མངོན་རྟོགས་རྒྱན་ལས་མཁྱེན་གསུམ་གྱི་དྲིས་ལན་མདོར་བསྡུས་བཞུགས་སོ། །
རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-18
ཀློག་གྲངས།:
ན་མོ་གུ་རུ་མཉྫུ་ཤྲི་ཡེ།
སྤངས་རྟོགས་ཆ་ཤས་ཀུན་ནས་གང་བ་ཅན། །
མཁྱེན་རབ་འོད་ཟེར་དཀར་པོའི་ཕྲེང་བ་ཡིས། །
སྦས་དོན་ཀུན་དའི་འཛུམ་དཀར་གྲོལ་བའི་གཉེན། །
དགའ་ལྡན་ཞིང་གི་མགོན་པོ་སྤྱི་བོས་བསྙེན། །
མ་ཕམ་བློ་གྲོས་ཚངས་པའི་རལ་ཀློང་ལས། །
ལེགས་འོང་འཕགས་བཞིའི་ཡུམ་གཅིག་ལྷའི་ཆུ་རྒྱུན། །
རྣམ་དཔྱོད་ཧུབ་ཀྱིས་འདྲེན་མཁས་ཛ་ཧུ་ན། །
འཕགས་མཆོག་ཐོགས་མེད་བརྒྱུད་པར་བཅས་ལ་འདུད། །
འདིར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཁྱེན་གསུམ་ལས་བརྩམས་ཏེ་གཞུང་གི་དཀའ་གནས་འགའ་ལ་དྲི་བ་རེ་ཟུང་བཀོད་འདུག་པར་ལན་ཞིག་འབྲི་བར་འདོད་ནས་མདོར་བསྡུས་སུ་སྨྲ་བ་ལ།
དྲི་བ་དང་པོ། རང་ལུགས་མཆོད་ཡུམ་ངོ་བོ་དེ། །སྐྱེད་དང་བཞེད་སྒྲུབ་གང་ཞིག་དང་། །དེ་ཡི་ས་མཚམས་གང་ནས་གཞག །ཅེས་གསུངས་སོ། །
འདི་ལ་སྤྱིར་ས་སྐྱའི་མཁས་པ་རོང་སྟོན་དང་གོ་རམས་དག་སྐྱེད་བྱེད་དང་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ཀ་ཡིན་པར་བཞེད་ལ། ལེགས་བཤད་གསེར་ཕྲེང་ལས་བཞེད་སྒྲུབ་ཀྱི་ཡུམ་འབའ་ཞིག་ཡིན་པར་བཞེད་ཡོད། རང་ལུགས་ལ་མཆོད་ཡུམ་གྱི་ངོ་བོ་དེ་སྐྱེད་བྱེད་བཞེད་དོན་སྒྲུབ་བྱེད་གཉིས་ཀ་ཡིན་པར་བཞེད་དེ། །ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ཀེ་ཏ་ཀ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་དག་ཀྱང་ཤེར་ཕྱིན་སྟོང་པ་ཉིད་ལ་མ་བརྟེན་པར་ཤེས་པར་མི་ནུས་པས་འདི་འཕགས་བཞི་སྐྱེད་པའི་ཡུམ་དུ་གསུངས་པའི་ཕྱིར་རོ། །ཞེས་དང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་རྒྱན་འགྲེལ་ལས་ཀྱང་སྐྱེད་བྱེད་དང་བཞེད་དོན་སྒྲུབ་བྱེད་གཉིས་ཀ་གསུངས་པ་དང་། སྨིན་གླིང་ཤེར་ཕྱིན་སྤྱི་དོན་ལས་ཀྱང་དེ་བཞིན་དུ་གསུངས་པའི་ཕྱིར་རོ། །
