དུ་གྱུར་ཡོད་པའི་སྤྱོད་པའི་དཔེ་ལུགས་དེ་ཡིན་དགོས་པར་འདོད་ལ། དེའང་འཇིག་རྟེན་ན་དོན་དམ་གྱི་བདེན་པའམ་ལྟོས་མེད་མཐར་ཐུག་གི་བདེན་པ་ཟེར་བ་ཞིག་གཞི་གྲུབ་ཡོད་ལུགས་ཞལ་གྱིས་བཞེས་དགོས་པའི་དགོངས་པ་ལས་འཕྲོས་ནས། མི་ཆོས་ཞེས་པ་ཡུལ་ཆོས་ལ་ཡང་དག་པའི་གནས་འགྱུར་བྱུང་སྟེ་ལུགས་མཐུན་ནམ་དཔྱོད་ཤེས་ཀྱི་ངོ་བོར་འཕོས་པའི་སྒོ་གསུམ་གྱི་རྣམ་གཞག་ཕྱིན་ཅི་མ་ལོག་པ་དེ་ཡིན་དགོས་པའི་ཕྱིར་ན། རྒྱུ་འབྲས་ལ་ལྟོས་པ་མེད་པར་ཡུལ་ཆོས་ཡོད་རྒུ་མི་ཆོས་སུ་རྩི་མི་རུང་པར་འདོད་དོ། །
ཁོ་བོས་བལྟས་ན། ཆོས་རྗེ་ས་པཎ་གྱིས«ས་སྐྱ་ལེགས་བཤད»ལས་ལེགས་བཤད་ལ་བཞག་པའི་མཚན་ཉིད་གང་དེ། གོང་དུ་སོང་བའི་ནུབ་ཕྱོགས་པའི་མི་ཆོས་ལ་མཚན་ཉིད་འཇོག་ལུགས་གཉིས་པ་དང་ཡོངས་སུ་མཐུན་འདུག་སྙམ་སྟེ། “རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང”ཞེས་པའི་ཚིག་ཟུར་དང་པོས་མི་ཆོས་ཀྱི་འབྱུང་གནས་ཡུལ་ཆོས་ཡིན་པ་ཤུགས་ནས་བསྟན་ཅིང་། “འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ”ཞེས་པ་དང་། “དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་འདྲ་ཞིག”ཅེས་པའི་ཚིག་ཟུར་གཉིས་ཀྱིས་དེ་ལྟ་བུའི་ཡུལ་ཆོས་གང་དེ་ལུགས་མཐུན་ནམ་ལེགས་ཕྱོགས་ཀྱི་སྤྱོད་པའི་དཔེ་ལུགས་ཡིན་དགོས་པར་བསྟན་པའི་ཕྱིར་རོ། །
དེ་དག་གིས་རིགས་བསྒྲེས་ན། མི་ཆོས་རིག་པའི་འགན་འཁྲི་ནི་ལུགས་མཐུན་གྱི་བསམ་སྦྱོར་ཞེས་པ་ཅི་འདྲ་ཞིག་ཡིན་ལུགས་དང་། ལུགས་མཐུན་གྱི་མི་ཆོས་རྣམ་གཞག་ཅི་རིགས་བསྲུངས་ནས་འཚོ་བའི་བདེ་སྐྱིད་ཅི་ལྟར་འཐོབ་དགོས་ལུགས་སྐོར་ལ་མཚན་ཉིད་རིག་པའི་ཕྱོགས་ནས་དཔྱད་འཇོག་གནང་རྒྱུ་དེའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་མ་རིག་པ་ཞེས་པ་ངོ་བོའི་སྒོ་ནས། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ངར་འཛིན་ལྷན་སྐྱེས་སམ་དེ་དང་མཚུངས་ལྡན་དུ་གྱུར་པའི་མ་རིག་པ[43]དང་། ལས་འབྲས་ལ་རྨོངས་པའི་མ་རིག་པ་སྟེ་སྦྱོར་བའི་རྩ་བ་གསུམ[44]ལས་སྐྱེས་པའི་མ་རིག་པ་གཉིས་སུ་ཕྱེ་ནས། སྔ་མ་ལས་ཟག་བཅས་ཀྱི་དགེ་བ་སྣ་ཚོགས་འབྱུང་རུང་ཞིང་འབྲས་བུས་