དགེ་རྒན་ཆེན་མོ་འགྱན་སངས་ལགས་ཀྱི་དཔྱད་རྩོམ་གསར་པ།
རྩོམ་པ་པོ།:འགྱན་སངས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-11
ཀློག་གྲངས།:
༄༅། །བོད་ཀྱི་མི་ཆོས་ལྟ་བའི་བྱུང་རབས་ལ་དཔྱད་པ།
འགྱན་སངས།
གནད་བསྡུས། བོད་ཀྱི་མི་ཆོས་ལྟ་སྤྱོད་སྟོད་ལྷ་རབས་དང་བར་སྲིད་བོན། སྨད་ཐུབ་བསྟན་གྱི་སྐབས་ཏེ། ཤེས་རིག་འཕེལ་སྐྱེད་ཀྱི་གནས་སྐབས་གསུམ་བརྒྱུད་ནས་རྩ་ལག་ཅན་དུ་གྲུབ་རྗེས། མི་ལོ་སྟོང་ཕྲག་དུ་མའི་ཡུན་ལ་ཡུལ་ལུང་འདིའི་བློ་དཔྱོད་དང་གོང་ཐང་ལྟ་ཚུལ། སྤྱོད་པའི་དཔེ་ལུགས་སོགས་ལ་ཁ་སྒྱུར་གྱི་ནུས་པ་ཐོན་ཅིང་། ཡུལ་དུས་མི་འདྲ་བའི་བོད་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལ་དེ་ལུགས་ཀྱི་བསླབ་སྟོན་ཅི་རིགས་གནང་ཡོད་པར་མངོན། རྩོམ་འདིས་མི་ཆོས་རིག་པ་སོགས་ཀྱི་དཔྱོད་ཐབས་སྤྱད་དེ་བོད་ཀྱི་མི་ཆོས་ལྟ་བའི་བྱུང་རབས་གནས་སྐབས་ཆེན་པོ་གསུམ་དུ་ཕྱེ་ནས། གནས་སྐབས་རེ་རེའི་མི་ཆོས་བསམ་བློ་ལ་རྗེས་དཔྱོད་རྒྱས་བསྡུས་རན་པ་ཞིག་སྤྲོས་འདུག
བརྡ་ཆད་གཙོ་བོ། མི་ཆོས་ལྟ་བ། རིག་གནས་དུས་སྐབས། མི་ཆོས་ཀྱི་བྱུང་རབས།
མི་རིགས་དང་ཤེས་རིག་གི་བྱུང་རབས་མི་འདྲ་གཤིས། མི་རིགས་རང་རང་ལ་མི་ཆོས་བྱུང་རབས་ཀྱི་དུས་མཚམས་འབྱེད་ལུགས་མི་འདྲ་བ་རེ་ཡོད་ངེས་པ་ཆོས་ཉིད་དེ། ནུབ་ཕྱོགས་པ་རྣམས་སྔ་གཞུག་ཏུ་མི་ཆོས་ལྟ་བའི་གནས་སྐབས་མི་འདྲ་བ་ཆེན་པོ་གསུམ་རིམ་ཅན་དུ་བརྒྱུད་མྱོང་བ་ལྟར། ཁ་བའི་བདག་པོ་རྣམས་ཀྱིས་ཀྱང་སྟོད་ལྷ་རབས་ཀྱི་སྐབས་ནས་བར་སྲིད་པའི་བོན་སྐབས་དང་། སྨད་ཐུབ་བསྟན་གྱི་གནས་སྐབས་ཏེ། ཤེས་རིག་གི་དུས་མཚམས་ཆེན་པོ་གསུམ་གྱི་རིང་ལ་བྱུང་བའི་མི་ཆོས་ཀྱི་རྩ་ལག་མི་འདྲ་བ་གསུམ་གྱི་བསླབ་སྟོན་རིམ་ཅན་དུ་མྱངས་ཡོད་པ་འདྲ་སྟེ།
དང་པོ། སྟོད་ལྷ་རབས་སྐབས་ཀྱི་མི་ཆོས།
སྟོད་ལྷ་རབས་སུ་བཏགས་པའི་གངས་རིའི་ཡ་ཐོག་གི་བསྐལ་པ་རིང་མོ་དེར། མོ་བོན(巫术)གྱི་རྣམ་པར་གྱུར་པའི་གདོད་མའི་རིག་གནས་དེ་ཉིད། ལྗོངས་འདིའི་སྣོད་བཅུད་ཆགས་གནས་དར་གསུམ་གྱི་རང་འབྱུང་ཆོས་ཉིད་ཆེན་པོའི་དབྱིངས་ལས་ཉེ་བར་འཁྲུངས་ནས། བོད་འབངས་མིའུ་གདུང་དྲུག་གི་བུ་རབས་ཚ་རྒྱུད་རྣམས་ལ་འཁོར་བའི་འཇུག་ལྡོག་གི་སྣེ་ཤན་བསླབ་བྱ་ཆད་མེད་དུ་གནང་སྟེ་མི་ལོ་སྟོང་ཕྲག་དུ་མའི་ནམ་ཟླ་རྫོགས་པ་ལ་རྩོད་པ་མེད་ནའང་། ཡུལ་ལུང་འདིའི་ཤེས་རིག་གི་བྱུང་རབས་རིང་མོ་ལོ་རྒྱུས་ཀྱི་ཕྲེང་ཐག་ལ་བརྒྱུས་པའི་དུས་ཤིན་ཏུ་ནས་འཕྱིས་དྲགས་པའི་རྐྱེན་གྱིས་དང་། ཁྱད་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ནས་སྨད་སིལ་ཆད་ཀྱི་བསྐལ་པ་མཇུག་མ་རྫོགས་བར་དུ། ཕྱོགས་ཞེན་རིས་གཅོད་ཀྱིས་བསླངས་པའི་གྲུབ་མཐའི་འཁྲུག་རྩོད་ཟམ་མ་ཆད་པར་བརྩམས་ནས་ལོ་རྒྱུས་ཀྱི་ཡིག་ཚང་རྩ་ཆེན་མང་པོ་འབྱུང་བཞིའི་ཞལ་དུ་ཕངས་མེད་དུ་ཕུལ་གཤིས། ད་ལྟ་དེ་ཕྱོགས་ཀྱི་དཔྱད་གཞི་ཡིག་རིགས་ལ་སྤྱིར་བཏང་གི་བྲག་བརྐོས་རི་མོ་དང་ཆོས་ལུགས་ཆོ་ག །སྲིད་པའི་བོན་སྐོར་གྱི་ཡིག་ཆ་དམ་དུམ་ཁག་ཅིག་མ་གཏོགས་ཅི་ཡང་ལྷག་མེད་པ་འདི་རེད། ཕྲན་ལ་མཚོན་ནའང་དེ་བཞིན་དུས་དེ་རིང་བར་དུ་འདི་ཕྱོགས་ཀྱི་དཔྱད་གཞིའི་ཡིག་རིགས་རྔོ་ཐོགས་ཁུངས་འཕེར་ཅན་ཅི་ཡང་ལག་སོན་མ་བྱུང་བས། ཡུལ་ལུང་འདིའི་སྟོད་ལྷ་རབས་སྐབས་ཀྱི་རིག་གནས་ཀྱི་དཔེ་ལུགས་ཅི་འདྲ་ཞིག་ཡིན་མིན་དང་། ཁྱད་པར་དུ་རིག་གནས་དེ་དང་འབྲེལ་བའི་མི་ཆོས་ལྟ་སྤྱོད་གང་འདྲ་ཞིག་ཡིན་མིན་སོགས་ལ་དཔྱོད་ཐབས་རྔོ་ཐོགས་ཅན་ཅི་ཡང་མ་རྙེད་ལ། ཐ་ན་རིག་གནས་དེའི་གནས་སྐབས་བྱེ་བྲག་ཏུ་ལོ་རྒྱུས་ཀྱི་མཚམས་ཚིགས་གང་འདྲ་ཞིག་ཏུ་གཞག་དགོས་མིན་ཡང་གཅིག་ཏུ་མི་ངེས་མོད། རྩོམ་རིག་བརྩམས་ཆོས་དག་ལས་མངོན་པའི་སྐབས་དེའི་རང་འབྱུང་གི་ཁྲིམས་དགོངས[1]དང་ཆོས་ལུགས་ཆོ་ག །ཁྱད་པར་དུ་ཁ་རུབ་རིག་གནས་རྗེས་ཤུལ་ལས་རྙེད་པའི་གྲོ་ནས་སྲན་གྱི་ས་བོན་དང་རྡོ་གྲི །རྡོ་རྡར། འཕང་ལོ་ལྟ་བུའི་རྡོ་ཆས་དང་། གཡག་ལུག་ར་ཕག་ལྟ་བུའི་ཁྱིམ་ཕྱུགས་ཀྱི་འགྱུར་རྡོ། མཆོད་བཤམས་དང་བསང་ཁྲི་ལྟ་བུའི་ལྷ་གསོལ་ཀླུ་གསོལ་གྱི་ཉེར་སྤྱད་རྣམས་སུ་མ་ཟད། དིང་རི་རྫོང་ཁོངས་ཀྱི་སྨན་རྗེ་བྲག་བརྐོས་རི་མོ་དང་། མངའ་རིས་རུ་ཐོག་གི་བྲག་བརྐོས་རི་མོ། ལྷ་ས་གྲོང་ཁྱེར་ཆུ་གོང་གྲོང་ཚོའི་རིག་གནས་རྗེས་ཤུལ་སོགས་ལས་མངོན་པའི་དད་མོས་ཀྱི་རྣམ་པ་དང་། ཁྱད་པར་དུ་ལྷོ་ཁ་གུང་དཀར་རྫོང་ཁོངས་ཀྱི་འཕྲང་པོ་ལུང་པའི་རིག་གནས་རྗེས་ཤུལ་ལས་མངོན་པའི་མཚན་མ་ལྷར་འཛིན་གྱི་དད་པའི་འབྲས་རྟགས་སོགས་གཞིར་བཟུང་ནས་དཔྱད་ན། སྐབས་དེའི་རིག་གནས་དཔེ་ལུགས་སམ་མི་ཆོས་ལྟ་སྤྱོད་ཀྱི་ཟ་ཟུར་ཙམ་ཞིག་མཐོང་ཐུབ་ལ། དེ་ཡང་མཚམས་ཚིགས་ཆེན་པོ་གསུམ་དུ་བསྡུས་ནས་བཤད་ཆོག་སྙམ་སྟེ།
དང་པོར་གྷི་རིག་པ་ཚོ་ལྟར་ཁ་བའི་མེས་པོ་རྣམས་ཀྱིས་རིགས་ཁྱུ་སོ་སོའི་རིགས་རུས་ཆོ་འབྲང་གི་ཕུགས་རྒྱུད་གནམ་རིམ་པ་བཅུ་གསུམ་ན་བཞུགས་པའི་ལྷ་ཚོགས་ལ་གཏུགས་ནས་རིགས་ཁྱུ་རང་གི་ཡབ་བླ་ལ་དད་པ་བྱས་ཡོད་པ་འདྲ་སྟེ། དཔེར་ན«ཡོ་ག་ལྷ་གྱེས་ཅན»གྱིས། གནམ་ས་གཉིས་ཀྱི་གོ་མ་ཕྱེ་སྔོན་ལ། སྲིད་པ་ཕྱྭ་ཡིས་བསྐོས་པའི་ཕྱྭ་ཡེ་མཁྱེན་ཆེན་མོ་བྱ་དེ་ཐོག་མར་བྱོན་ཅིང་། དེ་ལས་ལྷ་རབས་མཆེད་བཞི་དང་རྗེའི་མགུར་ལྷ་བཅུ་གསུམ། སྲིད་པའི་ལྷ་རབས་མཆེད་བཞི། ཡབ་ལྷ་བདལ་དྲུག །འོ་དེ་གུང་རྒྱལ། ཡར་ལ་ཤམ་པོ། དྭགས་ལྷ་སྒམ་པོ། ཐང་ལ་ཡར་བཞུར། ཀོང་ལ་དེ་ཡག །ཕྱྭ་ལྷ་བྲམ་ཆེན་མགོན་བཙུན། ཞང་ཞུང་གི་ལྷ་གེ་གོད། སུམ་པའི་ལྷ་འུ་རལ་སོགས་ལྷ་ཕྲན་གྲངས་མེད་ཅིག་རིམ་པར་བྱོན་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་མཆེད་དེ་རུས་ཚན་སྣ་ཚོགས་པ་དེ་རྣམས་བྱུང་ཞིང་། དེ་དག་ལས་རྨུ་ཡུལ་དུ་མཆེད་པའི་ལྷ་དེ་ལས་གཉའ་ཁྲི་བཙན་པོ་འཁྲུངས་ནས་བཙན་པོའི་རིགས་རྒྱུད་ཟམ་མ་ཆད་པར་བྱུང་བར་བཤད་ཚུལ«ལྡེའུ་ཆོས་འབྱུང»དུ་དྲངས་འདུག་པ་ལྟར་རེད། དེ་ལྟ་བུའི་ཡབ་བླའི་དད་མོས་ཀྱི་བག་ཆགས་རྗེས་རབས་པའི་ཀུན་གཞིའི་ཞིང་ལ་ཡལ་མེད་དུ་བཏབ་པས། སྟོད་ལྷ་རབས་ཀྱི་སྐབས་ནས་བར་མངའ་དར་གྱི་བར་དང་། དེ་ནས་སྨད་སིལ་ཆད་ཀྱི་སྐབས་གང་ཡིན་ཀྱང་། རྒྱ་གར་པས་ཁོང་ཚོའི་གདུང་རྒྱུད་འོད་གསལ་གྱི་ལྷ་ལ་གཏུག་པ་ལྟར་འུ་ཅག་ལའང་མི་རིགས་རང་གི་སྐྱེ་རྒྱུད་ཆད་ཁུངས་འདོད་ལྷ་ལ་གཏུག་སྲོལ་ཞིག་ཡོད་པ་བཙན་པོའི་སྐབས་ནས་ས་སྐྱའི་རྒྱལ་རབས་བར་དུ་མ་ཉམས་པར་ཡོད་པ་ལྟ་བུ་རེད། དེ་ལྟ་བུའི་ཡབ་བླའི་དད་མོས་ཀྱི་རིག་གནས་ལ་གནས་འགྱུར་བྱུང་ནས་མཐར་འཛམ་གླིང་མེས་པོ་ཐུན་མོང་ལ་ཁྱད་མེད་དུ་བྱུང་བའི་སྣོད་ཀྱི་ལྷ་ཚོགས་ལ་གསོལ་མཆོད་ཞུས་ཏེ་འཁོར་བའི་སྐྱིད་སྡུག་ཐག་གཅོད་པའི་མི་ཆོས་ཀྱི་རྣམ་གཞག་དེ་བྱུང་ཡོད་པར་མངོན། དེ་ལུགས་ཁ་རུབ་རིག་གནས་རྗེས་ཤུལ་ལས་གཞན། ཏུན་ཧོང་ནས་ཐོན་པའི་གཤིན་མཆོད་སྐོར་གྱི་ཤོག་དྲིལ་དག་གིས་ཀྱང་བདེན་པར་བསྒྲུབས།
