ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ།
རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-13
ཀློག་གྲངས།:
ལེགས་སྦྱར་ཡི་གེའི་བཀླག་ཐབས་བཤད་པ།
༢༦ སྔགས་བཀླག་ཐབས་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་སྐྱོན་ནི་གང་།ལན། ཕན་ཡོན་བཤད་པ་ལ། ༡ ཆོས་དང་རིག་གནས་ཀྱི་གཞུང་ལ་འཇུག་ཐུབ་པ།
༢ ཡི་དམ་སོགས་ཀྱི་ལྷ་སྒོམ་པ་དང་སྔགས་བཟླ་བའི་དོན་རྒྱུད་ལ་འབྱོར་བ།
༣ གཟུངས་སྔགས་སོགས་ཀློག་ཐུབ་པ།
སྐྱོན་བཤད་པ་ལ། བྱིས་པ་བདེ་འཇུག་ལས། གང་གིས་བཀླག་ཐབས་མི་ཤེས་པ། ། རིག་སྔགས ་ལོག་པར་བཟླས་གྱུར་ན། ། དད་མེད་རྣམས་ལ་དོན་མེད་འགྱུར། ། དད་པ་ཡོད་ཀྱང་དངོས་གྲུབ་རིང་། །ཞེས་སོ། །
༢༧ སྔགས་བཀླག་ཐབས་བསྡུས་པ་ཞེས་པའི་མཛད་པ་པོ་སུ་ཡིན།
ལན། སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིའི་ཞེས་པ་ཡིན་ཞིང་། བོད་སྐད་དུ་སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ་ཞེས་གསོལ། ཁོང་ནི་སྤྱི་ལོ་དུས་རབས14ཡས་མས་སུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་དཔལ་སྣར་ཐང་དགོན་པའི་ཆོས་གྲྭར་ཞུགས་ཤིང་རབ་བྱུང་དང་། དགེ་ ཚུལ། དགེ་སློང་གི་སྡོམ་པ་རྣམས་བཞེས་ཏེ་མདོ་སྔགས་གཉིས་ཀྱི་གཞུང་ལ་ཐོས་བསམ་ ནན་ཏན་མཛད། དེ་ནས་འགོས་ལོ་གཞོན་ནུ་དཔལ(1392ནས1481)དང་འདུལ་འཛིན་དཔལ་ལྡན་བཟང་པོ(1402ནས1473)སོགས་ལ་སྒྲ་དང་སྙན་ངག མངོན་བརྗོད། སྐར་རྩིས་སོགས་སློབ་ཁྲིད་གནང་ནས་སློབ་བུ་མང་པོ་གསོ་སྐྱོང་མཛད། སྤྱི་ལོ1420ལོར་བཤེས་གཉེན་བློ་གྲོས་དཔལ་འབར་གྱིས་ཡང་ཡང་བསྐུལ་ངོར་ཐང་པོ་ཆེའི་གཙུག་ལག་ཁང་དུ《སྔགས་བཀླག་ཐབས་བསྡུས་པ》《ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ཊིཀྐ་གཞུང་དོན་གསལ་བ》སོགས་མཛད། གཞན་ཁོང་གི་གསུང་ལ《སྙན་ངག་མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ》ཞེས་པ་དང་། 《དོན་རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་བརྒྱ་བ》སོགས་བཞུགས་སོ། །