བདེ་འགྲོར་འཕེན་ལ། ཕྱི་མ་ལས་སྲོག་གཅོད་དང་ལོག་གཡེམ། མ་བྱིན་ལེན་སོགས་མི་དགེ་བའི་ལས་འབྱུང་ཞིང་འབྲས་བུས་ངན་སོང་དུ་འཕེན་པས་ན། ཕྱི་མ་རྣམས་མི་ཆོས་དང་འགལ་བའི་ཉེས་པ་ཡིན་པར་བསྟན་པ་གོང་གི་ལྟ་བ་གཉིས་པ་དང་ཆ་འདྲ་ལུགས་འོག་ཏུ་འཆད་པར་འགྱུར། ཁོང་གིས་འདི་ལྟ་བུའི་མི་ཆོས་མཚན་ཉིད་རིག་པའི་དགོངས་པ་ལྟ་བའི་གཞི་མར་བཅོལ་ནས་སོ་སྔགས་བྱང་གསུམ་གྱི་ཀུན་སྤྱོད་རྣམ་གཞག་ཕྲ་དག་གསལ་གསུམ་གྱི་བདག་ཉིད་ཅན་དེ་མཛད་པར་མངོན་ནོ། །
མཇུག་སྡོམ།
དོན་དྲིལ་ན། མི་ཆོས་རིག་པ་ངོ་བོའི་ཆ་ནས་ཆབ་སྲིད་དང་ཁྲིམས་ལུགས། སེམས་རིག །ཡུལ་ཆོས་སོགས་རིག་སྒོ་གཞན་དང་མི་འདྲ་བར་ཐོག་མཐའ་བར་གསུམ་དུ་དྲང་སྤྱོད་ལ་བརྩོན་པའི་བགྱི་བ་ལྷུར་ལེན་པའི་བདག་ཉིད་ཅན་ཏེ། གནའ་དང་དེང་གི །ཕྱི་དང་ནང་གི །རང་དང་གཞན་གྱི། འཇིག་རྟེན་ཅན་དང་འཇིག་རྟེན་ལས་འདས་པ་ཅན་གྱི་མི་ཆོས་གཞུང་ཤིང་གང་ཞིག་ཡིན་ཀྱང་། འདྲ་མཉམ་གྱི་དགོངས་པ་དང་དཔྱོད་ཤེས་ཀྱི་རིགས་པ། འཚོ་གནས་ཀྱི་ལྟ་བ། རྒྱུ་འབྲས་ཀྱི་བློ་མིག་སོགས་ལ་ཁྱད་ཅུང་ཟད་རེ་ཡོད་ན་མ་གཏོགས། ལེགས་བསླབས་ཉེས་བཅོས་ཀྱི་ལམ་ནས་སྐྱེ་བོའི་སྒོ་གསུམ་དྲང་སྤྱོད་ཀྱི་ལམ་དུ་ཁྲིད་རྒྱུ་དམིགས་སུ་འཛིན་ཚུལ་ལ་ཁྱད་པར་ཆེན་པོ་མེད་པར་མངོན་ཏེ། དེ་དོན་ནུབ་ཕྱོགས་གྷི་རིག་ཡུལ་གྱི་མཁས་པ་མི་གསུམ་གྱི་མི་ཆོས་ལྟ་གྲུབ་ནས་འུ་ཅག་གི་དང་པོའི་སྲིད་པའི་བོན་གྱི་མི་ཆོས་ལྟ་གྲུབ་དང་། ཕྱིས་ཀྱི་གངས་ལྗོངས་ཐུབ་བསྟན་གྱི་མི་ཆོས་རིག་པའི་ལྟ་གྲུབ་དག་ལ་དཔྱད་ཙམ་བྱས་ན་རྟོགས་འོང་སྟེ། མ་ཧཱ་སོ་ཁེ་ར་ཐིས། ཀུན་སྤྱོད་ཀྱི་ངོ་བོ་ནི་མཐའ་གཅིག་ཏུ་དགེ་བ་ཡིན་པར་བསྟན་ནས། འཇིག་རྟེན་འདིའི་ཕྱི་ནང་བར་གསུམ་གྱི་དོན་བྱ་ཆེ་ཕྲ་གང་དང་གང་ཞིག་སྒྲུབ་ཀྱང། དེའི་དམིགས་འབྲས་ནི་ངེས་པར་དུ་དྲང་བདེན་གྱི་ལམ་ལ་བརྟེན་ནས་བྱུང་བའི་དགེ་བའི་ངོ་བོ་ཅན་ཡིན་དགོས་ལ། དེ་ལྟ་བུའི་དམིགས་འབྲས་ཇི་བཞིན་དོན་ཐོག་ཏུ་སྨིན་གྲུབ་འོང་ཆེད། རང་རང་ལ་ཉེ་བར་མཁོ་བའི་ཤེས་བྱ་རིག་པའི་གནས་མཐའ་དག་ལ་རྡོ་རུས་ཐུག་པའི་བརྩོན་ཆེན་བསྐྱེད་དེ་བློ་གྲོས་ཀྱི་སྤྱན་དཀྱུས་ཤིན་ཏུ་ནས་རིང་དགོས་པར་