འདི་རྩ་འགྲེལ་གྱི་དགོངས་པ་སྟེ་རྩ་བར། ཀུན་ཤེས་ཉིད་ཀྱིས་ཉེ་ཞིར་ཁྲིད་མཛད། ཅེས་སོགས་བཞེད་སྒྲུབ་ཏུ་གསུངས་ཤིང་། འགྲེལ་བ་དོན་གསལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན། སངས་རྒྱས་ལ་སོགས་པ་བསྐྲུན་པར་མཛད་པ། ཞེས་གསུངས་པའི་ཕྱིར་རོ།།རྩ་བ་ལས་ཀྱང་། ཀུན་ཤེས་ཉིད་ཅེས་དང་། ལམ་ཤེས་ཉིད་ཅེས་སོགས་ཀྱིས་སྐྱེད་ཡུམ་བསྟན་པར་མཁས་པ་གཞན་བཞེད་ལ་དེ་ལྟར་དུ་འཆད་རུང་ཙམ་དུ་གནས་སོ།།འདི་ལ་ལེགས་བཤད་གསེར་ཕྲེང་ལས་ནི། སྲས་གང་ཟག་དང་ཡུམ་དེའི་མངོན་རྟོགས་ཡིན་པས་དུས་མི་མཉམ་པ་མི་རུང་བའི་ཕྱིར་རོ། །ཞེས་གསུངས་མོད། མོས་སྤྱོད་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་དེ་ལ་བརྟེན་ནས་འཕགས་པའི་གང་ཟག་ཏུ་གྱུར་བ་ཡིན་པས་དུས་མི་མཉམ་ཡང་ཡུམ་སྲས་སུ་འཇོག་པ་འཐད་དོ་སྙམ་དུ་སེམས་སོ། །ས་མཚམས་ནི་སྲས་འཕགས་པའི་བཞེད་སྒྲུབ་མཐོང་ལམ་ཡན་ཆད་དང་། སྐྱེད་ཡུམ་མོས་སྤྱོད་ནས་འཇོག་པར་མངོན་ནོ། །
མདོར་ན་མཆོད་ཡུམ་གྱི་ངོ་བོ་ནི་སློབ་མི་སློབ། ཐེག་ཆེན་ཐེག་དམན། འཕགས་པ་སོ་སྐྱེ་བཅས་གང་གིས་ཀྱང་ཁྱད་པར་དུ་མ་ཕྱེས་པའི་ཤེར་ཕྱིན་མཁྱེན་པ་གསུམ་གྱི་བདག་ཉིད་ཅན་ཡིན་ཏེ། མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་ལ་བསྟོད་ཅིང་ཕྱག་འཚལ་ནས་བསྟན་བཅོས་ཀྱི་ལུས་ཀྱི་སྐབས་སུ་མཁྱེན་པ་གསུམ་གྱི་བདག་ཉིད་ཀྱི་ཤེར་ཕྱིན་དེ་ཉིད་དངོས་པོ་བརྒྱད་དུ་ཕྱེས་ནས་བཤད་པ་ཡིན་ཏེ། ཉི་སྣང་གི་མཆོད་བརྗོད་ཀྱི་འགྲེལ་བ་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་འགོད་པ་སྔོན་དུ་འགྲོ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ།།ཞེས་དང་། ལུས་མདོར་བསྟན་གྱི་མཚམས་སྦྱོར་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་གང་ཡིན་ཞེས་བྱ་བ་འདི་ནི་བརྗོད་པར་བྱའོ་ཞེ་ན། བཤད་པ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་སོགས་གསུངས་པའི་ཕྱིར་དང་། ཉི་ཁྲི་རྣམ་འགྲེལ་ལས་ཀྱང་། གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དབང་དུ་བྱས་ནས། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལ། དེ་ཇི་ལྟ་བུ་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་ཞེས་འདྲི་བ་ལ། མངོན་རྟོགས་བདག་ཉིད་བདུན་ཡིན་པར། །ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཅེས་སོགས་གསུངས་པའི་ཕྱིར་རོ། །