༢༨ སྔགས་བཀླག་ཐབས་ཀྱི་མཚན་དོན་བཤད་ཐུབ་བམ།
ལན། རྒྱ་གར་སྐད་དུ། མནྟྲ(སྔགས)སྱ(ཀྱི)པ་ཐོ་སཱ་ཡ(ཀློག་ཐབས)བི་ཙིནྟྲ(བསྡུས་པ)ནཱ་མ(ཞེས་བྱ་བ)འོ། །
༢༩ ཡི་གེའི་ངོ་བོ་ནི་གང་ཡིན། ཕོ་མོ་མ་ནིང་གི་ཡི་གེ་གསུམ་ནི་གང་དག་ཡིན།
ལན། ངོ་བོ་ཨཱ་ལི་ཀཱ་ལི་སྟེ། ཞེས་དབྱངས་དང་གསལ་བྱེད་གཉིས་སོ། །
ཕོའི་ཡི་གེ། ང་ཉ་ཎ་ན་མ་ལྔ་བོ་མ་གཏོགས་པའི་གསལ་བྱེད་རྣམས་སོ། །
མོའི་ཡི་གེ། རྀ་རཱྀ་ལྀ་ལཱྀ་བཞི་མ་གཏོགས་པའི་དབྱངས་རྣམས་སོ། །
མ་ནིང་གི་ཡི་གེ། ང་ཉ་ཎ་ན་མ་ལྔ་དང་རྀ་རཱྀ་ལྀ་ལཱྀ་བཞི་བཅས་ཏེ་དགུའོ། །
༣༠ ལེགས་སྦྱར་དབྱངས་གསལ་རྣམས་ཀྱི་འབྱུང་ཁམས་དང་སྐྱེ་གནས་རེ་རེ་བཞིན་ངོས་འཛིན་བྱེད་ནུས་སམ། ཡང་ན། ལེགས་སྦྱར་གྱི་དབྱངས་གསལ་ནི་ཁམས་གང་གིས་བསྡུས་ཤིང་སྐྱེ་བའི་ཚུལ་ནི་གང་།
ལན། ༡ འབྱུང་བ་ཆེ་བའི་ལུགས་ལ།
ཨ་ཀུ་ཧ་རྐ་ནམ་མཁའི་ཁམས། ། མགྲིན་པའི་གནས་ལས་སྐྱེ་བ་ཡིན། །
ཨ་ཨཱ༼ཨ༽ཀ་ཁ་ག་གྷ་ང༼ཀུ༽ཧ་རྐ་བཅས་དགུ་ནི་འབྱུང་བ་ནམ་མཁའི་ཁམས་ཀྱི་ཡི་གེ།
ཨི་ཙི་ཡ་ཤ་རླུང་གི་ཁམས། ། ལྕེ་རྩེ་སོ་རྐན་དག་ལས་སྐྱེ། །
ཨི་ཨཱི༼ཨི༽ཙ་ཚ་ཛ་ཛྷ་ཉ༼ཙི༽ཡ་ཤ་བཅས་དགུ་ནི་འབྱུང་བ་རླུང་གི་ཁམས་ཀྱི་ཡི་གེའོ། །
རི་ཊུ་ར་ཥ་མེ་ཡི་ཁམས། ། སྤྱི་བོ་དག་ལས་སྐྱེ་བ་ཡིན། །
རྀ་རཱྀ༼ རྀ ༽ཊ་ཋ་ཌ་ཌྷ་ཎ༼ཊུ༽ར་ཥ་བཅས་དགུ་ནི་འབྱུང་བ་མེའི་ཁམས་ཀྱི་ཡི་གེའོ། །
ཨུ་པུ་ཝ་པོ་ཆུ་ཡི་ཁམས། ། མཆུ་ཡི་གནས་ལས་སྐྱེ་བ་ཡིན། །
ཨུ་ཨཱུ༼ཨུ༽པ་ཕ་བ་བྷ་མ༼པུ༽ཝ་པོ་བཅས་དགུ་ནི་འབྱུང་བ་ཆུའི་ཁམས་ཀྱི་ཡི་གེ།
ལྀ་ཏུ་ལ་ས་ས་ཡི་ཁམས། ། ལྕེ་རྩེ་སོ་ལས་སྐྱེ་བ་ཡིན། །