བསྟན་ཅིང། ལར་ཐ་སྙད་གསུམ་ལྡན[45]གྱི་སྐྱེ་བོ་གང་ཞིག་ཡིན་ཀྱང་། “དོན་བྱ་གང་དེ་རང་ཉིད་ལ་ཕན་པ་ཅན་ཡིན་ན་དེ་མུར་སྒྲུབ་ངེས་ཤིང། དེ་བསྒྲུབས་པས་རང་ཉིད་ཀྱི་འདུན་མ་དང་ཕན་བདེ། བདེ་སྐྱིད་སོགས་མངོན་དུ་བྱ་ནུས་ལ། གལ་ཏེ་རྣམ་དཔྱོད་དང་བློ་གྲོས་མེད་ཚེ་མི་དེ་ལ་བདེ་སྐྱིད་འཐོབ་སྐབས་ཧ་ལམ་ཡོད་མི་སྲིད་པས་ན། ཤེས་བྱ་ནི་དགེ་བའོ”[46]ཞེས་གསུངས་ཏེ། དེའི་དོན་ནི་རང་ཉིད་ཀྱི་བསླབ་པར་བྱ་བའི་ཤེས་བྱ་གང་དེ། འཁོར་བའི་དོན་བྱ་ཅི་རིགས་ལ་འཇུག་སྐབས་སྐྱོན་དང་མ་རིག་པའི་གཉེན་པོར་གྱུར་པ་ཞིག་ཡིན་དགོས་ཞེས་པ་དེ་རེད་ལ། “ཀུན་སྤྱོད་ནི་དོན་ལ་དེ་ལྟ་བུའི་ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་བྱ་དང་དེའི་མཇུག་ཐོགས་སུ་འབྱུང་ངེས་ཀྱི་འཇུག་ལྡོག་སྤོང་ལེན་དེ་ཡིན”[47]པར་བསྟན་ཏོ། །དེ་དང་འུ་ཅག་གི«བེའུ་སྔོན་རྩ་འགྲེལ»ལས། “ཡོན་ཏན་ནི་གོམས་པར་བྱ་བའམ་ཕན་འདོགས་པ་དང་། སྐྱོན་གྱི་གཉེན་པོར་གྱུར་པ”[48]ཞེས་ཀུན་སྤྱོད་དང་ཤེས་བྱ་གཉིས་ཀྱི་བར་ན་དབྱེར་མེད་ཀྱི་འབྲེལ་བ་ཆེན་པོ་ཡོད་ལུགས་བསྟན་འདུག་པ་ལ་ཁྱད་པར་ཅི་ཡང་མེད་པ་ལྟ་བུ་དང་། «བཏམས་ཤིང་བསྟན་པའི་མདོ»ལས། “ནུ་ན་རེ། མྱིའི་ཆོས་ནི་གང་། ཆོས་མ་ཡིན་པ་ནི་གང་། ཕུ་ན་རེ། མྱིའི་ཆོས་ནི། །དྲང་ཞིང་སྲི་ཞུ་དང་། དེས་ཤིང་མཉེན་པ་དང་། སྙིང་རྗེ་འེ་ཞིང་། དངན་ཆན་མྱེད། རྗེས་དང་ཁྲེལ་ཡོད། སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ། འཛངས་ཡིད་མྱུར་མྱེད་གྱང་། འདི་རྣམས་ལུས་ལ་ཡོད་ན། །ཀུན་གྱི་སྙིང་དུ་འོང་ཞིང་སྲིད་བརྟནད་ནོ། །མྱིའི་ཆོས་མ་ཡིན་པ་ནི་ཡོ་ཞིང་གཐུམ། ཡང་ཞིང་ཁྲེལ་དང་རྗེས་མྱེད། །སྙིང་རྗེ་མྱི་ཤེས་ཤིང་དངན་ཆན་ཆེ་བླ་ཁྱད་བྱེད་ཆིང་ལེ་ལོ་ཆེ་བ་ཡིན་ཏེ། །འདི་རྣམས་ལུས་ལ་ཡོད་དང་། ཀུན་གྱི་ཡིད་དུ་མྱི་འོང་བ་ཡིནོ”[49]ཞེས་མི་ཆོས་ཀྱི་རྩ་བ་དྲང་བདེན་ཡིན་པར་བསྟན་ལ། འཇུ་མི་ཕམ་ཞབས་ཀྱིས་ཀྱང་། དྲང་པོ་ཞེས་བྱའི་ཡོན་ཏན་ནི། །ཡོན་ཏན་ནང་ན་ཡོན་ཏན་མཆོག །མི་ཆོས་གཙང་མའི་སྙིང་པོ་སྟེ། །གསུངས་པ་ལྟར་རེད། དེ་ལྟ་བས་ན། མི་ཚུལ་རིག་གནས་ཀྱི་སྟན་ལ་ལེགས་པར་བཞུགས་པའི་མི་ཆོས་རིག་པ་གང་ཞིག་ཡིན་ཀྱང་། མཐར་ཐུག་གི་དགོངས་པའི་འབབ་སོ་འདྲ་བདེན་དྲང་གསུམ་རེད་ཅེས་ན་མི་འགྲིག་པ་ཅི་ཡང་མེད་པར་འདོད་དོ། ། ། །དཔྱད་མཆན་དང་ལུང་ཁུངས།