དེ་ལྟ་ན་བསྟན་བཅོས་ཀྱི་བརྗོད་བྱ་ལ་མཆོད་པར་བརྗོད་པའོ། །གཞན་ཡང་འདི་ལྟར་མཆོད་ཡུམ་ཀྱི་ངོ་བོ་ནི་ཁྱད་གཞི་ཤེར་ཕྱིན་ཙམ་ཡིན་ལ། དེ་ལ་ཁྱད་ཆོས་མཁྱེན་པ་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་དེ། ཤེར་ཕྱིན་འདིས་ནི་ཉན་རང་རྣམས་ཉེར་ཞིར་འཁྲིད་པར་མཛད་ཅིང་། བྱང་སེམས་རྣམས་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་བྱེད་དང་། ཐུབ་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བྱེད་ཀྱང་བྱེད་པས་དེ་འདྲའི་སྲས་འཕགས་པ་བཞི་གའི་ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་ཤེར་ཕྱིན་གྱི་སྤྱི་ལྡོག་ལ་མཁྱེན་གསུམ་གྱིས་བསྟོད་ཅིང་ཕྱག་འཚལ་བའོ་ཞེས་ཁས་བླངས་ནའང་ཤིན་ཏུ་འགྲིག་པར་སེམས་སོ། །
དྲི་བ་གཉིས་པ། སེམས་བསྐྱེད་པ་ཡི་མཚན་ཉིད་དེ། །དོན་དམ་སེམས་དང་སངས་རྒྱས་ཀྱི། །སེམས་བསྐྱེད་གཉིས་ལ་ཁྱབ་བམ་ཅི། །གཞན་ཡང་རྫི་བོ་ལྟ་བུ་སོགས། །སེམས་བསྐྱེད་གསུམ་ལ་ཁྱབ་མ་ཁྱབ། །ཁྱབ་ན་དེ་ལ་རིག་རལ་གྱིས། །བརྗོད་པའི་སྐྱོན་སྤོང་ཅི་ལྟར་མཛད། །མ་ཁྱབ་ཅེ་ན་རྒྱུ་མཚན་ཅི།།ཞེས་གསུངས་སོ། །
སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །སོགས་ཀྱི་མཚན་ཉིད་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གཉིས་ཀ་ལ་ཁྱབ་སྟེ། དེ་ཡང་དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་གཉིས་ཀྱི་ཁྱད་པར་ནི། མདོ་དགོངས་པ་ངེས་འགྲེལ་དང་ཀ་ཤཱའི་སྒོམ་རིམ་སོགས་ལས་གསུངས་པ་བཞིན་སྔ་མ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དང་། ཕྱི་མ་འཕགས་པའི་རྗེས་ཐོབ་དང་། སོ་སྐྱེས་མཉམ་རྗེས་ཀྱི་ངོ་བོས་བསྡུས་པ་ཡིན་ལ། འཕགས་པའི་མཉམ་གཞག་ཡེ་ཤེས་ལའང་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་ཡོད་དེ། རྩེ་མོའི་མཐོང་ལམ་སྐབས། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་མཐོང་ལམ་མཉམ་གཞག་ལ་ཕར་ཕྱིན་དྲུག་པོ་ཚང་བར་གསུངས་པ་བཞིན་དུ་འདིར་ཡང་དམིགས་པ་མེད་པས་ཁྱད་པར་དུ་བྱས་པའི་འདོད་པའམ་འདུན་པ་ཡོད་པའི་ཕྱིར