ལྀ་ལཱྀ༼ལྀ༽ཏ་ཐ་ད་དྷ་ན༼ཏུ༽ལ་ས་བཅས་དགུ་ནི་འབྱུང་བ་སའི་ཁམས་ཀྱི་ཡི་གེའོ། །
༢ འབྱུང་བ་ཆུང་བའི་ལུགས་ལ།
འབྱུང་བ་ཆུང་བ་སྡེ་ལྔ་ནི། །
ཀ་ཙ་ཊ་ཏ་པ་རྣམས་ས། །
ཀ་ཙ་ཊ་ཏ་པ་རྣམས་སའི་ཁམས་ཀྱི་ཡི་གེའོ། །
ཁ་སོགས་ཆུ་ཡིན་ག་སོགས་མེ། །
གྷ་སོགས་རླུང་ཡིན་ང་སོགས་མཁའ། །
ཁ་ཚ་ཋ་ཐ་ཕ་རྣམས་ཆུའི་ཁམས་ཀྱི་ཡི་གེའོ། །
ག་ཛ་ཌ་ད་བ་རྣམས་མེའི་ཁམས་ཀྱི་ཡི་གེའོ། །
གྷ་ཛྷ་ཌྷ་དྷ་བྷ་རྣམས་རླུང་གི་ཁམས་ཀྱི་ཡི་གེའོ། །
ང་ཉ་ཎ་ན་མ་རྣམས་ནམ་མཁའི་ཁམས་ཀྱི་ཡི་གེའོ། །
༣༡ དགྲ་གྲོགས་ཀྱི་བརྩི་གཞི་ངོས་འཛིན་དང་། དགྲ་གྲོགས་ཀྱི་འབྲས་བུ། དགྲ་གྲོགས་ཀྱི་ངོ་བོ་གསུམ་ངོས་འཛིན་བྱེད་ནུས་སམ།
ལན། ༡ ཨོ་དང་ན་མོ་ཏདྱ་ཐཱ། ། སྤངས་པའི་སྔགས་ཀྱི་ཐོག་མ་དང་། ། རང་གི་མིང་ཐོག་གཟུང་བར་བྱ། ། གསལ་བྱེད་བརྩེགས་སམ་འཕུལ་བཞག་ཡོད། ། དང་བོའི་ཡི་གེ་གཟུང་བར་བྱ། །
༢ གསལ་བྱེད་དགྲར་གྱུར་ནད་མང་ཞིང་། ། དབྱངས་ཡིག་དགྲར་གྱུར་སྲོག་དང་འབྲལ། ། ཐ་མལ་གྱུར་ན་འབྲས་བུ་མེད། ། གྲོགས་སུ་གྱུར་ན་དངོས་གྲུབ་འབྱུང་། ། དེ་ཕྱིར་དགྲ་གྲོགས་བརྩི་བ་གཅེས། །
༣ དགྲ་ཡིན་ཚུལ། ས་དགྲ་མེད་ཡིན་མེ་དགྲ་ཆུ། ། ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །
ནུས་མེད་དུ་འགྱུར་ཚུལ། ས་ནི་མེ་ལ་ནུས་པ་མེད། ། མེ་ནི་ཆུ་ལ་ནུས་པ་མེད། ། ཆུ་ནི་རླུང་ལ་ནུས་པ་མེད། ། རླུང་ནི་ས་ལ་ནུས་པ་མེད། །
གྲོགས་སུ་འགྱུར་བའི་ཚུལ། ས་ཆུ་ཕན་ཚུན་གྲོགས་པོ་སྟེ། ། མེ་རླུང་ཕན་ཚུན་གྲོགས་པོ་ཡིན། ། ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། ། ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །
༣༢ དབྱངས་ཀྱི་བཀླག་ཚུལ་བརྗོད་ཐུབ་བམ།
ལན། ཡི་གེ་ཐུང་བ་གཅིག་ཡུན་བཀླག ། རིང་བ་གཉིས་ཀྱི་ཡུན་དུ་བཀླག ། ཤིན་ཏུ་རིང་བ་གསུམ་ཡུན་བཀླག ། པླུ་ཏ་ཡང་དེ་བཞིན་ནོ། ། འགྲེང་བུ་ན་རོ་ཡོད་གྱུར་ན། ། རིང་བོ་ཉིད་ ཕྱིར་འ་འདོགས་འཁྲུལ། །