[1] 伦理
[2] 道德
[3] Immanuel Kant,康德,1724-1804
[4] 实践理性
[5] Frank Thilly,弗兰克·梯利,1865-1934
[6] ཧྥུ་རན་ཁི་བཟེད་ལེའི«མི་ཆོས་རིག་པའི་སྔོན་འགྲོ»ཞེས་པ་ཀོང་ཞིའི་དགེ་འོས་སློབ་ཆེན་གྱི༢༠༠༢ལོའི་པར་གྱི་ཤོག་ངོས༡༥པ་ལས་དྲངས།
[7] 自由意志
[8] 自然规律
[9] དགེ་བཤེས་ཉིན་གཅིག་ལ་སྦྱིན་བདག་ཅིག་གི་ཁྱིམ་དུ་ཕེབས། སྦྱིན་བདག་མོས་ཞལ་ཟས་མདུན་དུ་བཞག་རྗེས་ལས་བྱེད་དུ་ཕྱི་རུ་སོང་སྐབས། ཁོང་གི་ཐུགས་ལ་རང་ཉིད་རི་ཁྲོད་དུ་ཕྱིན་ན་བསྐོལ་རྒྱུའི་ཇ་མེད་པས་ཅུང་ཟད་བྱུང་ན་སྙམ་ནས་ཇ་ཁུག་ནང་དུ་ཕྱག་བརྒྱབ་ནས་ལེན་གྲབས་བྱེད་སྐབས། ཕྱག་གཡོན་གྱིས་གཡས་པ་བཟུང་སྟེ་རྐུན་མ་སླེབས་སོང་། རྐུན་མ་སླེབས་སོང་ཞེས་སྐད་བརྒྱབ་པ་དེའོ། །ཁ་ཅིག་གིས་ཁོང་གིས་ཁྱིམ་བདག་གིས་མ་དྲངས་སྔོན་ལ་ཕྱག་གིས་ཞལ་ཟས་བླངས་ཏེ་མཆོད་རྩིས་གནང་འཕྲལ། བྱིན་ལེན་མ་བྱས་པར་ཟས་ཟ་བའི་ལྟུང་བ་དྲན་ནས་དེ་ལྟར་གནང་བ་རེད་ཅེས་ཀྱང་ཟེར།
[10] མཁས་བཙུན་དང་མིག་དམར་གཉིས་ཀྱིས་བསྒྲིགས་པའི«བོད་ཀྱི་གནའ་རྩོམ་གཅེས་བསྒྲིགས» མི་རིགས་དཔེ་སྐྲུན་ཁང་གི༢༠༠༨ལོའི་པར་གྱི་ཤོག་ངོས༡༤༥པ་ན་གསལ།
[11] དོལ་པ་ཤེས་རབ་རྒྱལ་མཚན་གྱི«བེའུ་སྔོན་རྩ་འགྲེལ»སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་པར་གྱི་ཤོག་ངོས༣༠༡པ་ལས་དྲངས།
[12] འཇང་བཀའ་འགྱུར་གློག་རྡུལ་མའི་མདོ་སྡེ་པོད༼ཐ༽པ་སྟེ་ཤོག་ངོས༡༨༢bལས་དྲངས།
[13] འཇང་བཀའ་འགྱུར་གློག་རྡུལ་མའི་མདོ་སྡེ་པོད༼ང༽པ་སྟེ་ཤོག་ངོས༡༤༨bལས་དྲངས།
[14] ལེགས་བཤད་འདིའི་མཚན་གཞན་ལ«བསྟན་བཅོས་འོད་ཀྱི་དྲྭ་བ»ཡང་ཟེར་མོད། ཆོས་རྗེ་ས་པཎ་གྱི་ཡིན་མིན་ལ་རྩོད་པ་ཆེན་པོ་མེད་ནའང་། ཉེ་ཆར་རྙེད་པའི་འགོས་ཁྲི་བཟང་གི་མཛངས་ཡིག་ཏུ་གྲགས་པ་སྟེ་བྱེ་བྲག་ཏུ«བོད་ཀྱི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་བློན་ཆེན་དྲག་གིས་ཕྱི་རབས་ཀྱི་གང་ཟག་རྣམས་ལ་ཕན་ཕྱིར་ལུགས་གཉིས་ལ་གདམས་པའི་བསླབ་བྱ་བསྟན་བཅོས་ཉི་མའི་འོད་ཟེར»དུ་བཏགས་པ་དེའི་གཞུང་ཚིག་དང་ཆ་ཤིན་ཏུ་འདྲ་སྐབས་མང་དུ་ཡོད་ཕྱིར། བསྟན་བཅོས་དེ་ཉིད་ས་པཎ་གྱི་ཕྱག་རྩོམ་དངོས་མ་ཡིན་མིན་ལ་དོགས་སློང་གནང་བཞིན་པ་མུ་མཐུད་ནས་དཔྱད་པའི་གནས་སོ། །