བར་དུ་རིགས་ཁྱུ་རྣམས་མི་ལོ་ཁྲི་ཕྲག་དུ་མའི་ནམ་ཟླ་བརྒྱུད་ནས་ཚོ་པའི་རྣམ་པར་འཕེལ་སྐྱེད་བྱུང་བ་དང་བསྟུན་ནས་བླ་གནས་ཀྱི་རིག་གནས་བྱུང་བ་ཡིན་ལུགས་འཛམ་གླིང་མེས་པོ་སྤྱི་ལ་མཚུངས། རིག་གནས་དེ་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ཆོས་སྐོར་ལ་ལྟ་བའི་བཞེད་ཚུལ་དུ་མ་ཡོད་པ་ལས། གྲགས་ཆེ་བ་ནི་དབྱིན་ཇིའི་མིའི་རིགས་རིག་པ་བ་མཱ་ལིན་ནོ་ཧྥུ་སི་ཀེ་དང་སྤྱི་ཚོགས་རིག་པ་བ་རྦུ་རོན[2]གཉིས་དང་། ཧྥ་རན་སིའི་མིའི་རིགས་རིག་པ་བ་ཊོར་ཁེམ[3]དང་སི་ཐྲི་རའོ་སི[4]སོགས་ཏེ། ཊོར་ཁེམ་གྱིས་བླ་གནས་ནི་རིགས་ཁྱུ་ནང་ཁུལ་དུ་འབྱུང་ངེས་ཀྱི་ཕོ་མོའི་ཆགས་སྦྱོར་ཟློག་བྱེད་དེ། མཚོན་བྱེད་དུ་གྱུར་པའི་སྲོག་ཆགས་དེ་རིགས་ལ་ལྷའི་མཚན་རེ་བཏགས་ནས་དད་པ་བྱས་ཏེ་གཉེན་ཉེའི་ཆགས་སྲེད་ཟློག་ཐབས་བྱས་པ་ཡིན་པའི་ལྟ་བ་བཏོན། མཱ་ལིན་ནོ་ཧྥུ་སི་ཀེས་བླ་གནས་ནི་གེགས་ཟློག་རིང་འཚོ་སོགས་ལ་སྨན་པའི་བཟའ་བྱ་རོ་བརྒྱ་བ་དེ་ལ་སྲེད་པའི་དབང་གིས་རིམ་གྱིས་མཆོད་བཀུར་ཞུ་ཡུལ་དུ་གྱུར་པ་ཡིན་པའི་དགོངས་པ་བཏོན། རྦུ་རོན་ཀྱིས་བླ་གནས་ནི་ཊོར་ཁེམ་གྱིས་བཤད་པའི་ལྷའི་མཚན་ལ་བརྟེན་པའི་བརྡ་རྟགས་ཙམ་མ་ཡིན་ལ། མཱ་ལིན་ནོ་ཧྥུ་སི་ཀེ་ལགས་ཀྱིས་བཤད་པའི་བཟའ་བྱའི་མཆོག་ཏུ་གྱུར་དབང་གིས་ཀྱང་མ་ཡིན་པར་སྐྱེ་བོའི་རྒྱུད་ཀྱི་གཉིས་འཛིན་གྱི་ཆ་དེ་ཕྱི་སྲོག་ཆགས་ཀྱི་སྟེང་དུ་འཕྲོ་ཚུལ་དངོས་ཏེ། བླ་གནས་ཐམས་ཅད་ཆ་བཅས་ཀྱི་སྒོ་ནས་མངོན་འོང་བ་དེས། རིགས་ཁྱུ་རང་གཞན་ནམ་སྤྱི་ཚོགས་ཀྱི་རིགས་རྣམ་མི་འདྲ་སོ་སོར་འགེར་བྱེད་ཀྱི“བསྡུས་མཚོན”ཡིན་པའི་ལྟ་བ་བཏོན། སི་ཐྲི་རའོ་སི་ལགས་རྦུ་རོན་གྱི་རྗེས་སུ་འབྲངས་ཤིང་། ཧྥ་རན་སིའི་མཚན་ཉིད་མཁན་པོ་རུ་སོ་དང་འཇར་མན་གྱི་མཚན་ཉིད་མཁན་པོ་རྦེར་རྒ་སན[5]གྱིས། བླ་གནས་ནི་མི་ཚོས་རང་ཉིད་དང་དུད་འགྲོའི་ཁྱད་ཕྱེ་བ་ལ་བརྟེན་ནས་སྣོད་ཀྱི་འཇིག་རྟེན་ལ་དཔྱོད་མགོ་ཚུགས་པའི་འབྲས་རྟགས་ཡིན་པར་འདོད་པའི་རིགས་པ་དེ་སྤྱད་ནས། བླ་གནས་ནི་སྤྱི་ཚོགས་ཀྱི་མཚོན་བྱེད་ཙམ་མ་ཡིན་པར་དོན་ལ་བློ་རྟོགས་ཀྱི་སྒྲིག་གཞི་སྟེ་སྐྱེ་བོའི་གཉིས་འཛིན་གྱི་བློ་དེ་ཕྱི་རོལ་ཡུལ་དུ་འཇུག་ཚུལ་དངོས་ཡིན་པའི་ལྟ་བ་བཏོན། དེས་རིགས་བསྒྲེས་ན། དེ་སྐད་དུ། ལྡོང་ནི་ས་ཁམས་ཤ་བར་བླ། །འབྲུ་ནི་ཆུ་ཁམས་གཡག་ལ་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །སྒ་ནི་ཤིང་ཁམས་ལུག་ལ་བླ། །ཞེས་པའི་གསུང་རྒྱུན་ཞིག་ཡོད་པ་འདིས། འུ་ཅག་གི་མེས་པོ་རྣམས་ཀྱིས་གཡག་ལུག་ཤ་རྐྱང་སོགས་ཀྱིས་མཚོན་པའི་སེམས་ཅན་དག་རུས་ལྷའི་སྐུ་དོད་དམ་བླ་གནས་སུ་བཀུར་ཏེ། རིགས་ཁྱུ་རང་གི་སྐྱེ་རྒྱུད་མཆེད་ཁུངས་གསལ་པོར་ངེས་བཅུག་ཐོག །རུས་རྒྱུད་ཚོ་ཁག་ཐུན་མོང་གི་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས་རང་གཞན་དང་དགྲ་གཉེན་གྱི་དབྱེ་བའང་གསལ་པོར་ཕྱེ་བ་ཡིན་ལུགས་བསྟན་འདུག་སྙམ། དེར་མ་ཟད། ལྷ་སྔགས་ཀྱི་མཐུ་སྟོབས་ནུས་རྩལ་ལ་ཡིད་རབ་ཏུ་ཆེས་པའི་རྒྱུ་སྔོན་སོང་ལ་བརྟེན་ནས། སྣོད་ཀྱི་འབྱུང་བ་ལྔའི་སྟོབས་དང་ནུས་པའང་ལྷ་སྔགས་ཀྱི་ནུས་པར་སྒྲོ་བཏགས་ནས་གསོལ་བསྟོད་མཆོད་འབུལ་བྱས་ཡོད་ལུགས«ཀུན་གྲོལ་རླུང་ལྷའི་རྒྱུད»སོགས་ལས་འབྱུང་བ་ལྟར་རེད། དེ་ལྟ་བུའི་ལྷ་སྔགས་མཆོད་བཀུར་དང་འབྲེལ་བའི་གདོད་མའི་མི་ཆོས་ལ། སྔ་གཞུག་ཏུ་རྒྱ་གར་ནག་སྟག་གཟིག་སོགས་ཡུལ་གྲུ་གཞན་གྱི་མོ་བོན་རིག་གནས་ཀྱི་མི་ཆོས་བསམ་བློའི་ཤན་ཡང་ཕོག་རྐྱེན། སྔོན་གྱི་རུས་རྒྱུད་ཚོ་པ་མཚོན་བྱེད་ཀྱི་བླ་རྣམས་རིམ་གྱིས་སྟག་སེང་ཁྱུང་གཡག་གམ་སྟག་སེང་ཁྱུང་འབྲུག་སྟེ་རྩ་ལག་གཅིག་ཏུ་བསྡུས་པའི་གཉན་ལྷ་བཞི་རུ་འཕེལ་པར་མ་ཟད། འབྱུང་ལྔའི་བླ་དང་རླུང་རྟ་སྡེ་བཞི་བར་གྱི་དབྱེ་སྡུད་ཀྱང་གསལ་པོར་མཛད་ནས་གསོལ་བསྟོད་མཆོད་འབུལ་ཞུས་ཡོད་པར་མངོན།
མཐའ་མར་སྣོད་ཁམས་ཀྱི་བླ་གནས་སམ་སྣོད་ཀྱི་ཆོས་ཉིད་ལྷ་རུ་བཀུར་ལུགས་དེར་ངོ་བོའི་གནས་འགྱུར་བྱུང་བ་ན། འགྲོ་བ་མི་རང་ཉིད་ལྷ་རུ་འདུ་ཤེས་པའི་དད་པ་སྟེ། བླ་རི་དང་བླ་མཚོ། བླ་རྡོ། བླ་གཡུ། བླ་ཤིང་། བླ་བྱ། བླ་ཉ་སོགས་མེས་པོའི་བླ་སྲོག་མུ་མཐུད་ནས་འབྱུང་བཞིའི་དངོས་པོ་ལ་ཞུགས་གནས་ཐིམ་གསུམ་བྱས་ཏེ་གསོན་ཡོད་པར་འདོད་པ་སྟེ། མེས་པོའི་བླ་གནས་སྐྱབས་ཡུལ་དུ་བཟུང་ནས་མཆོད་ལུགས་དེ་བྱུང་ཡོད་པར་མངོན། ཆོས་ལུགས་རིག་པ་བ་ཁ་ཅིག་ལྟར་ན། བླ་ཞེས་པའི་བརྡ་ཆད་འདི་ཐོག་མར་ཨེབ་ཅིའི་ཆོས་ལུགས་སུ་བྱུང་ཞིང་། སྔོན་གྱི་བརྒྱ་ལོ25པའི་སྔ་གཞུག་ཏུ་གྷི་རིག་ལུང་པར་མཆེད། དེའི་རྗེས་སུ་ཡུན་གྱིས་ཆོས་ལུགས་གཞན་དག་ཏུ་མཆེད་པར་བཤད། དེའི་དོན་འོད་ཟེར་དང་མཐུ་སྟོབས། རྣམ་ཤེས། ཉེ་འབྲེལ་སོགས་སུ་འགྲེལ། སྤྱིར་བཏང་གི་བླ་ཞེས་པ་རིགས་ཁྱུའམ་རིགས་རྒྱུད་ཐུན་མོང་གི་ཆད་ཁུངས་སུ་བཞག་གཤིས། དེ་རུས་བླ་དང་སྣོད་ཀྱི་བླ་སོགས་དང་མི་འདྲ་ལུགས་ནུབ་ཕྱོགས་མཁས་པ་ཁ་ཅིག་གིས་འཆད་ཀྱང་སྐབས་སུ་མ་བབས་པས་གཞག །ཐ་སྙད་འདི་བོད་ལ་མཆེད་ནས་གངས་ལྗོངས་ཐུབ་བསྟན་གྱི་སྐབས་སུ་སླེབས་པ་ན། བླ་ནི་སྲོག་གི་རྗེས་འགྲོ་བྱེད། །ཟེར་བ་ལྟར་དེ་ཀུན་གཞིའི་རྣམ་ཤེས་སམ་བག་ཆགས་དང་། ཐིག་ལེའི་དྭངས་མ་སོགས་སུ་འགྲེལ་ལུགས་ཤིག་ཀྱང་བྱུང་ཡོད་པར་སྣང་། དེང་གི་སྐད་ཆའི་རྩ་ལག་ཁག་ཅིག་གི་ནང་དུ་དེ་ཉིད་ཐུན་མོང་གི་བརྡ་སྐད་ཅིག་ཏུ་གྲུབ་འདུག་པ་དཔེར་ན། ཆོས་ལུགས་རིག་པས་བཞེད་པའི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་ལས་ཨཱརྱཎ་ཆོས་ལུགས་ཀྱི་རྩ་ལག་ཏུ་གྱུར་པའི་ཆོས་གཞུང་སྟེ། གྷི་རིག་གི་ཆོས་གཞུང་དང་བྲམ་ཟེའི་ཆོས་གཞུང་ཁག་གཅིག་གི་ནང་དུ་སྒྲ་གཅིག་དོན་མཚུངས་ཀྱི་སྒོ་ནས་བྱུང་ཡོད་པར་མ་ཟད། རྗེས་སུ་ཧེ་སྦུ་རའོ་ཆོས་ལུགས་དང་ཏུ་རུ་ཀའི་ཆོས་ལུགས་ཏེ་ཆོས་ལུགས་ཆེན་པོ་གཞན་གཉིས་ཀྱི་ནང་དུའང་འདྲེས་ཡོད་པར་བཤད་པ་ལྟར་རེད།