༣༣ གསལ་བྱེད་ཀྱི་བཀླག་ཚུལ་ལས། གསུམ་པའི་བཀླག་ཚུལ་དང་། བཞི་བའི་བཀླག་ཚུལ། ལོག་སྡེའི་བཀླག་ཚུལ། ཥའི་བཀླག་ཚུལ། ཀྵའི་བཀླག་ཚུལ། ཛྷའི་བཀླག་ཚུལ། དུ་མ་བརྩེགས་པའི་བཀླག་ཚུལ། འདྲ་བ་བརྩེགས་པའི་བཀླག་ཚུལ། མི་འདྲ་བ་བརྩེགས་པའི་བཀླག་ཚུལ། འཁྲུལ་བ་སྤང་བ། རྣམ་བཅད་བཀླག་ཚུལ། རྗེས་སུ་ང་རོ་བཀླག་ཚུལ། ལྕེ་རྩ་ཅན་དང་མཆུ་ཅན་བཀླག་ཚུལ། ཡ་བཏགས་པའི་བཀླག་ཚུལ། ཝ་བཏགས་པའི་བཀླག་ཚུལ། རྀ་ལྀ་ཞུགས་པའི་བཀླག་ཚུལ། ཨི་ཞུགས་པའི་བཀླག་ཚུལ། ཀེ་ཤ་ཅན་གྱི་བཀླག་ཚུལ་བཅས་གང་འདྲ་ཞིག་ཡིན་ནམ།
ལན། ༡ གསུམ་པའི་བཀླག་ཚུལ། མིང་གི་ཐོག་མར་སྡེ་བ་ཡི། ། གསུམ་པ་འས་འཕུལ་བཞིན་དུ་བཀླག ། དབུས་མཐར་བྱུང་ན་བོད་དང་མཚུངས། །
༢ བཞི་བའི་བཀླག་ཚུལ། བཞི་བ་རྣམས་ནི་གསུམ་པ་ལ། ། ར་མགོ་ཧ་སྒྲ་ལྡན་པར་བཀླག །
༣ ལོག་སྡེའི་བཀླག་ཚུལ། ཊ་སོགས་ལོག་སྡེའི་བཀླག་ཚུལ་ནི། ། ལྕེ་རྩེ་རྐན་སྦྱར་སྟིབས་ཀྱིས་བསྒྱུར། །
༤ ཥའི་བཀླག་ཚུལ། ཥ་ནི་ཁ་དང་ཆ་མཐུན་པར། ། རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །
༥ ཀྵའི་བཀླག་ཚུལ། ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། །
༦ ཛྷའི་བཀླག་ཚུལ། ཛ་ལ་ཉ་བཏགས་འགྱ་འམ་གཉའ། །
༧ དུ་མ་བརྩེགས་པའི་བཀླག་ཚུལ། གསལ་བྱེད་མི་འདྲ་དུ་མ་བརྩེགས། ། རང་སྒྲ་ཐོན་ཙམ་མྱུར་བར་བཀླག ། དབྱངས་དང་ང་རོ་འོག་མ་དབང་། །
༨ འདྲ་བ་བརྩེགས་པའི་བཀླག་ཚུལ། འདྲ་བའི་གསལ་བྱེད་བརྩེགས་གྱུར་ན། ། ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག །
༩ མི་འདྲ་བ་བརྩེགས་པའི་བཀླག་ཚུལ། བརྩེགས་པའི་ཐོག་མ་གོང་མར་དབང་། ། དེ་འོག་རྣམས་ནི་དཀྱུས་སུ་བཀླག ། ཉ་ཎ་ཡར་སྦྱར་ན་ལྟར། ། ཤ་ཁ་ཡར་སྦྱར་ས་ལྟར་བཀླག ། ཀ་ནི་ག་དང་ཙ་ཛ་ཊ། ། ཌ་ཏ་རྣམས་ནི་ད་རུ་བཀླག ། པ་ཡིག་རྣམས་ནི་བ་རུ་བཀླག །