[15] William James, 威廉•詹姆斯,1842-1910
[16] གོ་རམས་པ་བསོད་ནམས་སེང་གེའི«སྡོམ་གསུམ་འཁྲུལ་སྤོང»ཞེས་པ་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གིས༢༠༡༣ལོར་པར་དུ་བསྐྲུན་པའི་ཁོང་གི་གསུང་འབུམ་པོད༼ཏ༽པར་བཀོད་པའི་ཤོག་ངོས༣༩༦པ་ལས་བརྒྱུད་དེ་དྲངས།
[17] ཁོང་གི«སྡོམ་གསུམ་རབ་དབྱེ»དགའ་སྡོང་པའི«སྡོམ་གསུམ་འགྲེལ་པ» མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༢༠༡༣ལོའི་པར་དུ་བཀོད་པའི་ཤོག་ངོས༡༧པ་ལས་དྲངས།
[18] 自然规律
[19] 自由意志
[20] «ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ»པོད༼ཏ༽པ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི༢༠༡༣ལོའི་པར་གྱི་ཤོག་ངོས༣༨༥པ་ལས་དྲངས།
[21] 实用主义
[22] William James,威廉•詹姆斯,1842-1910
[23] 认识论
[24] «རིན་ཆེན་ཕྲེང་བ»ལས། ཚུལ་འཆོས་རྙེད་དང་བཀུར་བསྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་བསྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློང་དེ་ནི་འཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་པ་ལྟར་ཚུལ་འཆོས་ཏེ་མ་ཡིན་ཡིན་ཁུལ་བྱས་ནས་ལེན་པ་དང་། ཁ་གསག་སྟེ་སྤྲེལ་ལད་བྱས་ནས་ལེན་པ། གཞོགས་སློང་སྟེ་ཐད་ཀར་མ་ཡིན་པར་ཐབས་ཀྱིས་ལེན་པ། ཐོབ་ཀྱིས་ལེན་པ་སྟེ་དབང་གིས་ལེན་པ། རྙེད་པས་རྙེད་པ་འཚོལ་བ་སྟེ་ཆུང་ཆུང་ཕར་སྤྲད་ནས་ཆེན་པོ་ཚུར་ལེན་ཐབས་བྱེད་པ་སྟེ་བཅས་ལྔའོ། །
[25] མཁས་གྲུབ་ཀརྨ་ཆགས་མེད་ཀྱིས«བདེ་སྨོན»ལས། ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །གསུངས་པ་ལྟར་ཕ་གསོད་པ་དང་མ་གསོད་པ། དགྲ་བཅོམ་པ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ལྔའོ། །