དེ་ལྟར་སྟོད་ལྷ་རབས་སྐབས་ཀྱི་རིག་གནས་ཀྱི་འཕེལ་རིམ་འོལ་ཚོད་ཀྱིས་དུས་མཚམས་གསུམ་དུ་ཕྱེ་ནའང་། དེ་གསུམ་གྱི་བྱེ་བྲག་གི་མཚམས་ཚིགས་དུས་གང་དང་གང་ཞིག་ལ་གཞག་རྒྱུ་ཤིན་ཏུ་འཆད་དཀའ་ནའང་། ས་འོག་ནས་ཐོན་པའི་རིག་གནས་ཀྱི་འབྲས་རྟགས་ལས་དཔྱད་ན། སྟོད་ལྷ་རབས་རིག་གནས་ཀྱི་གནས་སྐབས་སྤྱི་ཕལ་ཆེར་སྔོན་གྱི་བརྒྱ་ལོ50པ་ནས་སྔོན་གྱི་བརྒྱ་ལོ5པའམ4པའི་བར་རམ། འཕྱིས་མཐའ་ཡང་སྔོན་གྱི་བརྒྱ་ལོ3པའི་བར་ལ་གཞག་ཆོག་པར་མ་ཟད། སྐབས་དེའི་དཔལ་འབྱོར་གྱི་འཚོ་བ་ཞིང་ལས་གཙོར་བྱས་རྔོན་ལས་ལའང་ཅུང་ཟད་བརྟེན་པའི་ཞིང་ཕྱུགས་ཟུང་འབྲེལ་གྱི་རྣམ་པར་སླེབས་ཡོད་ལུགས་ཟུར་ཙམ་རྟོགས་ནུས། དེས་རིགས་བསྒྲེས་ན། ཁུ་སྟོན་དང་རྒྱ་ལྷ་པོ་གཉིས་ཀྱིས་མཛད་པའི«ལོག་ནོན་ཆེན་མོ»ལས། ཡོན་ཏན་དུ་མ་ལྡན་པའི་བོད་ཁམས་འདི། །གཉའ་ཁྲི་བཙན་པོ་མ་གཤེགས་མན་ཁུམས་སུ། །ཆོས་ལུགས་མི་མཐུན་དབང་བྱས་རིམས་ཀྱིས་བྱུང་། །ཞེས་དང་། ཀུན་ཀྱི་ཐ་མར་རྒྱལ་ཕྲན་བཅུ་གཉིས་དང་། །རྒྱལ་ཕྲན་སིལ་མ་བཞི་བཅུས་བྱས། །ཡུལ་གྱི་མིང་ནི་སོ་ཁ་བརྒྱད་དུ་བཏགས། །ཞེས་བཙན་པོའི་རྒྱལ་རབས་མ་ཚུགས་སྔོན་ལ། གནོད་སྦྱིན་ནག་པོ་དང་རེ་ཏེ་མགོ་གཡག་ལ་སོགས་པའི་རུས་རྒྱུད་ཚོ་པའི་རྒྱལ་རབས་བཅུ་བྱུང་ཞིང་། དེའང་བཅུ་གཉིས་དང་བཞི་བཅུ་སོགས་སུ་འཕེལ་པར་བཤད་པ་དེ་ཚོའི་མགོ་ཁུངས་ཀྱང་སྔོན་གྱི་བརྒྱ་ལོ50པའི་ཡར་སྔོན་ནས་ཚུགས་ཡོད་པར་བརྟག་པ་མཐའ་གཟུང་བྱེད་ཆོག་ལ། སྔོན་གྱི་བརྒྱ་ལོ5པ་ནས4པར་སླེབས་པ་ན། དེ་དག་ལ་གང་ཅིའི་འཕེལ་སྐྱེད་བྱུང་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་འཕེལ་ཅིང་། དེ་དག་ཀྱང་ཡུན་གྱིས་བཞི་བཅུར་འཕེལ་པ་དང་བསྟུན་ནས། དེ་ལུགས་ཀྱི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཀྱི་རྣམ་གཞག་འདྲ་མིན་ཅི་རིགས་རིམ་ཅན་དུ་བྱུང་ཡོད་པ་རྗེས་སུ་དཔོག་ཐུབ།
ཡང་དེ་ཉིད་ལས། རྒྱལ་ཕྲན་བཅུ་གཉིས་དུས་ཙམ་ན། །གངས་རི་རྩ་འདྲ་རྒྱལ་ཕྲན་བཅུ་གཉིས་པོ། །ཁྲོ་ལ་གཏུམ་བས་གསོད་དང་གཅོད་ལ་དགའ། །ལེགས་ཉེས་མྱི་རྩི་སྐྱོན་རང་རྟག་ཏུ་འཇུག །ཞེས་པའི་རྗེས་སུ«ལྷོ་བྲག་ཆོས་འབྱུང»འབྲངས་ནས་རྒྱལ་ཕྲན་སིལ་མའི་གནས་སྐབས་དེ་དག་ལ། བོད་སྒང་པའི་ཡིད་ཅན་རྣམས་ལ་དྲང་ལྡོག་བདེན་རྫུན་དང་ལེགས་ཉེས་འགྲིག་མིན། བྱམས་དང་སྙིང་རྗེ་མེད་པར་འཐབ་རྩོད་གསོད་གཅོད་ཀྱི་ངང་ལ་གནས་པར་བསྟན་པ་དེ། ལོ་རྒྱུས་བྱེད་པོ་རང་ཉིད་འཚོ་གཞེས་གནང་སྐབས་ཀྱི་སྤྱི་ཚོགས་ཤེས་སྤྱོད་ལ་ལྟོས་ནས་བཤད་པ་སྟེ། འཆད་ལུགས་དེས་སྐབས་དེའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་དཔལ་འབྱོར་གྱི་ཁ་སྟབས། ཤེས་རིག་ཀྱི་ཆུ་ཚད་རྣམས་གདོད་མའི་རྣམ་སྲོལ་དུ་ལུས་ཡོད་ལུགས་བསྟན་པ་རེད་མ་གཏོགས། སྟོད་ལྷ་རབས་སྐབས་ཀྱི་མེས་པོ་རྣམས་ལ་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་རྩ་བ་ནས་མེད་པར་བཤད་པ་ག་ལ་ཡིན་ཏེ། དཔེར་ན། གོང་དུ་དྲངས་པའི་ལུང་ཚིག་སྟེ། གཉའ་ཁྲི་བཙན་པོ་མ་གཤེགས་མན་ཁུམས་སུ། །ཆོས་ལུགས་མི་མཐུན་དབང་བྱས་རིམས་ཀྱིས་བྱུང་། །ཞེས་པ་འདིས་ཀྱང་སྐབས་དེར་ཡུལ་ཆོས་དང་རིགས་ཆོས་སོགས་རིགས་རྒྱུད་ཚོ་ཁག་རང་གི་ངོ་བོར་གྲུབ་ཡོད་པར་བསྟན་ཅིང་། དགའ་ཐང་འབུམ་པ་ནས་རྙེད་པའི་ཤོག་དྲིལ་ཞིག་ཏུའང་། “གནམ་གྱི་བོན་མོ་སྡིང་ང་སྡྀང་ལོམ་དང་། ས་འི་བོན་མོ་འབྱོ་ར་འབྱོར་འཇོང་གཉིས་ཀྱིས། །ཤ་གྱི་མོ་རྡེའུ་བཞི་བཅུ་རྩ་གཉིས་ལ། །གཏོ་དང་མོ་བགྱིས་ན། །བདུད་དང་ལྟས་ངན་བབ། །གཤེན་བཞི་སྤྱན་དྲང་འཚལ། །གླུད་བཞི་གཏང་བར་བཟང་། །བདུད་བོན་དྲེང་ནག་ཆུ་ལྕགས་དང་། ཐར་བོན་དྲུ་སྐྱོལ་དང་། གླུད་བོན་ངག་སྙན་དང་། གཤེན་རབ་མྱི་བོ་བཞི། ཡབ་བླ་བདལ་དྲུག་གིས། གཤེན་བཞི་སྤྱན་དྲངས་སོ”[6]ཞེས་གཉའ་ཁྲི་བཙན་པོའི་ཡར་སྔོན་དུ་ཤེས་རིག་གི་ཚད་མཐོ་ངེས་སུ་སླེབས་ཡོད་པར་བསྟན་པར་མ་ཟད། «ལྡེའུ་ཆོས་འབྱུང»ལས། རྨུ་ཚ་ལྷ་རྗེ་གཉའ་ཁྲི་བོད་འབངས་ཕ་དགུ་ཡུལ་གྱི་རྗེ་བོར་གདན་འདྲེན་སྐབས། “གཉའ་ཁྲི་བཙན་པོའི་ཞལ་ནས། ས་མ་གི་ན་རྐྱེན་སྣ་ཚོགས་ཡོད། རྐུ་ཡོད། དུག་ཡོད། སྡང་ཡོད། དགྲ་ཡོད། གདོན་ཡོད། རྫུན་ཡོད། སྲི་ཡོད། ཅན་ཡོད། བྱད་ལྟེམས་ཡོད། གཡོ་ཡོད། ང་མི་འགྲོ་གསུངས་ནས”འགྲོ་ཁ་མ་ཉན་པ་ལ། འདྲེན་མཁན་དེས“ཡང་བསྐྱར་ཏེ་ཞུས་པ། རྐུ་ལ་ལན་མཆིས། སྡང་ལ་བྱམས་མཆིས། དུག་ལ་སྨན་མཆིས། དགྲ་ལ་ཟུན་མཆིས། གདོན་ལ་ལྷ་མཆིས། རྫུན་ལ་བདེན་མཆིས། སྲི་དང་ཅན་ལ་གནན་ཐབས་མཆིས། བྱད་ལྟེམས་ལ་བསྒྲལ་ཐབས་མཆིས། གཡོ་ལ་དྲང་མཆིས། གཡག་ལ་མཚོན་མཆིས”[7]ཞེས་ལན་ཕུལ་བར་བཤད་པ་སོགས་ཀྱིས་ཀྱང་། གཉའ་ཁྲིའི་སྐུ་རིང་ཙམ་དུ་མ་ཟད། དེའི་སྔོན་གྱི་རྒྱལ་ཕྲན་སིལ་མ་དག་གི་སྐབས་སུའང་གདོད་མའི་ཆོས་ལུགས་དང་འབྲེལ་བའི་དྲང་ལྡོག་ལེགས་ཉེས་དང་དགྲ་གཉེན་བྱམས་སྡང་གི་འདོར་ལེན་མངོན་པར་གསལ་བའི་མི་ཆོས་དང་ཀུན་སྤྱོད་ཀྱི་རྣམ་གཞག་གྱ་ནོམ་པ་བྱུང་ཡོད་ལུགས་རྗེས་སུ་དཔོག་ནུས་པའི་ཕྱིར་རོ། །
དོན་བསྡུས་ན། སྟོད་ལྷ་རབས་རིག་གནས་ཀྱི་གནས་སྐབས་དེ་ལ། ཁ་བའི་ལྗོངས་སུ་རུས་རྒྱུད་ཀྱི་བླ་གནས་དང་མེས་པོའི་བླ་གནས། ལྷ་གསོལ་ཀླུ་མཆོད་ཀྱི་ཆོ་ག་ལྟ་བུའི་བླའི་རིག་གནས་དང་ཉེ་བར་འབྲེལ་བའི་རྣམ་ཤེས་ཀྱི་ལྟ་བ་རིམ་ཅན་དུ་བྱུང་བ་ལ་བརྟེན་ནས། དེ་འབྲེལ་གྱི་མི་ཆོས་བསམ་བློ་སྟེ། འཚོ་གནས་ཀྱི་དགོས་དབང་གི་ཆེད་དུ་སྣོད་བཅུད་ཀྱི་ཆོས་ཉིད་ལ་རང་བསམ་གྱིས་གཙི་འཇོག་བྱེད་པའི་བསམ་སྦྱོར་རམ། ལྷ་ཀླུ་གཉན་གསུམ་དང་བླ་གནས་འདྲེ་སྲིན་སོགས་ལ་སྐྱབས་སུ་སོང་སྟེ་དེ་དག་དཔུང་གཉེན་སྡོང་གྲོགས་སུ་འཛིན་ལུགས་ལས་རང་ཤུགས་སུ་བྱུང་བའི་གདོད་མའི་མི་ཆོས་ཏེ། དགྲ་འདུལ་གཉེན་སྐྱོང་དང་བདེན་རྫུན་ལེགས་ཉེ། དགའ་སྡུག་བྱམས་སྡང་། རིགས་རྒྱུད་སྐྱེ་འཕེལ། འདྲ་བདེན་དྲང་སྤྱོད། ཚོ་བའི་མང་གཙོ་སོགས་དགོངས་གཞིར་བྱས་པའི་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་ཡུལ་ཆོས་དང་རིགས་ཆོས་ཀྱི་ངོ་བོར་གནས་པ་དེ་བྱུང་ཡོད་པར་མངོན་ནོ། །
གཉིས་པ། བར་སྲིད་བོན་སྐབས་ཀྱི་མི་ཆོས།