་ཏེ། སེམས་ཉིད་ངལ་གསོ་ལས། མཉམ་གཞག་ན་ཡང་ཐབས་ཤེས་ཟུང་དུ་འབྲེལ། །ཞེས་པའི་འགྲེལ་བར། འདི་ལྟར་སེམས་བསྐྱེད་པ་དེ་ཐོབ་ལ་མ་ཉམས་པར་ཡོད་པས་སེམས་མི་རྟོག་པར་མཉམ་པར་བཞག་པ་ན་ཡང་དེའི་ཤེས་རབ་དེ་དང་ཟུང་དུ་འབྲེལ་བ་དང་། ཞེས་གསུངས་པ་བཞིན་ནོ། །དེས་ན་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་སོགས་ལས་གསུངས་པ་བཞིན་མཚན་ཉིད་འདིས་དོན་དམ་སེམས་བསྐྱེད་ལ་ཁྱབ་པར་ཁས་བླང་ངོ་། །དེ་བཞིན་དུ་སངས་རྒྱས་ཀྱི་སེམས་བསྐྱེད་ལའང་ཁྱབ་ཅེས་སྨྲ་ལ། ཁྱབ་ཚུལ་ནི་བུ་སྟོན་གྱིས། གཞན་དོན་དུ་རྫོགས་བྱང་འདོད་པར་བྱས་ཟིན་པས་མ་ཁྱབ་པ་མིན་གསུངས། གཞན་ཡང་བྱང་ཆུབ་འདོད་ཅེས་པ་འདོད་པར་བྱ་རྒྱུའི་ལས་དང་། འདོད་པར་བྱེད་པའི་བྱ་བ་གཉིས་ཀ་ལ་གོ་རུང་ལ་སངས་རྒྱས་ཀྱི་སེམས་བསྐྱེད་དེ་འདོད་བྱ་ཡིན་པས་མ་ཁྱབ་པའི་སྐྱོན་མེད་ཅེས་བཤད་ཀྱང་རུང་སྙམ་མོ། །དཀོན་བརྩེགས་ལས་གསུངས་པའི་རྫི་བོ་ལྟ་བུ་ལ་སོགས་གསུམ་པོ་ལ་ཡང་ཁྱབ་སྟེ། རྩ་བའི་མཚན་ཉིད་འདིར་གཞན་དོན་དུ་རང་ཉིད་དང་པོ་རྫོགས་བྱང་ཐོབ་འདོད་ཅེས་མ་སྦྱར་ན་རྒྱལ་པོ་ལྟ་བུ་ལའང་མི་གོ་ཞིང་། དང་པོ་ཞེས་སྦྱར་བ་བཞིན་རང་གཞན་མཉམ་དུ་ཞེས་དང་། རང་ཉིད་རྗེས་སུ་ཞེས་སྦྱར་ན་མཉན་པ་ལྟ་བུ་དང་རྫི་བོ་ལྟ་བུ་ལའང་ཁྱབ་པར་འགྱུར་རོ། །བཅོམ་ལྡན་པས། སེམས་ཅན་ཐམས་ཅད་སངས་རྒྱས་ན་རང་ཉིད་འཚང་རྒྱ་བ་ལ་དགོས་པ་མེད་དེ། སྐྲ་བྲེགས་ནས་ཚེས་གྲངས་རྟོག་པ་བཞིན་ཞེས་གསུངས་མོད། སེམས་ཅན་ཐམས་ཅད་སངས་མ་རྒྱས་ཀྱི་བར་དུ་རང་ཉིད་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བསྒྲུབས་ནས་སེམས་ཅན་མ་ལུས་པ་སངས་རྒྱས་ཀྱི་སར་བཀོད་ཟིན་ཚེ་གདོད་འཚང་རྒྱ་བར་དམ་བཅས་པ་ལ་དགོས་པ་ཅིའི་ཕྱིར་མེད་དེ་རང་གཞན་གྱི་དོན་གཉིས་ཀ་ཡོད་པའི་ཕྱིར། རྫི་བོ་དང་མཉན་པ་ལྟ་བུས་མི་སྲིད་པ་དམ་བཅས་པའི་ཕྱིར་སེམས་བསྐྱེད་ཡང་དག་མིན་གསུངས་ཀྱང་། དེ་ནི་རྒྱལ་པོ་ལྟ་བུ་ལའང་མཚུངས་ལ། མི་སྲིད་པ་དམ་བཅས་པ་ནི་བྱང་སེམས་ཀྱི་གོ་ཆ་ཆེན་པོའི་ཁྱད་ཆོས་ཡིན་པས་གསུམ་གའང་སེམས་བསྐྱེད་ཡང་དག་དང་། མཚན་ཉིད་འདིས་ཀྱང་ཁྱབ་ཅེས་འདོད་དོ། །