[26] དེ་བཞི་ནི། མི་ཚངས་སྤྱོད་དང་གཞན་ནོར་རྐུ། །མིའམ་མིར་ཆགས་གསོད་པ་དང༌། །མི་ཆོས་བླ་མའི་རྫུན་སྨྲ་སྟེ། །ཕམ་པ་བཞི་རུ་རྒྱལ་བས་གསུངས། །ཞེས་པ་ལྟར་མ་བྱིན་ལེན་དང་མི་ཚངས་སྤྱོད། སྲོག་གཅོད། མི་ཆོས་བླ་མའི་རྫུན་བཞིའོ། །
[27] «འོད་སྲུང་གིས་ཞུས་པའི་མདོ»ལས་འབྱུང་བ་ལྟར། བླ་མ་མཁན་སློབ་སྦྱིན་གནས་ལ་སོགས་པ་མཆོད་པར་འོས་པ་སླུ་བ་དང་། གཞན་འགྱེད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་དང་། སེམས་སྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པའོ། །
[28] «རྒྱན»ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་། །གཉེན་པོ་དང་ནི་སྤོང་བ་དང་། །དེ་དག་ཡོངས་སུ་གཏུགས་པ་དང་། །ཤེས་རབ་སྙིང་བརྩེར་བཅས་པ་དང་། །སློབ་མ་ཐུན་མོང་མིན་ཉིད་དང་། །གཞན་གྱི་དོན་གྱི་གོ་རིམ་དང་། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་བཅུ་གསུམ་དུ་ཕྱེ་ནས་བསྟན་འདུག་པ་ལྟར་རོ། །
[29] དཔེར་ན་ནུབ་ཕྱོགས་ཤེས་སྤྱོད་ཀྱི་ལུང་པ་ཞིག་ལ་ཆུ་ཚོད་འགའི་ནང་ལ་གློག་ཆད་པ་ན་ས་འོག་མེ་འཁོར་དང་ས་སྟེང་ཚོང་ཁང་དག་ཏུ་རྐུ་འཕྲོག་གཡོ་གསུམ་གྱི་ངན་སྤྱོད་དེ་མྱུར་བྱུང་བར་བཤད་པ་ལྟ་བུའོ། །
[30] དཔེར་ན་འགོག་སྙོམས་དང་འདུ་ཤེས་མེད། འདུ་ཤེས་མེད་པའི་སྙོམས་འཇུག །གཉིད་མཐུག་པོ། བརྒྱལ་སྐབས་ཏེ་སེམས་མེད་པའི་གནས་སྐབས་ལྔ་ལ་དགེ་སྡིག་གི་ལས་གསོག་རྒྱུ་མེད་པར་བསྟན་པ་ལྟ་བུའོ། །
[31] Ache,亚契人
[32] ཧྥུ་རེ་ཟིར་གྱི«གསེར་གྱི་ཡལ་ག»ཞེས་པ་བརྒྱ་ལོ་གསར་པའི་དཔེ་སྐྲུན་ཁང་གི༢༠༡༥ལོའི་པར་གྱི་ཤོག་ངོས༢༩༠པ་ན་གསལ།
[33] གོ་རམས་པ་བསོད་ནམས་སེང་གེའི«སྡོམ་གསུམ་འཁྲུལ་སྤོང»ཞེས་པ་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གིས༢༠༡༣ལོར་པར་དུ་བསྐྲུན་པའི་ཁོང་གི་གསུང་འབུམ་པོད{ཏ}པར་བཀོད་པའི་ཤོག་ངོས༤༠༥པ་ན་གསལ།
[34] Inuit,因纽特人
[35] Indians, 印第安人ཞེས་པའི་རིགས་རྒྱུད་དེ་ཉིད་དེ། འདི་ཡང་ཧྥུ་རེ་ཟིར་གྱི«གསེར་གྱི་ཡལ་གའི»ཤོག་ངོས༢༩༤པ་ན་གསལ།
[36] Eskimo,爱斯基摩人
[37] «མདོ་མཛངས་བླུན»ལས་འབྱུང་བའི་དགེ་སློང་མ་ཨུད་པ་ལའི་གཏམ་རྒྱུད་ལས་འབྱུང་བ་ལྟར་རེད།
[38] Gilbert Harman,吉尔伯特•哈曼,1975-?