༡༠ འཁྲུལ་བ་སྤང་བ། གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། ། ཡི་གེ་གཉིས་གཉིས་འདོད་པ་འཁྲུལ། ། དེ་བཞིན་དབྱངས་ཀྱི་རྀ་ལྀ་གཉིས། ། ར་དང་ལ་རུ་འདོད་པ་འཁྲུལ། །
༡༡ རྣམ་བཅད་བཀླག་ཚུལ། རྣམ་བཅད་ས་རུ་བཀླག་པའམ། ། དྲག་པོར་བཅད་དེ་བཀླག་པར་བྱ། །
༡༢ རྗེས་སུ་ང་རོ་བཀླག་ཚུལ། རྗེས་སུ་ང་རོ་སྡེ་བ་ལ། ། རང་རང་སྡེ་བའི་ལྔ་བར་བཀླག ། ཡ་སོགས་བརྒྱད་ལ་ང་རུ་བཀླག ། ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། ། ཤད་ཀྱིས་ཆོད་ན་རང་ཉིད་བརྩི། ། ཤད་མེད་ན་ནི་འོག་མ་བརྩི། ། 《དམིགས་བསལ》ཨོ་དང་ཧཱུ་གཉིས་མ་དང་ང་། ། ཚིག་གྲོགས་དག་ལ་ལྟོས་པ་མིན། །
༡༣ ལྕེ་རྩ་ཅན་དང་མཆུ་ཅན་བཀླག་ཚུལ། ལྩེ་རྩ་ཅན་དང་མཆུ་ཅན་ནི། ། ཨ་ཀ་ཨ་པ་ཞེས་པའམ། ། ཀོ་ཝ་པོ་ཝ་ཞེས་པར་བཀླག །
༡༤ ཡ་བཏགས་པའི་བཀླག་ཚུལ། ཡ་བཀླག་ཕལ་ཆེར་འགྲེང་བུ་ནི། ། ཡའི་སྒྲ་ཅུང་ཞིག་ལྡན ་པར་བཀླག ། 《དམིགས་བསལ》ཡ་ལ་ཡ་བཏགས་ཡ་རང་ཉིད། ། ཀ་ཁའི་ཡ་བཏགས་བོད་ བཞིན་བཀླག ། ར་ལ་ཡ་བཏགས་ར་ཡར་སྦྱར། །
༡༥ ཝ་བཏགས་པའི་བཀླག་ཚུལ། ཝ་བཏགས་ཕལ་ཆེར་ན་རོ་སྟེ། ། ཝའི་སྒྲ་ཅུང་ཞིག་ལྡན་པར་བཀླག །
༡༦ རྀ་ལྀ་ཞུགས་པའི་བཀླག་ཚུལ། ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། ། གི་གུ་ཕྱིར་ནི་ལོག་གྱུར་ན ། ། ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག །
༡༧ ཨི་ཞུགས་པའི་བཀླག་ཚུལ། ཀ་སོགས་ར་དང་ལ་བཏགས་ནས། ། གི་གུ་ཕྱིར་ནི་མ་ལོག་ན། ། ཀ་རི་ཀ་ལི་ཞེས་པར་བཀླག །
༡༨ ཀེ་ཤ་ཅན་གྱི་བཀླག་ཚུལ། ཨེེ་དང་ཨོོ་ཡི་བཀླག་ཚུལ་ནི། ། ཨེ་ཨི་ཨོ་ཨུ་ཞེས་པར་བཀླག ། དེ་བཞིན་ཀ་སོགས་སྲོག་ཞུགས་ན། ། ཀེ་ཨི་ཀོ་ཨུ་སོགས་སུ་བཀླག །
མཚམས་སྦྱོར་ལྔ་བ་བཤད་པ།