དྲི་བ་གསུམ་པ། བོད་པས་དབྱེ་བ་ཉེར་གཉིས་ཀྱིས། །སངས་རྒྱས་སེམས་བསྐྱེད་བསྡུས་ཞེས་པ། །ཀློང་ཆེན་དགོངས་པར་ཇི་ལྟར་བསྒྲིག །ཅེས་གསུངས་སོ། །
ཤེར་ཕྱིན་གྱི་མདོའི་དངོས་བསྟན་ལ་སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་བྱང་སེམས་ཀྱི་སེམས་བསྐྱེད་ལ་གསུངས་ཏེ། སེམས་བསྐྱེད་ཉེར་གཉིས་པའི་སྐབས་སུ། དེ་བཞིན་གཤེགས་པའི་སྤྱོད་ལམ་བསྟན་པར་འདོད་པ་དང་། གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་སོགས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་སྤྲིན་ལྟ་བུ་སློབ་ལམ་ལ་གསུངས་སོ། །ཡང་རྒྱན་སྣང་ལས། མདོ་སྡེའི་རྒྱན་གྱི། སེམས་བསྐྱེད་དེ་ནི་ས་རྣམས་ལ། །ཞེས་སོགས་དྲངས་ནས། ཞེས་བཤད་པས་རྒྱུ་དང་འབྲས་བུ་ལ་དམིགས་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་ཉིད་བསྐྱེད་པར་བྱ་བ་ཡིན་པར་བཤད་དོ། །
དེའི་རབ་ཏུ་དབྱེ་བ་བྱེད་ན་ཡང་དེ་བཞིན་དུ་བྱ་བ་ཡིན་ཏེ། གཞན་དུ་ན་རྒྱུའི་རབ་ཏུ་དབྱེ་བ་ཙམ་གྱིས་ནི་དེའི་དབྱེ་བ་རྣམ་པ་ཐམས་ཅད་བྱས་པར་མི་འགྱུར་བས་ན་དབྱེ་བ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཞེས་པ་ནི་ཁ་ཅིག་གིའོ། །ཞེས་དབྱེ་བ་ཉེར་གཉིས་ཀྱིས་སློབ་མི་སློབ་གཉིས་ཀའི་སེམས་བསྐྱེད་བསྡུས་པར་བཤད་དོ། །དེས་ན་ཀུན་མཁྱེན་བླ་མས་སྔ་མའི་དབང་དུ་མཛད་ལ། དེའི་ཚེ་སངས་རྒྱས་ཞེས་པའང་བཏགས་པར་གོ་དགོས་སོ། །བོད་པས་ཕྱི་མའི་དབང་དུ་བྱས་ནས་རྣམ་བཤད་མཛད་པས་སངས་རྒྱས་ཞེས་པ་མཚན་ཉིད་པ་ལ་གོའོ། །དེ་ལྟ་བས་ན་རྒྱན་འགྲེལ་མི་ཕམ་ཞལ་ལུང་ལས། དེས་ན་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ནི་ལུགས་གཉིས་སུ་སྣང་བའི་དོན་རྟོགས་པར་བྱའོ། །ཞེས་གསུངས་པ་ལྟར་གཟུང་ངོ་། །
དྲི་བ་བཞི་པ། སྦྱོར་ལམ་ངོ་བོ་བོད་སྤྲུལ་གྱིས། །མངོན་སུམ་རྗེས་མཐུན་ཡིན་ཞེས་དང་།།དེ་ཡི་རྟོག་དང་རྟོག་མེད་ཀྱི། །རྣམ་བཞག་ཇི་ལྟར་བྱེད་པ་ཡིན། །ཞེས་གསུངས་སོ།།