[39] 道德共识
[40] Thomas Nagel,托马斯•内格尔,1937-?
[41] 应然之习俗
[42] 实然之习俗
[43] དེ་ལ་མ་རིག་པའི་རྟེན་འབྲེལ་ཡང་ཟེར་ལ། དེ་ལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་ལ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་མ་ཡིན་པ། འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ཡིན་ལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་མ་ཡིན་པ། གཉིས་ཀ་ཡིན་པ། གཉི་ག་མ་ཡིན་པའི་མུ་དང་བཞིར་རྗེ་བཙུན་ཆོས་རྒྱན་གྱིས«རྟེན་འབྲེལ་མཐའ་དཔྱོད»ན་གསུངས་འདུག་པ་ལྟར་རོ། །
[44] འདོད་ཆགས་དང་ཞེ་སྡང་། གཏི་མུག་གསུམ་མོ། །
[45] སྨྲ་ཤེས་པ་དང་དོན་གོ་བ། ཤེས་པ་རང་བཞིན་ཏུ་གནས་པ་སྟེ། «འདུལ་ཊཱིཀ་ཉི་ཟེར»ལས། སྤྱིར་བསྟན་ལས་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་པའི་གནད་ཀྱིས་སོ་ཞེས་འབྱུང་བ་ལྟར་རོ། །
[46] ཧྥུ་རན་ཁི་བཟེད་ལེའི«མི་ཆོས་རིག་པའི་སྔོན་འགྲོ»ཞེས་པ་ཀོང་ཞིའི་དགེ་འོས་སློབ་ཆེན་གྱི༢༠༠༢ལོའི་པར་གྱི་ཤོག་ངོས༡༡༨པ་ལས་དྲངས།
[47] ཧྥུ་རན་ཁི་བཟེད་ལེའི«མི་ཆོས་རིག་པའི་སྔོན་འགྲོ»ཞེས་པ་ཀོང་ཞིའི་དགེ་འོས་སློབ་ཆེན་གྱི༢༠༠༢ལོའི་པར་གྱི་ཤོག་ངོས༡༡༨པ་ལས་དྲངས།
[48] དོལ་པ་ཤེས་རབ་རྒྱལ་མཚན་གྱི«བེའུ་སྔོན་རྩ་འགྲེལ»སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་པར་གྱི་ཤོག་ངོས༩༦པ་ན་གསལ།
[49] མཁས་བཙུན་དང་མིག་དམར་གཉིས་ཀྱིས་བསྒྲིགས་པའི«བོད་ཀྱི་གནའ་རྩོམ་གཅེས་བསྒྲིགས»མི་རིགས་དཔེ་སྐྲུན་ཁང་གི༢༠༠༨ལོའི་པར་གྱི་ཤོག་ངོས༡༤༥པ་ན་གསལ།
འབྲེལ་ཡོད་འོས་སྦྱོར།
-
ཐུབ་བསྟན་རྒྱ་གར་ནས་བོད་ལ་དར་པའི་བྱེ་བྲག་གི་དུས་མཚམ...
-
བོད་ཀྱི་མི་ཆོས་ལྟ་སྤྱོད་སྟོད་ལྷ་རབས་དང་བར་སྲིད་བོན...