༣༤ མཚམས་སྦྱོར་ལྔ་ནི་གང་དག་ཡིན།ལན། མིང་གི་མཚམས་སྦྱོར་དང་། དབྱངས་ཀྱི་མཚམས་སྦྱོར། རང་བཞིན་དུ་གནས་པའི་མཚམས་སྦྱོར། གསལ་བྱེད་ཀྱི་མཚམས་སྦྱོར། རྣམ་བཅད་མཚམས་སྦྱོར་ལྔའོ། །
༣༥ མཚུངས་པའི་ཡི་གེ་ལྔ་ནི་གང་དག་ཡིན།
ལན། ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ། །
༣༦ ནཱ་མིའི་ཡི་གེ་ནི་གང་དག་ཡིན།
ལན། ཨ་བོར་བ་ནཱའོ། ། ཨ་ཡིག་རིང་ཐུང་གཉིས་བོར། ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨེེ་ཨོ་ཨོོ
༣༧ ཧ་སའི་ཡི་གེ་ནི་གང་དག་ཡིན།
ལན། ཧ་ས་གསལ་བྱེད་རྣམས་སོ། ། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །
༣༨ ཧ་བའི་ཡི་གེ་ནི་གང་དག་ཡིན།
ལན། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ་རྣམས་སོ། །
༣༩ ཁ་སའི་ཡི་གེ་ནི་གང་དག་ཡིན།
ལན། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །
༤༠ ཨ་བའི་ཡི་གེ་ནི་གང་དག་ཡིན།
ལན། ཨ་ཨི་ཨུ་རྀ་ལྀ་ཨེ་ཨེེ་ཨོ་ཨོོ། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག ་བ་རྣམས་སོ། །
༤༡ ཙ་པའི་ཡི་གེ་ནི་གང་དག་ཡིན།
ལན། ཙ་ཊ་ཏ་ཀ་པ་རྣམས་སོ། །
༤༢ ཛྷ་བྷའི་ཡི་གེ་ནི་གང་དག་ཡིན།
ལན། ཛྷ་ཌྷ་དྷ་གྷ་བྷ་རྣམས་སོ། །
༤༣ ཛ་བའི་ཡི་གེ་ནི་གང་དག་ཡིན།
ལན། ཛ་ཌ་ད་ག་བ་རྣམས་སོ། །
༤༤ ཛྷ་སའི་ཡི་གེ་ནི་གང་དག་ཡིན།
ལན། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །
༤༥ འཕེལ་བའི་ཡི་གེ་བཞི་ནི་གང་དག་ཡིན།
ལན། ཨཱ་ཨཱརྲ་ཨེེ་ཨོོ་བཞི་སྟེ། ཨ་ཡིག་གི་འཕེལ་བ་ཨཱ་དང་། རྀ་ཡིག་གི་འཕེལ་བ་ཨཱརྲ་དང་། ཨི་ཡིག་གི་འཕེལ་བ་ཨེེ་དང་། ཨུ་ཡིག་གི་འཕེལ་བ་ཨོོ་བཅས་སོ། །
༤༦ ཚིག་སྡུད་དྲུག་ནི་གང་དག་ཡིན།