སྟོད་ལྷ་རབས་ཏེ་མོ་བོན་རིག་གནས་ཀྱི་སྐབས་སུ། མི་རྣམས་ཀྱིས་རང་སྟོབས་ལ་བརྟེན་ནས་ཕྱིའི་དགྲ་བགེགས་བར་གསུམ་ཟློག་ལ་བརྩོན་ཅིང་། སྣོད་ཀྱི་ཆོས་ཉིད་ལ་ཡིད་རྟོན་རུང་བར་མ་ཟད། དེ་ཉིད་རང་རང་གི་བསམ་དོན་འགྲུབ་པའི་མཐུན་རྐྱེན་དུ་སྒྱུར་ཡང་ཆོག་པར་འདོད་ནས་ལོ་ཟླ་མང་པོ་ཟད། མཐའ་མར་དེ་ལྟ་བུའི་རང་སྣང་དབང་བཙན་དེ་རྩ་བ་ནས་འཁྲུལ་རྟོག་ཡིན་པར་ངོས་ཟིན་པ་ན། སྐྱེ་བོ་རང་ལྡོག་གི་བློ་སྟོབས་ལུས་རྩལ་རྣམས་ནུས་མེད་འཁོས་ཞན་དུ་མཐོང་ནས་ཁེངས་སྐྱུང་དང་བཅས་སྣོད་ཀྱི་འཇིག་རྟེན་འདིའི་མི་མངོན་དབྱིངས་ན་ལྷ་ཆེན་མཐུ་སྟོབས་ནུས་པའི་བདག་ཉིད་དུ་གྱུར་པ་ཞིག་བཞུགས་ཡོད་པར་ཡིད་ཆེས་ནས་དེ་ལ་སྐྱབས་སུ་འགྲོ་མགོ་ཚུགས་པ་ན། སྟོད་ལྷ་རབས་སྐབས་ཀྱི་མོ་བོན་རིག་གནས་དེ་ཡུན་གྱིས་རང་འབྱུང་ཆོས་ལུགས་ཀྱི་ལྟ་སྤྱོད་དུ་འགྱུར་མགོ་ཚུགས་པ་ཡིན་ཚུལ་མིའི་རིགས་རིག་པ་བ་ཧྥི་རེ་ཟིར[8]སོགས་ཀྱིས་བཤད་པ་ལྟར་འུ་ཅག་ལ་མཚོན་ནའང་དེ་བཞིན་ཏེ། ཇི་སྐད་དུ«ལོ་རྒྱུས་ཆེན་མོ»ལས། དེ་ནས་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། །ཆོས་ལུགས་བཟང་པོ་ལྷ་ཡི་ཆོས་ལུགས་བྱུང་། །དེ་ཚེ་ལྷའི་གཙུག་ལག་བོན་དང་ཆས་ནས་བྱོན། །ཞེས་དང་། སུམ་པའི་བོན་པོ་སྤོ་ཡོ་རྒྱལ་བ་བཏུལ། །ལྷ་ཡི་ཆོས་ལུགས་སྒྲུང་དང་ལྡེའུ་བྱུང་། །ཞེས་པ་ལྟར་དུས་ཀྱི་རྒྱལ་མོས་སྟོད་ལྷ་རབས་ཀྱི་ལེའུ་མཇུག་རྫོགས་ནས་བར་མངའ་དར་གྱི་ཐོག་མའི་སྐབས་ཏེ་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་སླེབས་པ་ན། སུམ་པོ་བོན་པོ་སྤོ་ཡོ་རྒྱལ་བ་དང་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་མཚོན་པའི་ཆོས་པ་མང་པོ་བྱོན་པར་མ་ཟད། སྒྲུང་དང་ལྡེའུ་གཉིས་ཀྱང་བྱུང་ནས་ཆབ་སྲིད་ལ་རམ་བཏེགས་པས་མཚོན། སྟོད་ལྷ་རབས་སྐབས་ཀྱི་མོ་བོན་རིག་གནས་དེ་སྲིད་པའི་བོན་གྱི་ལྟ་སྤྱོད་དུ་འགྱུར་མགོ་ཚུགས་ཞིང་། དེའི་བར་དུ་ཡུལ་ཡར་ལུང་གི་རིགས་ཁྱུ་མི་འདྲ་བ་རྣམས་གོང་བུ་གཅིག་ཏུ་དྲིལ་ནས་མི་རིགས་རང་མཚན་པའི་ལམ་དུ་གོམ་པ་དང་པོ་སྤོས་པ་ན། སྲིད་པའི་བོན་གྱིས་འཁོར་བའི་ཁ་སྟབས་ལ་རང་གནས་རང་ལྡོག་གི་དགེ་བོགས་ཟམ་མི་འཆད་པར་གཟུགས་ཅན་དུ་བྱས་ནས། གཞུག་གི་བརྒྱ་ལོ8པའི་དཀྱིལ་སྨད་དེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྨད་བར་དུ་འཚོ་གཞེས་གནང་ཡོད་པར་མངོན་ནོ། །
རིག་གནས་གནས་འགྱུར་གྱི་གནས་ཚུལ་དངོས་ལས་དཔགས་ན། བར་མཚམས་དེའི་རིག་གནས་ཀྱི་བྱུང་རབས་ཀྱང་དེ་ལྟར་བྱེ་བྲག་གི་དུས་མཚམས་མི་འདྲ་བ་གསུམ་དུ་བསྡུས་ནས་བཤད་ཆོག་པར་སྣང་སྟེ། གཉའ་ཁྲིའི་སྐབས་སུ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་རབས་རིག་གནས་དེ་སྲིད་པའི་བོན་ལ་གནས་འགྱུར་བྱུང་ཞིང་། དེ་ནས་མར་གནམ་གྱི་ཁྲི་དྲུག་གམ་བདུན་གྱི་བར་དུ་གྲུབ་པ་ཐོབ་པའི་གཤེན་དགུ་དང་མཁས་པ་མི་དགུ །མཐུ་བོ་ཆེ་མི་དགུ །བོན་ཆེན་བཞི་བཅུ་རྣམས་བྱོན་ནས་བོན་གྱི་རྣམ་གྲངས་གསར་པ་མང་པོ་སྤེལ་པར་མ་ཟད། དེ་ལ་རིམ་གྱིས་པར་ཟིག་གི་མེ་ལྔ་བསྟེན་པའི་ཆོས་ལུགས་སམ་གཤེན་ཆོས(祆教)སུ་གྲགས་པའི་གྲུབ་མཐའ་དེའི་རྒྱུ་གཉིས་སྨྲ་བའི་ཤན་ཡང་ཞུགས་པས། དགྲ་གཉེན་དང་ཕྱི་ནང་། ཚ་གྲང་། སྣང་མུན་སོགས་ཀྱི་འཇིག་རྟེན་ལྟ་ཚུལ་ལམ་གོང་ཐང་ལྟ་ཚུལ་རང་མཚན་པ་དེ་ཡང་ཆགས་པས་མཚོན། ཤེས་རིག་གི་རྩ་ལག་སྤྱི་ལ་གནས་འགྱུར་ཆེན་པོ་བྱུང་ཡོད་པར་བསྟན་པར་བལྟས་ན། གཉའ་ཁྲི་བཙན་པོ་ནས་དྲི་གུམ་བཙན་པོའི་བར་གྱི་ཤེས་རིག་གི་བྱུང་རབས་དེ། སྲིད་པའི་བོན་གྱི་ཤེས་རིག་རྩ་ལག་སྤྱི་དང་དེ་འབྲེལ་གྱི་མི་ཆོས་ལྟ་བར་གནས་འགྱུར་བྱུང་བའི་དུས་མཚམས་དང་པོར་གཞག་དགོས་སྙམ།
«ལོ་རྒྱུས་ཆེན་མོ»ལས། དེ་ནས་དྲི་གུམ་བརྩན་པོའི་སྐུ་རིང་ལ། །རྒྱ་གར་སྟག་གཟིགས་གཉིས་ཀྱི་སོ་མཚམས་ཀྱི། །ཡུལ་ནི་མགུར་རྣ་བ་རྣ་བྱ་བ་ན། །མུ་སྟེགས་བྱེ་བྲག་པ་ལ་བོན་པོའི་རུས། །འ་ཞ་ཅིག་ལས་གཙུག་ལག་བོན་བྱུང་སྟེ། །ཞེས་དང་། «བཀའ་ཐང་སྡེ་ལྔ»ལས། རྒྱལ་པོ་དྲི་གུམ་བཙན་པོའི་སྐུ་རིང་ལ། །ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས། །རྡོ་ནག་ཐོམ་དོ་ལྷུ་དང་གསུམ་དུ་སྦྲེལ། །ཤི་སྤགས་སྐྱ་མོའི་བླ་གཞི་འབྲེང་དུ་འདྲ། །ཞེས་པ་ལྟར་བརྒྱ་ལོ་དང་པོའི་སྐབས་སུ། རྒྱལ་རབས་བརྒྱད་པ་དྲི་གུམ་བཙན་པོས་མུ་སྟེགས་པའི་བོན་དུ་བསྙད་པའི་ཕྱི་ལོགས་ཀྱི་བོན་སྣ་ཚོགས་གདན་དྲངས་ནས་བོད་རང་ས་རང་ཡུལ་ནས་བརྡོལ་ཏེ་བྱུང་བའི་སྲིད་པའི་བོན་ལ་འགྱུར་བ་ཆེན་པོ་བསྐྱེད་པར་མ་ཟད། གཤེན་རྣམས་ལ་ཆོས་སྲིད་གཉི་གའི་གོ་ཐོབ་ཀྱང་སྤྲད་པས། བཙན་པོའི་ཤེས་རིག་དང་དཔལ་འབྱོར་གྱི་འཕེལ་ཁ་ཁོ་ནར་མ་ཟད། ལྕགས་ཁྲབ་ལྕགས་གྲི་དང་ཐག་འབྲེང་བཟོ་ཐབས་ཀྱིས་མཚོན་པའི་ལག་རྩལ་གྱི་རྣམ་གྲངས་ཀྱང་རྒྱ་ཆེར་བྱུང་བར་བསྟན་ལ། ཁྱད་པར་དུ་བོན་གྱི་མངའ་ཐང་ཆེས་ཆེར་རྒྱས་ནས“རྒྱལ་པོའི་གོང་ན་གཤེན་བཙུན་པར་གྱུར”པ་སོགས་ཀྱི་གནས་ཚུལ་བྱུང་གཤིས། བློན་པོ་ཤེས་ཅན་ལི་བཙན་གཞེར་སོགས་ཀྱིས་ཆོས་སྲིད་ཐ་དད་དུ་གཏང་དགོས་ཀྱི་གྲོས་གཞི་བཏོན་པ་ན། བཙན་པོས་དེ་ལུགས་ཀྱི་དགོངས་པ་བཞེས་ཏེ་བོན་སྣུབ་ཀྱི་སྦྱོར་བ་འཇམ་ཐབས་སུ་བརྩམས་གཤིས། བཙན་པོ་རང་ཡང་འབངས་མིའི་ཁེང་ལོག་གི་རྐྱེན་དབང་དུ་ཤོར་བར་བཤད་པ་སོགས་ལ་བརྟགས་ན། སྐབས་དེ་མི་ཆོས་ཀྱི་བསམ་བློ་དང་བཅས་པའི་བཙན་པོའི་ཤེས་རིག་སྤྱི་ལ་གནས་འགྱུར་ཆེན་པོ་བྱུང་སྐབས་ཡིན་པར་མ་ཟད། འཛམ་གླིང་ཤེས་རིག་ཕལ་མོ་ཆེ་ལ་སྔོན་མེད་ཀྱི་གནས་འགྱུར་ཐེངས་ཤིག་བྱུང་བའི་དུས་མཚམས་ཆེན་པོའང་ཡིན[9]གཤིས། དེ་ལྟ་བུའི་འཛམ་གླིང་ལོ་རྒྱུས་ཀྱི་རྒྱབ་ཆོས་འོག་ནས། བཙན་པོའི་ཤེས་རིག་ལ་ཡུལ་དུས་དང་བསྟུན་པའི་འགལ་འཕྲིག་དང་གནས་འགྱུར་གང་རུང་འབྱུང་ངེས་པ་དངོས་པོའི་ཆོས་ཉིད་རང་ག་བའོ། །དེའི་ཁར། དེ་སྐད་དུ«བཀའ་ཐང་སྡེ་ལྔ»ལས། བཙན་པོ་སྤུ་དེ་གུང་རྒྱལ་སྐུ་རིང་ལ། །ཡབ་སྲས་གོང་མཛད་ལྷ་བུ་སྨོན་གསུམ་དུ། །ཐབས་ཀྱི་ཞང་བློན་དག་ཀྱང་དེ་ནས་བྱུང་། །ཞེས་པ་ལྟར་རྒྱལ་རབས་བརྒྱད་པ་སྤུ་དེ་གུང་རྒྱལ་གྱི་རིང་ལ། གཤེན་ཡུལ་འོལ་མོ་ལུང་རིང་དུ་གྲགས་པའི་དབུས་ཀྱི་འོན་དུ་གཤེན་གྱི་བྱིས་པ་བོང་བུའི་རྣ་བ་ཅན་ཞིག་བྱུང་ནས་རྡོལ་བོན་བསྟན་ཅིང་། གཞན་ཡང་རྒྱུའི་བོན་རིགས་བཞི[10]ཞེས་པའང་བྱུང་ནས་བོན་གྱི་རྣམ་གྲངས་རྒྱ་ཆེར་སྤེལ་པས། སྒྲུང་ལྡེའུ་གཉིས་ཀྱི་ཁར་བོན་བསྣན་པའི་སྒྲུང་ལྡེའུ་བོན་གསུམ་ཞེས་པ་རིག་པའི་རྩ་ལག་ཆ་ཙང་ངེས་ཅན་དེའང་བྱུང་ནས་བོད་མིའི་བློ་འབྱེད་ལ་ཕྱར་བ་གྲུ་འདེགས་ཀྱི་བོགས་ནུས་ཐོན་ཡོད་པར་མ་ཟད། «ལོ་རྒྱུས་ཆེན་མོ»ལས། སྟག་བུ་སྙ་གཟིགས་རྒྱལ་གྱི་སྐུ་རིང་ལ། །རྒྱལ་ཕྲན་བཅུ་གཉིས་འདུལ་བར་མགོ་བརྩམས་ཏེ། །བན་པ་རྗེར་གཅིག་འ་ཞ་རྗེ་རུ་གཉིས། །དྲམ་གར་རྗེར་གསུམ་ཟིངས་པོ་རྗེ་བཞི་བཏུལ། །མྱང་སྦས་གནོན་དང་གསུམ་ཡང་ཞལ་དུ་བལྟས། །ཞང་ཞུང་དྭགས་པོ་རྗེར་བཅས་དངར་བསྡུས་སོ། །ཞེས་པ་ལྟར་རྒྱལ་རབས་བཅུ་དགུ་པ་སྟག་བུ་སྙ་གཟིགས་ཡབ་སྲས་ཀྱི་རིང་ལ། འ་ཞ་དང་བཅས་པའི་ཤུལ་ལྷག་གི་རྒྱལ་ཕྲན་སིལ་མ་རྣམས་མུ་མཐུད་ནས་ཆིག་དྲིལ་དུ་བཏང་བ་དེས། སྲིད་པའི་བོན་མི་རིགས་རང་མཚན་པ་གཅིག་གི་རྩ་ལག་ཚང་བའི་ཤེས་རིག་གི་ངོ་བོར་མུ་མཐུད་ནས་གནས་འགྱུར་འབྱུང་བར་ཉེར་སྡོག་བྱས་ཡོད་པར་མ་ཟད། རྗེས་སུ་བཙན་པོ་ཁྲི་སྲོང་གིས་བོད་སྒང་གཞོང་ཧྲིལ་པོ་ཆབ་སྲིད་ཀྱི་དར་ཡུག་གཅིག་འོག་ཏུ་བསྡུ་ལ་བདག་རྐྱེན་དམར་མོ་ཡང་བསྐྲུན་ཡོད་སྙམ། དེའི་ཕྱིར། དྲི་གུམ་བཙན་པོ་ནས་ཁྲི་སྲོང་བཙན་བར་གྱི་ཤེས་རིག་གི་བྱུང་རབས་དེ། སྲིད་པའི་བོན་གྱི་ཤེས་རིག་གི་རྩ་ལག་སྤྱི་དང་དེ་འབྲེལ་གྱི་མི་ཆོས་ལྟ་བར་གནས་འགྱུར་བྱུང་བའི་དུས་མཚམས་གཉིས་པར་གཞག་དགོས་སྙམ་མོ། །
ཁྲི་སྲོང་བཙན་གྱི་སྐབས་སུ་གར་ནག་རྒྱ་དང་སྟག་གཟིག་ནོར། དྲུ་གུ་ཁྲོམ་སོགས་ཀྱི་རིག་གནས་རྒྱ་མཚོའི་ཟེགས་མ་བསིལ་ལྡན་ཁ་བའི་ལྗོངས་སུ་ཐོར་འོངས་པའི་རྐྱེན་གྱིས། སྲིད་པའི་བོན་གྱི་ཤེས་རིག་རྩ་ལག་ལ་ཤེས་རིག་རང་གི་འཇིག་རྟེན་ལྟ་ཚུལ་དང་གོང་ཐང་ལྟ་ཚུལ་སོགས་དང་མི་མཚུངས་པའི་རིག་གནས་དང་ཆབ་སྲིད། ཐོན་སྐྱེད། ལག་རྩལ། ཁྲིམས་ལུགས། དཔལ་འབྱོར་སོགས་ཀྱི་ཤན་ཕོག་ནས་གནས་འགྱུར་གསར་པ་འབྱུང་མགོ་ཚུགས་ཤིང་། བཙན་པོ་ཁོང་གིས་མེས་པོའི་རིག་གནས་སྲོལ་རྒྱུན་དེ་ཉིད་འཛིན་སྲུང་སྤྱོད་པའི་ཉེར་སྡོག་འོག །ཐུབ་བསྟན་རིག་གནས་བཙན་པོའི་རྒྱལ་ཁམས་སུ་རང་ཤུགས་སུ་དར་འོང་བར་བདག་རྐྱེན་གང་ལ་དེ་འགབ་བསྐྲུན་པ་ལ་བརྟེན་ནས། སྲིད་པའི་བོན་གྱི་རིག་གནས་བསམ་བློ་དང་རིག་གནས་དཔེ་ལུགས་ལ་ཕྱི་འོངས་ཐུབ་བསྟན་རིག་གནས་ཀྱིས་ཤན་རྡེག་མགོ་ཚུགས་པ་ཡིན་གཤིས། དེ་ནས་མར་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་བར་ནི་སྲིད་པའི་བོན་གྱི་ཤེས་རིག་རྩ་ལག་སྤྱི་དང་དེ་འབྲེལ་གྱི་མི་ཆོས་ལྟ་བར་གནས་འགྱུར་ཐེངས་གསུམ་པ་བྱུང་བའི་དུས་སུ་གཞག་དགོས་སྙམ་མོ། །
བཙན་པོ་ཁྲི་སྲོང་བཙན་གྱི་ཡར་སྔོན་ལ་མི་ཆོས་ཀྱི་གཞུང་གང་དག་བྱུང་ཡོད་མེད་ཆོས་འབྱུང་དེབ་ཐེར་དག་ལས་མཐོང་དུ་མེད་ལ། ཁྲི་སྲོང་བཙན་གྱིས་རྒྱ་གར་ཐུབ་བསྟན་བོད་དུ་གདན་འདྲེན་ཞུ་དབུ་བརྩམས་རྗེས། «གསེར་གྱི་ལེ་ཚེ»[11]དང«གླང་བཀའ་མཆིད» «མཛངས་ཡིག་གསལ་བའི་མེ་ལོང»[12] «བོད་ཁམས་སྤྱི་ལ་གདམས་པ» «ཕྱི་བློན་རྣམས་ལ་གདམས་པ»སོགས་ལུགས་ཀྱི་བསྟན་བཅོས་མང་དུ་མཛད་པར་མ་ཟད། «མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས»ཞེས་པ་དེའང་བཅས་པ་ཡིན་ལུགས་བདག་ཅག་གི་ལོ་རྒྱུས་ཆོས་འབྱུང་དག་གིས་མང་དུ་བཤད་མོད། དེ་དག་ལས་ཁ་ཤས་ཤིག་ད་ལྟ་མི་ཡུལ་དུ་བཞུགས་ཡོད་མེད་མི་ངེས་གཤིས། ཁོང་གིས་མཛད་པ་ཡིན་མིན་དཔྱོད་དཀའ་ཞིང་། བཞུགས་འདུག་པ་རྣམས་ནི་མི་ཆོས་ཀྱི་ལྟ་བ་དང་ཚིག་སྦྱོར། བརྡ་དང་ཐ་སྙད། རྩོམ་ལུས་ཀྱི་གྲུབ་ཚུལ། ཀུན་སྤྱོད་ལ་དབྱེ་སྡུད་མཛད་ལུགས་སོགས་ཕྱོགས་གང་ཐད་ནས་སྲིད་པའི་བོན་བཙན་པོའི་ཤེས་རིག་གི་གཟུངས་གཞུག་ཏུ་གྱུར་ནས་འཚོ་གཞེས་གནང་སྐབས་ཏེ། བརྒྱ་ལོ7པའི་སྐབས་ཀྱི་མི་ཆོས་ལྟ་བ་ཡིན་པར་རིགས་པས་དཔྱད་མི་བཟོད་པ་འདྲ་བས། རེ་ཞིག་ལ་བཏང་སྙོམས་སུ་འཇོག་པ་ལས་འོས་མེད་དོ། །
དོན་དྲིལ་ན། གཉའ་ཁྲི་བཙན་པོ་ནས་ཁྲི་སྲོང་བཙན་གྱི་སྐུ་རིང་བར་དུ། སྲིད་པའི་བོན་གྱི་སེམས་ཁམས་ཀྱི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། ཀུན་སྤྱོད་ཀྱི་རྣམ་གཞག་སོགས་རིག་གནས་རང་གི་གྲུབ་རྒྱུ་ལ་འཕེལ་སྐྱེད་ཆེན་པོ་བྱུང་ནས་མི་རིགས་གཅིག་གི་ངོ་བོར་གྱུར་པའི་མི་ཆོས་མཚན་རིག་དང་ཀུན་སྤྱོད་ཀྱི་རྣམ་གཞག་རྣམས་རྒྱུ་ལ་འབྲས་བུའི་ཚུལ་དུ་བྱུང་ཡོད་པར་མངོན་ཏེ། གཅིག །སྲིད་པའི་བོན་དུས་ཀྱི་ཆ་ནས་གནའ་རབས་རིག་གནས་ལ་གཏོགས་པས། དེ་ལ་རྣམ་ཤེས་དང་ཡེ་ཤེས། ཟག་བཅས་དང་ཟག་མེད། ཀུན་ཉོན་དང་རྣམ་བྱང་ལ་སོགས་པའི་ཤེས་པའི་རྣམ་གཞག་བྱུང་མེད་གཤིས། སེམས་ཅན་གྱི་རྒྱུད་ན་དབང་པོ་གཟུགས་ཅན་པ་ལྔའམ་འཇུག་ཤེས་དྲུག་སོགས་ཀྱིས་མཚོན་པའི་ཤེས་པ་མངོན་གྱུར་པ་མ་གཏོགས། དེ་ལས་འགོངས་པའི་སེམས་ཀྱི་དབྱེ་བ་གང་རུང་ཡོད་པར་མི་འདོད་པས་ན། མི་ཆོས་ལྟ་བའི་ཉེར་སྡོག་སྟེ་སེམས་ཁམས་ཀྱི་ལྟ་བ་ནི་བདག་གི་འདུ་ཤེས་གཙོ་བོར་འཛིན་པ་ཅན་ནོ། །གཉིས། སྲིད་པའི་བོན་ངོ་བོའི་ཆ་ནས་འཇིག་རྟེན་དོན་གཉེར་ཅན་གྱི་ཆོས་ལུགས་སུ་གཏོགས་ལ། སྐབས་དེར་འཁོར་བ་དང་མྱང་འདས། སོ་སྐྱེ་དང་འཕགས་པ། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ཀྱི་མཚན་རིག་ད་དུང་བྱུང་མེད་པས། ཆུང་བ་སྐྱེས་བུ་རང་མཚན་པའི་སྒོ་གསུམ་གྱི་བྱེད་པ་ནས་ཆེ་བ་རིགས་སྤྱིའི་བྱ་བྱེད་ཐམས་ཅད“བདག”གི་འཚོ་གནས་སམ་རིགས་ཀྱི་དབང་ཐང་གི་ཆེད་དུ་ཡིན་པར་འདོད་པས་མཚོན། མི་ཆོས་ལྟ་བའི་འབབ་སོ་སྟེ་མི་ཚེའི་གོང་ཐང་གི་ལྟ་བ་ཡང་འདི་སྣང་འཚོ་བ་གཙིགས་སུ་འཛིན་པ་ཅན་ནོ། །གསུམ། སྐབས་དེར་དགེ་སྤོང་སྡིག་སྒྲུབ་ཀྱི་བྱེད་པ་དོན་དུ་གཉེར་བ་སྟེ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་མི་ཆོས་ལྟ་བ་ལྟ་བུའི་མཚན་ཉིད་རིག་པའི་བསམ་བློ་ད་དུང་བྱུང་མེད་པས། སེམས་ཁམས་ཀྱི་ལྟ་བ་ཙམ་དུ་མ་ཟད། དེ་ལས་བྱུང་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཀྱང་འཁོར་བའི་བྱ་གཞག་གི་དགོས་ཆེད་དང་དཀའ་གནད་ལ་དམིགས་པ་ཅན་ཡིན་པས་མཚོན། མི་ཆོས་ལྟ་བ་དང་ཀུན་སྤྱོད་ཀྱི་བླང་བྱ་ཐམས་ཅད་འཁོར་བའི་བྱ་གཞག་གཙིགས་སུ་འཛིན་པ་ཅན་ནོ། །དེ་ལྟ་བུའི“བདག”གི་འདུ་ཤེས་གཙོ་བོར་འཛིན་པའི་སེམས་ཁམས་ཀྱི་ལྟ་བ་དང་། འདི་སྣང་འཚོ་བ་གཙིགས་སུ་འཛིན་པའི་མི་ཚེའི་ལྟ་བ་ལ་བརྟེན་ནས་གྲུབ་པའི་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་ལ། དགེ་སྡུག་ལེགས་ཉེས་དང་འདྲ་མཉམ་དྲང་བདེན་ཙམ་དུ་མ་ཟད། འཚོ་བའི་རྩ་བ་དང་ཁྱིམ་ཚང་གི་སློབ་གསོ། འཁོར་བའི་བདེ་སྐྱིད། དཔའ་བོའི་མཛད་པ་སོགས་གཙིགས་སུ་འཛིན་པའི་འཇིག་རྟེན་ལུགས་ཀྱི་མི་ཆོས་ལྟ་བའི་ཁྱད་གཤིས་མངོན་པར་ཚང་ཡོད་ལུགས། སྐབས་དེར་བྱུང་བའི་མི་ཆོས་ཀྱི་གཞུང«ཕུ་ནུའི་མདོ»དང«སུམ་པ་མ་ཤགས་ཆེན་མོ»སོགས་ལས་མཐོང་ནུས་ལ། དེ་འདྲའི་མི་ཆོས་བསམ་བློས། སྤུར་རྒྱལ་པ་རྣམས་ཀྱི་འཚོ་གནས་ལ་དགའ་ཞིང་དཔའ་བོར་དད་པ། འདྲ་བདེན་ལ་སྤྲོ་བ། རིགས་རྒྱུད་ལ་དགའ་བ་སོགས་ཀྱི་འཇིག་རྟེན་ཅན་གྱི་མི་གཤིས་ཀྱི་སྒྲིག་གཞི་དེ་བསྐྱེད་དོ། །