ལན། མི་ཟད་པའི་བསྡུ་བ་དང་། དེའི་སྐྱེས་བུའི་བསྡུ་བ། ཟླས་དབྱེའི་བསྡུ་བ། འབྲུ་མང་པོའི་བསྡུ་བ། ལས་འཛིན་གྱི་བསྡུ་བ། ཕྱོགས་གཉིས་པའི་བསྡུ་བ་བཅས་དྲུག་གོ། ཡང་ན། འབྲུ་མང་པོ་བའི་སྡུད་པ། ལས་འཛིན་གྱི་སྡུད་པ། བ་གཉིས་བའི་སྡུད་པ། སྐྱེས་བའི་སྡུད་པ། ཟླས་དབྱེའི་སྡུད་པ། གྲངས་མེད་པའི་སྡུད་པ་སྟེ་དྲུག་གོ།
༤༧ ཡོན་ཏན་གྱི་ཡི་གེ་གསུམ་ནི་གང་དག་ཡིན།
ལན། རྀའི་ཡོན་ཏན་ཨར་ཞེས་པ་དང་། ཨེའི་ཡོན་ཏན་ཨེེ་ཞེས་པ་དང་། ཨུའི་ཡོན་ཏན་ཨོ་ཞེས་པ་རྣམས་སོ། །
༤༩ ཉ་མ་སྣ་ལྡན་གྱི་ཡི་གེ་ལྔ་གང་དག་ཡིན།
ལན། ཉ་ཎ་ན་ང་མ་ལྔའོ། །
༤༩ གཤམ་གསལ་སྒྲ་མདོ་དག་གི་དོན་བཤད་ཐུབ་བམ།
ལན། མཚམས་སྦྱོར་ལྔ་བའི་རྩ་འགྲེལ་དང་བཅས་པར་སྦྱངས་པ་གནད་དུ་འགྲོ་བ་གཞིར་ བཅས་ཏེ་འདིར་རེ་རེ་འགོད་པའི་ངལ་བར་མ་བསྟེན་པས་གཞན་དུ་ཤེས་པར་བྱའོ། །
༥༠ མཚམས་སྦྱོར་ཕྱི་མ་བཞིའི་དཔེར་བརྗོད་དང་བཅས་པ་རེ་རེ་བཞིན་འགོད་ཐུབ་བམ།
ལན། རྒན་གཟུངས་འབུམ་ཐར་གྱིས་མཛད་པའི་དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོའི་ཤོག་ངོས21ནས97བར་དུ་དཔེར་བརྗོད172ཁ་གསལ་བོར་བཀོད་འདུག་པས་དེ་ལས་ཤེས་པར་བྱ་བ་འདིར་བསྐྱར་ཟློས་སུ་སྤེལ་རྒྱུ་མིན།
ཟུར་བཀོད། ཉེར་མཁོའི་སྔགས་བོད་ཤན་སྦྱར།
འདིར་སྨྲས་པ།
ཆུ་ལས་འོ་མ་བླངས་པ་ལ། །
ཉེས་སྐྱོན་ཅི་མཆིས་མཐོལ་ལོ་གཤགས། །
འདི་ལས་བྱུང་བའི་དགེ་བའི་མཐུས། །
ཐམས་ཅད་བསམ་དོན་འགྲུབ་གྱུར་ཅིག །
མཆན། ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་འདི་ནི་ཁོ་བོས་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་ཚད་དུ་ལེགས་སྦྱར་སྒྲ་རིག་པར་རྒྱུགས་སྤྲོད་པའི་སྟ་གོན་དུ་དགེན་ཁུ་བྱུག་དང་། བཀྲ་ཤིས་དབྱངས་ཅན་དགའ་བའི་བློ་གྲོས། གཟུངས་འབུམ་ཐར་སོགས་ཀྱིས་མཛད་པའི་སྒྲ་རིག་པའི་བསླབ་དེབ་ལས་ཉེ་བར་མཁོ་བའི་ཆ་དག་ཧྲགས་བསྡུས་སུ་དྲི་བ་དྲིས་ལན་གྱི་རྣམ་པར་སྦྱར་བ་ཞིག་གོ།
འབྲེལ་ཡོད་འོས་སྦྱོར།