དེ་ལྟ་བུའི་རིག་གནས་དཔེ་ལུགས་ཀྱི་རྨང་གཞིའི་སྟེང་ལ། སྲོང་བཙན་གྱིས་ཐོན་སྐྱེད་རྒྱུ་ཆས་སྒེར་དབང་གི་ལམ་ལུགས་ཕྱག་ཏུ་བསྟར་གཤིས། བཙན་པོའི་སྲིད་འབྱོར་རིག་གསུམ་སྔར་ལས་ཀྱང་ཡར་ངོའི་ཟླ་ལྟར་འཕེལ་ནས་འཇིག་རྟེན་དྲག་རྒུའི་དབུ་གཙུག་ཏུ་བཞུགས་མྱོང་ལུགས་དེབ་ཐེར་དག་ལས་མཐོང་དུ་ཡོད་པ་དེ་རེད་ལ། «ལོག་ནོན་ཆེན་མོ»ལས་ཀྱང། བོད་ཀྱི་མྱི་རྣམས་མྱི་སྐྱིད་སྡུག་འཕྲོ་ལས། །གཉའ་ཁྲི་བཙན་པོ་མ་ཁུམས་མེས་དཔོན་གྱིས། །གནམ་གྱི་ལྷ་ལས་མྱིའི་རྗེར་གཤེགས་ཏེ། །དེ་ནས་ཁྲི་གཙུག་ལྡེ་བཙན་ཡན་ཆད་དུ། །རྗེའི་བསོད་ནམས་འཕྲུལ་གྱི་བྱིན་རླབས་ལས། །རྒྱལ་ཕྲན་བཅུ་གཉིས་ལ་སོགས་ཐབས་ཀྱིས་བཏུལ། །བོད་འབངས་དེ་ནས་བདེ་སྐྱིད་འཛོམས་པ་ལགས། །ཞེས་གཉའ་ཁྲི་བཙན་པོ་ནས་ཁྲི་སྲོང་བཙན་གྱི་བར་དང་། དེ་ནས་ཁྲི་གཙུག་ལྡེ་བཙན་གྱི་བར་དུ་རྒྱལ་ཁམས་ཧྲིལ་པོ་མཐུན་གནས་ཆིག་དྲིལ་དང་འཚེ་མེད་ཞི་བདེའི་དཔལ་ལ་གནས་པར་གྱུར་ལུགས་དམིགས་ཀྱིས་བསྟན་འདུག་པ་བདེན་གཏམ་སྟེ། ནུབ་ཕྱོགས་བོད་རིག་སྨྲ་བ་ཚོས་ཀྱང་དེ་སྐད་དུ། “ཐུ་བྷོད་དང་ཡོ་རོབ་ནུབ་མ་ཕྱོགས་གཅིག་དང་། མུ་ཟི་ལེམ་དང་ཙི་ན་ཕྱོགས་གཞན་ཞིག་བྱས་པའི་ཕྱོགས་གཉིས་བར་གྱི་ཤེས་རིག་འཕེལ་སྐྱེད་ཀྱི་བར་ཁྱད་གང་དེ། ཧ་ལམ840ལོ་སྟེ[13]གནའ་དཀྱིལ་སྐབས་ཀྱི་དབང་ཆ་དབུས་སྡུད་ལམ་ལུགས་ཉེ་བར་སྤྱོད་པའི་འཛམ་གླིང་རྒྱལ་ཆེན་ཕལ་མོ་ཆེ་སིལ་ཆད་དུ་ཕྱིན་རྗེས་ཀྱི་སྐབས་དག་ལ་གློ་རྡེག་ཏུ་ཕྱེ་བ་ཞིག་གོ །དེས་ན། དཔྱད་གཞི་འདི་འདྲར་འཇུག་མཁན་གྱི་དམ་པ་རྗེས་འབྱོན་རྣམས་ཀྱིས། ཀླ་ཀློའི་ཡོ་རོབ་བམ་ཀླ་ཀློའི་ཐུ་བྷོད་ཟེར་བ་ལྟ་བུའི་འཁྲུལ་རྟོག་དེ་རིགས་ཅིས་ཀྱང་སྤང་དགོས་ལ། དེ་བཞིན་དུ་སྔ་དུས་ཀྱི་ཨ་རབ་པ་ཁཱ་ལི་ཧྥ[14]དང་པད་ཙན་ཐྲིན་བཙན་རྒྱལ། ཆེན་པོ་ཐང་གུར་བཅས་ཀྱི་བྱིས་སྒྲུང་ལྟ་བུའི་འཁྲུལ་སྣང་ལས་ཀྱང་སད་འོས་སོ”[15]ཞེས་གསུངས་པ་གཉིས་མ་བགྲོས་མགྲིན་གཅིག་དབྱངས་གཅིག་ཏུ་གྱུར་འདུག་པས་སོ། །
སྐབས་དེའི་མི་ཆོས་ཀྱི་ལྟ་བ་དང་ཀུན་སྤྱོད་ཀྱི་རྣམ་གཞག་ཐམས་ཅད་འཇིག་རྟེན་པའི་ངོ་བོ་ཅན་ཡིན་སྟབས། འཁོར་བའི་འཕེལ་སྐྱེད་ལ་བོགས་ནུས་ཆེན་པོ་ཐོན་པ་གནས་ལུགས་ཡིན་པས། མི་འབོར་ལ་མཚོན་ནའང་། བཙན་པོ་སྲོང་བཙན་སྐབས་སུ་རགས་རྩིས་བྱས་ན་ས་ཡ2དང་སུམ་འབུམ་བདུན་ཁྲིར་སླེབས་ཡོད་པར་བཤད་པ་དེ་རེད། གཏམ་དེ་བདེན་ན། འཛམ་གླིང་ཡུལ་ལུང་གཞན་གྱི་སྐབས་དེའི་མི་འབོར་གྱི་རྗེས་ཡོངས་སུ་ཟིན་འདུག་སྙམ་སྟེ། དེ་དོན«འགྲོ་མིའི་བྱུང་རབས་བསྡུས་གསལ»ཞེས་པའི་དེབ་དེས་སྲོང་བཙན་ཡར་སྔོན་གྱི་འཛམ་གླིང་ཡུལ་གྲུ་གཞན་གྱི་མི་འབོར་ལ་རྩིས་ལེན་གནང་འདུག་པའི་གྲངས་ལ་དཔྱད་སྡུར་ཅུང་ཟད་གནང་ན་བདེ་བླག་ཏུ་རྟོགས་ནུས། བོད་ལ་ཆ་བཞག་ན། སྲོང་བཙན་གྱི་སྐབས་ནས་བཟུང་མི་འབོར་གྱི་འཕེལ་ཚད་ཤིན་ཏུ་མྱུར་ཞིང་། མངའ་ཁོངས་ཀྱང་དེ་བཞིན་ཁམས་ཀྱི་མཐའི་བར་དུ་རྒྱ་བསྐྱེད་མྱོང་བར་བཤད་པ་ལྟར་ལགས་ནའང་། ཕྱིས་སུ་ཐུབ་བསྟན་བོད་ལ་ཆིབས་སྒྱུར་གནང་བ་ནས་བཟུང་། རིག་གནས་འདིའི་འཁོར་བ་སྤོང་བའི་མི་ཆོས་བསམ་བློའི་བག་ཆགས་ཀྱིས། འཇིག་རྟེན་གྱི་འཁོས་ཀ་རིམ་གྱིས་ཉམས་མགོ་ཚུགས་པས། མི་འབོར་གྱི་འཕེལ་ཚད་ཀྱང་ཤིན་ཏུ་བུལ་པར་གྱུར་པ་དཔེར་ན། བཙན་པོའི་རྒྱལ་རབས་སིལ་བུར་ཆད་ནས་སྨད་སིལ་ཆད་དུ་སླེབས་པ་ན། བོད་ཁམས་ཡོངས་ལ་མི་འབོར་ས་ཡ6ལས་མེད་པ་འབྲོམ་སྟོན་པའི«བསྟན་རྩིས་ཆེན་མོར»གསལ་བ་ལྟར་རེད་ལ། ས་སྐྱའི་གོང་མ་འཕགས་པའི་སྐབས་སུ་བྱེ་བྲག་ཏུ་མི་འབོར་དུ་ཡོད་གསལ་པོ་མ་ངེས་ཀྱང་དབུས་གཙང་གཉིས་དང་ཡར་འབྲོག་གསུམ་ལ་དུད་ཁྱིམ་ཁྲི13ཡོད་ལུགས་སྡེ་སྲིད་སང་རྒྱམ་གྱི«མཆོད་སྡོང་དཀར་ཆག»སོགས་ལས་མཐོང་བ་ལྟར་རེད། དེའི་རྗེས་ཀྱི་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ཏེ1920ལོར་དགའ་ལྡན་ཕོ་བྲང་གིས་མི་རྩིས་ལེན་སྐབས། མི་འབོར་འབུམ6ལས་མེད་པར་བཤད་དོ། །དེ་ལྟ་བུའི་ཉམས་ཉེས་ཀྱི་རྒྱུ་རྐྱེན་མཐར་དེད་ན་དཔལ་འབྱོར་གྱི་འཕེལ་ཁ་ལ་རག་ལས་ཤིང་། དཔལ་འབྱོར་གྱི་རྩ་བ་མཐར་གཏུགས་ན་མི་ཆོས་བསམ་བློ་ལ་རག་ལས་ཡོད་པས། མི་ཆོས་བསམ་བློ་ལ་འགྱུར་བ་བྱུང་བས་སྤྱི་ཚོགས་ལམ་ལུགས་ལ་འགྱུར་བ་འབྱུང་ངེས་ཤིང་། སྤྱི་ཚོགས་ལམ་ལུགས་ལ་འགྱུར་བ་བྱུང་བས་མི་འབོར་ལ་འགྱུར་བ་འབྱུང་ངེས་ལ། དེ་ལ་འགྱུར་བ་བྱུང་བས་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་ལག་རྩལ་ལ་འགྱུར་བ་འབྱུང་ངེས་པ་སྤྱི་ཚོགས་ཀྱི་ཆོས་ཉིད་འཁྲུལ་མེད་དོ། །
གསུམ་པ། སྨད་ཐུབ་བསྟན་སྐབས་ཀྱི་མི་ཆོས།
ཇི་སྐད་དུ«བཀའ་ཐང་སྡེ་ལྔ»ལས། དེ་ནས་མི་ཆོས་ཇི་ལྟར་སྤེལ་པ་ནི། །སྐྱེ་བོའི་དགོས་འདོད་འབྱུང་བ་མི་ཆོས་གཞི། །འཇུག་པའི་སྒོ་ནི་འདོད་པའི་ཡོན་ཏན་ལྔ། །སྲིད་པའི་རང་བཞིན་ཇི་སྲིད་འགྲུབ་པར་འགྱུར། །ཞེས་པ་ལྟར་བརྒྱ་ལོ8པའི་དཀྱིལ་སྨད་ལ། བཙན་པོའི་རྒྱལ་རབས་ཀྱི་དགྲ་ཟླ་སྟག་གཟིག་རྒྱལ་པོ་ཧཱར་ལུན་དང་ཧྥ་རན་ཁིའི་རྒྱལ་པོ་ཁྱ་ལི་མན་གཉིས་ཀྱིས། དུས་ཐོག་གཅིག་ལ་ལཱ་ཏིན་སྐད་ཀྱི་རྩོམ་རིག་ལས་འགུལ་རྒྱ་ཆེར་བསླངས་ཏེ་རྩོམ་རབ་མང་པོ་རང་སྐད་དུ་སྒྱུར་བ་སོགས་རིག་གནས་ནང་འདྲེན་གྱི་བགྱི་བ་རྒྱ་ཆེར་རྩོམ་སྐབས་དེར། ཁྲི་སྲོང་ལྡེ་བཙན་གྱིས་དགོས་དབང་དང་རྒྱུ་རྐྱེན་སྣ་ཚོགས་ལ་དམིགས་ཏེ་རྒྱ་གར་ཐུབ་བསྟན་བཙན་ཐབས་ཀྱིས་བོད་ལ་གདན་དྲངས་པ་ནས་བརྒྱ་ལོ9པའི་བར་ལ། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རབ་དགུས་འདུལ་བ་ལུང་སྡེ་བཞི་བོད་ལ་སྒྱུར་བའི་ཞོར་ལ། རྒྱ་གར་པའི་ལུགས་ཀྱི་བསྟན་བཅོས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་གཏམ་ཚོགས«ཤེས་རབ་བརྒྱ་པ»དང«རིན་ཆེན་ཕྲེང་བ»སོགས་ཀྱང་བོད་ལ་བསྒྱུར་པའི་བག་ཆགས་ཀྱིས། སྐབས་དེ་ནས་བཟུང་བོད་རང་གི་མི་ཆོས་ཀྱི་རྩ་བ་གཅིག་ཉིད་བྱེ་བྲག་གི་ཡན་ལག་གཉིས་སུ་གྱེས་འཕེལ་སྐྱེད་བྱུང་།
དེ་ལ་གྱེས་པ་དང་པོ་ནི་དམ་པ་ལྷ་ཆོས་སུ་བཏགས་པའི་འདུལ་ལུགས་ཀྱི་མི་ཆོས་ལྟ་བ་དང་སྤྱོད་པའི་རྣམ་གཞག་སྟེ། དེ་ལྟ་བུའི་རྒྱ་གར་བའི་མི་ཆོས་ཀྱི་གཞུང་ཤིང་མི་རིགས་ཐུན་མོང་གི་མི་ཆོས་ལྟ་བར་འགྱུར་མགོ་ཚུགས་པ་ནས་བཟུང། བོད་རང་གིས་བྱས་པའམ་གཞན་ལས་བྱུང་བའི་དེ་འབྲེལ་གྱི་མི་ཆོས་བསླབ་སྟོན«བྱང་ཆུབ་ལྗོན་ཤིང»ཞེས་པ་དེ་དང་། «མྱྀ་འི་སྤྱོད་ལམ་བྱེ་བྲག་ཏུ་བསྟན་པ» «འཕྲུལ་གི་བྱིག་ཤུའི་བསྟན་པ»ཞེས་པ་སོགས་ཀྱང་རིམ་ཅན་དུ་བྱུང་ཞིང་། ཐུབ་བསྟན་ཤེས་རིག་སྤྱིའི་ལྔ་བརྒྱ་བཞི་པ་དང་གངས་ལྗོངས་ཐུབ་བསྟན་ཤེས་རིག་གི་དུས་མཚམས་གཉིས་པའི་སྐབས་ཏེ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོ་མ་བྱོན་བར་གྱི་མི་ལོ་ཉིས་བརྒྱ་ལྷག་གི་ཡུན[16]ལ། མདོག་པ་ཡེ་འབྱུང་དང་ཤ་མི། སྦས་ཏི། ཀླུགས་དཀར། བ་རང་། ཚ་རོང་བ། ཀ་བ་དར་སེང་། རྒྱ་འདུལ་འཛིན། མཁས་པ་བྱང་རྡོར། རྔོག་བྱང་ཆུབ་འབྱུང་གནས། བྱང་བརྩོན། མྱང་མཚམས་པ། སོག་ཚུལ་ཁྲིམས། གྲྭ་པ་མངོན་ཤེས། སྐྱོར་ལུང་བ། མངའ་རིས་པ། ཞང་ཞུང་རྒྱ་ཤེ །འཛིམས་པ་ཤེར་འོད་སོགས་བོད་རང་གི་མི་ཆོས་མཁན་པོ་གསེར་རིའི་ཕྲེང་སྟར་དུ་བྱོན་ནས་མི་ཆོས་ཀྱི་གཞུང་ལུགས་གསར་པ་མང་དུ་མཛད་པར་མ་ཟད། དེའི་ཡུན་ལ་ཇོ་བོ་རྗེ་དང་ལྷ་བླ་མ་ཡེ་ཤེས་འོད། ཕོ་བྲང་ཞི་བ་འོད། ལོ་ཆེན། པོ་ཏོ་བ། ལྕེ་སྒོམ་རྫོང་པ། འགོས་ཁུག་པ་ལྷས་བཙས། ས་ཆེན་ཀུན་སྙིང་སོགས་དགག་སྒྲུབ་མཁན་པོ་རྣམས་ཀྱང་དུས་ཐོག་ཆར་པའི་ཚུལ་དུ་བྱོན་ནས། ལྟ་ལོག་དང་སྔགས་ལོག །ཆོས་ལོག་རྣམས་སུན་འབྱིན་པའི་མི་ཆོས་ཀྱི་གཞུང་ལུགས་རྒྱ་ཆེར་བརྩམས་ནས་འདུལ་བསྟན་ལ་དག་ཐེར་གནང་གཤིས། «བྱང་ཆུབ་ལམ་སྒྲོན»དང«བྱང་སེམས་ནོར་ཕྲེང» «ལྷ་བླ་མ་འོད་ཀྱི་བཀའ་ཤོག» «ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག» «སྔགས་ལོག་སུན་འབྱིན» «བེའུ་བུམ་སྔོན་པོ» «དཔེ་ཆོས་རིན་སྤུངས» «ཆོས་ལོག་སུན་འབྱིན» «འགོས་ཀྱི་སྔགས་ལོག་སུན་འབྱིན»སོགས་མི་ཆོས་ཀྱི་བསླབ་གཞུང་མང་པོ་དབུ་ནག་ཡིད་ཅན་རྣམས་ལ་ལེགས་པའི་དཔེ་འདྲེན་དུ་བལྟམས་པར་མ་ཟད། ཇོ་བོའི«བྱང་ཆུབ་ལམ་སྒྲོན»དང་ཞི་བ་ལྷའི«སྤྱོད་འཇུག»ལས་རིམ་པར་བརྒྱུད་པའི་ཐེག་ཆེན་གྱི་བྱང་སྡོམ་སྟེ་རྒྱ་ཆེན་སྤྱོད་རྒྱུད་ལུགས་ཀྱི་མི་ཆོས་བསམ་བློ་དང་ཟབ་མོ་ལྟ་རྒྱད་ལུགས་ཀྱི་མི་ཆོས་བསམ་བློའང་ཁ་བའི་ལྗོངས་སུ་ཆེས་ཆེར་དར།
བརྒྱ་ལོ12པའི་སྨད་ལ་ཆོས་རྗེ་ས་པཎ་བྱོན་ནས«སྡོམ་གསུམ་རབ་དབྱེ»ཞེས་པའི་གསུང་རབ་ཀུན་གྱི་མིག་ལྟོས་སུ་གྱུར་པའི་མི་ཆོས་ཀྱི་གཞུང་ཆེན་དེ་བརྩམས་ཏེ། ས་ཆེན་གྲོངས་རྗེས་ནས་ཁོང་གི་སྐུ་རིང་བར་ཏེ་མི་ལོ90ཡས་མས་ཀྱི་ཡུན་ལ་བྱུང་བའི་སྡོམ་གསུམ་དང་འབྲེལ་བའི་མི་ཆོས་ཀྱི་ལྟ་སྤྱོད་འདྲ་མིན་སྣ་ཚོགས་ལ་ཟབ་གསལ་དག་པའི་དགག་སྒྲུབ་སྔོན་མེད་གནང་། དེའི་ལེགས་ཚོགས་ཀྱིས་བསྟན་བཅོས་དེ་ཉིད་གངས་ལྗོངས་ཐུབ་བསྟན་ཀྱི་མི་ཆོས་ལྟ་སྤྱོད་ཀྱི་ཆུ་ལོན་ལྟ་བུའི་དཀྱོག་མཚམས་ཆེན་པོ་ཞིག་ཏུ་གྱུར། སྐབས་དེར་ཆག་ལོ་སོགས་ཀྱིས་ཀྱང་དེ་མཚུངས་ཀྱི་གཞུང་ལུགས་མཛད་ནས་གངས་ལྗོངས་ཐུབ་བསྟན་གྱི་མི་ཆོས་ལྟ་སྤྱོད་ལ་སེལ་འཛུད་ལེགས་བཅོས་བླ་མེད་མཛད།
བརྒྱ་ལོ14པའི་སྟོད་ལ། ཀུན་མཁྱེན་མཚོ་སྣ་བས«མཚོ་ཊཱིཀ»ཆེ་ཆུང་གཉིས་སོགས་མཛད་དེ་མཁན་ཆེན་ཞི་བ་འཚོ་ལས་བརྒྱུད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མི་ཆོས་ཀྱི་གཞུང་ལུགས་དང་ལག་ལེན་མཐའ་དག་ཕྲ་དག་གསལ་གསུམ་གྱིས་གཏན་ལ་ཕབ་པ་ནས་བཟུང་། གངས་རིའི་ལྗོངས་སུ་མི་ཆོས་མཁན་པོ་དཔྱིད་ཀའི་ལྗོན་ཤིང་ལ་མེ་ཏོག་འཛུམ་ལྟར་བྱུང་། དེ་ཡང་གངས་ལྗོངས་ཐུབ་བསྟན་ཤེས་རིག་གི་དུས་མཚམས་གསུམ་པ་སྟེ། བརྒྱ་ལོ14པའི་མཇུག་ནས15པའི་བར་ལ་རྗེ་ཙོང་ཁ་བ་བྱོན་ནས«ལྷག་མཐོང»ཆེ་ཆུང་གཉིས་དང«དྲང་ངེས་ལེགས་སྙིང»སོགས་ལྟ་བའི་ལེགས་བཤད་ཆེན་མོ་ལྔ་དང་། «དགེ་ཚུལ་སློང་གི་གནམ་རྩེད་ལྡེང་མ» «བྱང་སེམས་ཚུལ་ཁྲིམས་ཀྱི་རྣམ་བཤད»སོགས་བརྩམས་ནས་མདོ་ཕྱོགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་མ་དག་པའི་ཆ་རྣམས་བསལ་ཅིང་། «སྔགས་རིམ་ཆེན་མོ»དང«རིམ་ལྔ་གསལ་སྒྲོན» «གསང་སྔགས་ཚུལ་ཁྲིམས་ཀྱི་རྣམ་བཤད»སོགས་མཛད་ནས་སྔགས་ཕྱོགས་ཀྱི་མ་དག་པའི་ཆ་ནས་བསལ་གཤིས། གངས་ལྗོངས་ཐུབ་བསྟན་གྱི་མི་ཆོས་ལྟ་སྤྱོད་ལ་གནས་འགྱུར་ཆེན་པོ་ཡང་བསྐྱར་ཐེངས་གཅིག་བྱུང་ནས་ཐུབ་བསྟན་གྱི་ལྔ་བརྒྱ་ལྔ་པའི་དབུ་བརྙེས་པ་ཡིན་ལུགས་ཁོ་བོའི་དེབ་གཞན་དུ་སོང་ཟིན་པ་ལྟར་ཡིན།
དེ་ལྟར་ཐུབ་བསྟན་གྱིས་ལྗོངས་འདིའི་རིག་གནས་སྲོལ་རྒྱུན་གྱི་སྐུ་ཚབ་གནང་བ་ནས་བཟུང་། སྲིད་པའི་བོན་གྱི་འཇིག་རྟེན་འཚོ་གནས་གནད་དུ་འཛིན་པའི་མི་ཆོས་ལྟ་བ་ཕྱོད་ཅན་དེ་ཉིད་ལང་མེད་བུབ་འགྱེལ་དུ་བཏང་སྟེ། འཇིག་རྟེན་ལས་འདས་པའི་ངོ་བོ་ཅན་གྱི་ད་ལྟའི་མི་ཆོས་བསམ་བློ་འདི་སྟེང་གི་བཀོད་པའི་ཁྲི་ལ་དབང་བསྐུར་ཡགས་བྱས་ནས་ཉི་མ་དེ་རིང་གི་བར་དུ་འཚོ་གཞེས་གནང་སྐལ་མངོན་དུ་བྱས་འདུག་པ་འདི་རེད་ཀྱང་། ཐུབ་བསྟན་གྱི་ལྔ་བརྒྱ་དྲུག་པ་དང་གངས་ལྗོངས་ཐུབ་བསྟན་གྱི་འཕེལ་མཚམས་བཞི་པ་སྟེ། བརྒྱ་ལོ20པའི་ལོ་རབས60པ་ནས་བཟུང་། བདག་ཅག་གི་མི་ཆོས་ལྟ་བ་ལ་ནུབ་ཕྱོགས་དངོས་ལུགས་རིག་པ་དང་སེམས་ཁམས་རིག་པ། སྐྱེ་ཁམས་རིག་པ་སོགས་ཚན་རིག་གི་ངོ་བོར་གྱུར་པའི་རིག་སྒོ་དུ་མའི་བློ་འབྱེད་ཀྱི་བོགས་ནུས་ཐོན་པས། སློབ་དཔོན་དཔའ་བོས་གསུངས་པ་ལྟར་སྣོད་བཅུད་ཀྱི་ཆོས་ཉིད་ཐམས་ཅད་མཐའ་གཅིག་ཏུ་ལས་འབྲས་ལ་སྦྱོར་མི་རུང་བའི་ངེས་རྟོགས་འཁྲུངས་པས་མཚོན། མི་ཆོས་ལྟ་བའི་གཞུང་རྐང་སྟེ་ལས་འབྲས་ཀྱི་ལྟ་བ་ལ་ཡུལ་དུས་དང་མཐུན་པའི་གནས་འགྱུར་འབྱུང་བའི་སྔ་ལྟས་གཟུགས་སུ་འཆར་བཞིན་པ་འདི་རེད།
གྱེས་པ་གཉིས་པ་ནི་འཇིག་རྟེན་མི་ཆོས་སུ་བཏགས་པའི་ཁྱིམ་པ་བ་རྣམས་ཀྱི་མི་ཆོས་ཀུན་སྤྱོད་དེ། དོན་ལ་བཙན་པོའི་སྐབས་སུ་བོད་ལ་འགྱུར་བའི་ལུགས་ཀྱི་བསྟན་བཅོས་དག་ལ་དཔེ་བལྟས་ནས་བོད་རང་གིས་དེ་ལུགས་སུ་བརྩམས་པའི་བསྟན་བཅོས་རྣམས་སོ། །འུ་ཅག་གིས་ནམ་རྒྱུན་བོད་རང་གི་ལུགས་ཀྱི་བསྟན་བཅོས་ཀྱི་དབུ་ཆོས་རྗེ་ས་པཎ་གྱིས«ལེགས་བཤད་རིན་ཆེན་གཏེར»བརྩམས་རྗེས་ནས་བརྙེས་པར་བཤད་མོད། དོན་ལ་བཙན་པོའི་སྐབས་ནས་བྱུང་ཡོད་པ་དཔེར་ན། འགོས་ཁྲི་བཟང་གི་ཕྱག་རྩོམ་དུ་གྲགས་པའི«མཛངས་ཡིག»དང་། དཔལ་དབྱངས་ཀྱི«གཅེས་པ་བསྡུས་པའི་འཕྲིན་ཡིག» ཁྲི་སྲོང་ལྡེ་བཙན་རྒྱལ་བློན་གྱིས་མཛད་པར་བཤད་པའི«མི་ཆོས་རྩ་བ་རྣམ་དགུ»ལ་སོགས་པ་ལྟ་བུ་རྣམས་སོ། །བརྒྱ་ལོ11པའི་དཀྱིལ་སྨད་ནས་བཟུང་། དེ་དག་གི་མཇུག་ཐོགས་སུ་འབྲོམ་གྱི«མི་ཆོས་གནད་ཕྲེང»དང་། ས་པཎ་གྱི«ས་སྐྱ་ལེགས་བཤད»དང«ལེགས་བཤད་འཕྲུལ་དྲྭ»འམ་མཚན་གཞན་ལ«བསྟན་བཅོས་འོད་ཀྱི་དྲ་བ»ཞུ་བ་ལ་སོགས་པ་རྣམས་བྱུང་ཞིང་། དེའི་རྗེས་སུ་བུ་སྟོན་རིན་པོ་ཆེའི«སློབ་གདམས་སྙིང་ཐུར» འབྲོང་རྩེ་བློ་ཚུལ་གྱི«ཁ་ཆེ་ཕ་ལུ» མི་ཕམ་རྣམ་རྒྱལ་གྱི«རྒྱལ་པོ་ལུགས་བསྟན»སོགས་བྱུང་ནས་འཇིག་རྟེན་ལུགས་ཀྱི་མི་ཆོས་གཞུང་ཤིང་དེ་རིགས་རྒྱ་ཆེར་འཕེལ། དེ་ལྟ་མོད་ཀྱི། མི་ཆོས་ཀྱི་གཞུང་དེ་རྣམས་ཐུབ་བསྟན་གྱི་མི་ཆོས་ལྟ་བ་གཟུངས་སུ་བྱས་པའི་འཇིག་རྟེན་པའི་མི་ཆོས་ཀྱི་གཞུང་ཡིན་པའི་ཕྱིར་ན། ཆུ་ཕྲན་རྒྱ་མཚོར་འབབ་པའི་དཔེ་ལྟར་མཐར་ཐུག་དམ་པ་ལྷ་ཆོས་ཀྱི་དབྱིངས་སུ་རང་བཞིན་གྱིས་འབབ་དགོས་ལ་འབབ་ཡང་ངེས་གཤིས། འབྲི་གུང་སྐྱོབ་མགོན་སོགས་ཀྱིས་མི་ཆོས་དང་ལྷ་ཆོས་གནད་གཅིག་ཏུ་བསྟན་པ་ལྟར་མཐར་ཐུག་གི་མི་ཆོས་ལྟ་བ་གཅིག་ལས་མེད་པ་འདི་ངེས་ན་ལེགས་སོ། །
དོན་དྲིལ་ན། གངས་ལྗོངས་ཐུབ་བསྟན་གྱི་བསམ་བློའི་རྩ་ལག་མ་གཞི་ནས་འཕགས་པའི་ཡེ་ཤེས་གཙོ་བོར་འཛིན་པའི་སེམས་ཁམས་ཀྱི་ལྟ་བ་དང་། འདི་སྣང་འཚོ་བ་སྤང་བྱར་འཛིན་པའི་མི་ཚེའི་ལྟ་བ། ཐར་པ་དོན་གཉེར་གནད་དུ་འཛིན་པའི་མི་ཆོས་ལྟ་བ་གསུམ་གྱིས་གྲུབ་པས་ན། དེ་འབྲེལ་གྱི་མི་ཆོས་མཚན་རིག་དང་ཀུན་སྤྱོད་ཀྱི་རྣམ་གཞག་ཀྱང་སྟོད་ལྷ་རབས་དང་བར་སྲིད་བོན་སྐབས་ཀྱི་མི་ཆོས་ལྟ་བ་དང་ཕན་ཚུན་ལྡོག་པར་གྱུར་ནས། འཇིག་རྟེན་ལས་འདས་པའི་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་ཟབ་ཅིང་རྒྱ་ཆེར་བསྟན་ཅིང་། དེ་དག་ཀྱང་མཐར་སོ་སྔགས་བྱང་གསུམ་དུ་བསྡུས་ནས་བསྟན་ཡོད་ལུགས་གཞན་དུ་འཆད་པར་འགྱུར།
མཇུག་སྡོམ།
དེ་ལྟར་ཁ་བའི་ལྗོངས་སུ་སྟོད་ལྷ་རབས་དང་བར་སྲིད་བོན། སྨད་ཐུབ་བསྟན་ཏེ། རིག་གནས་ཀྱི་རྩ་ལག་ཆེན་པོ་གསུམ་རིམ་ཅན་དུ་བྱུང་ནས། སོ་སོའི་ལུགས་ཀྱི་མི་ཆོས་ལྟ་བ་དང་ཀུན་སྤྱོད་ཀྱི་རྣམ་གཞག་གིས་སྒང་གཞོང་འདིའི་ཡིད་ཅན་རི་བྲག་པ་རྣམས་ཀྱི་འཚོ་བའི་སྤོང་ལེན་ལ་ཀུན་སྤྱོད་ཀྱི་མཛུབ་སྟོན་གནང་བར་མ་ཟད། རང་རང་གི་ཐུན་མོང་མ་ཡིན་པའི་གོང་ཐང་རྩ་ལག་གིས་འཇིག་རྟེན་ཅན་ནམ་འཇིག་རྟེན་ལས་འདས་པའི་མི་གཤིས་ཀྱང་དངོས་ཤུགས་བར་གསུམ་ནས་བསྐྱེད་དེ། སྒང་གཞོང་འདིའི་འཁོར་བའི་དར་རྒུད་ལ་ཉེར་ལེན་གྱི་རྒྱུ་ཅི་རིགས་བྱས་སོ། ། ། །
དཔྱད་ཡིག
[1] འགྲོ་བ་མིའི་རིགས་ཀྱི་ཁྲིམས་ལ་རང་བྱུང་གི་ཁྲིམས་དང་བཅས་ཁྲིམས་གཉིས་ཡོད་པ་ལས། ཕྱི་མ་སྔ་མའི་ཉེར་ལེན་གྱི་རྒྱུ་ལ་བརྟེན་ནས་གནས་འགྱུར་བྱུང་བར་བཞེད།
[2] Alfred Radcliffe-Brown, 拉德克利夫-布朗,1881-1955
[3] Emile Durkheim, 涂尔干,1858-1917
[4] Claude Levi-Strauss,克洛德·列维-斯特劳斯,1908-2009
[5] Henri Bergson, 柏格森, 1859-1941
[6] «གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས»བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི2007ལོའི་པར་གྱི་ཤོག་ངོས14ནས15པའི་བར་ན་གསལ།
[7] མཁས་པ་ལྡེའུ། «ལྡེའུ་ཆོས་འབྱུང་རྒྱས་པ» [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987ལོ། ཤོག་ངོས222པ།
[8] J.G.Frazer, 弗雷泽, 1854-1941
[9] དཔེར་ན། རྒྱ་གར་ཡུལ་དུ་ཐུབ་བསྟན་དང་བྲམ་ཟེ་ཆོས་ལུགས་བར་ལ་གསུབ་མེད་ཀྱི་འགལ་འཕྲིག་སྔོན་ནས་ཡོད་ཁར། སྐབས་དེར་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་དབུ་མའི་སྲོལ་ཕྱེ་བ་ན། དེས་རྐྱེན་བྱས་ཏེ་ཐེག་པ་གོང་འོག་བར་ལ་བསམ་བློ་ལྟ་བའི་རྩོད་གླེང་ཆེན་པོ་བྱུང་ཞིང་། རྒྱ་ནག་གི་ཧན་ཤར་མའི་སྐབས་ཏེ་ནུབ་རྩིས་ཀྱི64ལོར། རྒྱལ་པོ་ཡུང་ཕིང་བྱ་བས་ཕོ་ཉ་ཆེད་མངགས་ཀྱིས་ཐུབ་བསྟན་རྒྱ་གར་དང་སྟག་གཟིག་སོགས་ནས་གདན་དྲངས་ཏེ་རྒྱལ་ཁབ་རང་གི་མི་ཆོས་ལྟ་སྤྱོད་ལ་སེལ་འཛུད་ལེགས་བཅོས་སྔོན་མེད་གནང་རྐྱེན། དེ་འབྲེལ་གྱི་ཤེས་རིག་འགལ་འཕྲིག་ཆེན་པོ་བྱུང་བར་བཤད་པ་ལྟ་བུ་དང་། འཛམ་གླིང་ཤར་དབུས་ས་ཆ་ལ་མཚོན་ནའང་དེ་བཞིན་ཏེ། སྐབས་དེར་ཡ་ཧུ་དཱ་པའི་ཆོས་ལུགས་ལ་ངོ་བོའི་གནས་འགྱུར་བྱུང་སྟེ་ཡེ་ཤུ་ཆོས་ལུགས་སུ་གྱེས་པས། གྲུབ་མཐའི་འཐེན་འཁྱེར་གྱི་འཁྲུག་རྩོད་ཆེན་པོ་བྱུང་བ་ལྟ་བུའོ། །
[10] སྣང་གཤེན་བལ་ཐོད་ཅན་དང་འཕྲུལ་གཤེན་བལ་མཚོན་ཅན། ཕྱྭ་གཤེན་ཇུ་ཐིག་ཅན། དུར་གཤེན་མཚོན་ཆ་ཅན་ནོ། །
[11] མི་ཆོས་ཀྱི་གཞུང་འདི་བཙན་པོ་སྲོང་བཙན་སྒམ་པོས་མཛད་པར་གྲགས་པ«མཛངས་ཡིག་འཕྲུལ་གྱི་མེ་ལོང་ལེ་ཚེ་ཁྲིགས་དྲུག་ཚན་བཅུ»འམ་མཚན་གཞན་ལ«འཛངས་ཡིག་གསལ་བའི་མེ་ལོང»ཞུ་བ་མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་ན་བཞུགས་པ་དེ་ལ་ཟེར་བ་ཡིན་ནམ་བརྟག་པར་བྱ་བ་ཉིད་དོ། །
[12] ཡིག་ཚང་འདི«འདུལ་བ་མདོ་རྩ»དང«མཚོ་ཊཱིཀ»ལྟ་བུའི་གངས་ལྗོངས་ཐུབ་བསྟན་གྱི་འདུལ་གཞུང་དག་གི་རྗེས་སུ་འབྲངས་ནས་བརྩམས་ཡོད་པ་འདྲ་གཤིས། སྲོང་བཙན་གྱིས་མཛད་པར་སྨྲ་མི་སྤོབས་སོ། །
[13] དར་མ་འུ་དུམ་བཙན་གྱིས་བཀྲོངས་ནས་བཙན་པོའི་རྒྱལ་རབས་སིལ་ཆད་དུ་ཕྱིན་སྐབས་དེ་ལ་གོའོ། །
[14] དབྱིན་སྐད་དུKhalifaདང་རྒྱ་སྐད་དུ哈里发ཞེས་པ་སྟེ། རྒྱལ་པོའམ་རྗེ་བོའི་དོན་ནོ། །
[15] 白桂思:«吐蕃在中亚»,[M] 乌鲁木齐, 新疆人民出版社,2012版,第141页。
[16] བརྒྱ་ལོ11པའི་སྨད་ནས13པའི་བར་རོ། །
རྩོམ་ཁུངས། ༢༠༢༢ལོའི«མཚོ་སྔོན་སྤྱི་ཚོགས་ཚན་རིག»འདོན་ཐེངས་བཞི་པ།
འབྲེལ་ཡོད་འོས་སྦྱོར།
-
ཐུབ་བསྟན་རྒྱ་གར་ནས་བོད་ལ་དར་པའི་བྱེ་བྲག་གི་དུས་མཚམ...
-
མི་ཆོས་རིག་པ་སྤྱི་ལྡོག་ནས་མི་རིགས་རང་གི་ཆོས་ལུགས་ད...