གཞན་དག་ན་རེ། བོད་སྤྲུལ་གྱི་ལུགས་ལ་སྦྱོར་ལམ་གྱི་ངོ་བོ་དེ་མངོན་སུམ་རྗེས་མཐུན་པ་ཡིན་ཞེས་ཟེར་ལ། རྗེས་མཐུན་པ་ཞེས་པ་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་ལྟོས་ན་དོན་སྤྱི་སྟེ་གཟུགས་བརྙན་ཙམ་མཐོང་བ་ཡིན་སྦྱོར་ལམ་གྱིས་དོན་སྤྱི་མཐོང་ཞེས་གསུངས་པའང་དེ་ལྟར་ཡིན་གྱི་རྟོག་པའི་ཡུལ་གཞན་སེལ་གྱི་དོན་སྤྱི་དེ་མིན་ཟེར། རྟོག་རྟོག་མེད་ནི། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མིན་ཞེས་བཞེད་དོ་ཞེས་ཟེར་རོ། །དེ་ལྟ་ན་ཤེས་བྱ་ཀུན་ཁྱབ་ལས། དེ་དག་བློའི་རྣམ་པའི་ངོ་བོ་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ལྟོས་ན་རྟོག་བཅས་དང་། སྒྲ་དོན་ངེས་འཛིན་གྱི་རྟོག་པ་ཕལ་བ་ལ་ལྟོས་ན་རྟོག་མེད་མངོན་སུམ་ཡིན་ཏེ། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པར་བཤད་པས་སོ། །ཞེས་གསུངས་པ་ལྟ་བུ་ཞིག་ལ་བཞེད་པ་ཡིན་ནམ་སྙམ་མོ། །དོར་ལམ་བློ་རིག་གང་ཡིན་འདི་ལ་མཁས་པ་སྔ་མ་འགའ་ཞིག་རྣལ་མངོན་ཡིན་ཞེས་ཟེར། འགའ་ཞིག་རང་རིག་མངོན་སུམ་བཞེད། འགའ་ཞིག་སྒྲ་དོན་འདྲེས་འཛིན་གྱི་རྟོག་མེད་དང་གཟུང་འཛིན་ཅན་གྱི་རྟོག་བཅས་ཡིན་ཟེར། རྗེ་ཙོང་ཁ་པ་དང་། རོང་སྟོན། གོ་རམས་ཆོས་རྗེ་དཔལ་སྤྲུལ། སྨིན་གླིང་། བཅས་ཀྱིས་ཆོས་ཉིད་ཀྱི་དོན་སྤྱི་འཛིན་པའི་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་སུ་བཞེད་དོ། །ཀུན་མཁྱེན་མི་ཕམ་པའི་དགོངས་པའང་འདི་ཡིན་པར་སེམས་ཏེ། མཁས་འཇུག་ལས། དོར་ལམ་བཟོད་པའི་སྐབས་སོ་སྐྱེ་ཡིན་ཡང་ཆོས་ཉིད་ཀྱི་དོན་ལ་དོན་སྤྱིའི་ཚུལ་གྱིས་ལེགས་པར་ཁོང་ཆུད་པའོ། །ཞེས་གསུངས་ཤིང་། ལུང་གི་དོན་འདི་ལྟར་བཟུང་ན་མདོའི་ལུགས་ལ་གནོད་བྱེད་ཀྱང་ཅི་ཡང་མ་མཐོང་ངོ་། །གཞན་ནི་དོར་ལམ་གྱིས་ཆོས་དབྱིངས་མངོན་སུམ་མཐོང་བར་ཐལ་བ་དང་། དེ་ལྟ་ན་ལུང་རིགས་མ་དང་འགལ་ཚུལ་མཁས་པ་གཞན་གྱིས་བརྗོད་པ་ལ་ལན་ཇི་ལྟར་སྨྲ་དགོས་ཚུལ་བརྗོད་རིགས་སོ། །ཀུན་མཁྱེན་ཀློང་ཆེན་པ་དང་འཇིགས་གླིང་གིས་རྟོག་རྟོག་མེད་ཀྱི་རྣམ་གཞག་ཅིག་གསུངས་པ་ནི་སྒྲ་དོན་འདྲེས་འཛིན་ཀྱི་རྟོག་རྟོག་མེད་ཀྱི་དོན་མི་སྣང་ངོ་། །
དྲི་བ་ལྔ་པ། དོར་ལམ་ལྡན་ཆོས་རྟོག་པ་བཞི། དངོས་བསྟན་མཐོང་སྒོམ་སྤང་བྱ་གང་། ཞེས་གསུངས་སོ། །
འདི་ལ་གོ་རམས་པ་ནི་དངོས་བསྟན་བཞི་པོ་མཐོང་སྤང་ཁོ་ན་ཡིན་ཞེས་གསུངས། དེ་ནི་གལ་ཏེ་དངོས་བསྟན་འདི་དག་མཐོང་སྤང་ཁོ་ན་མ་ཡིན་ན། རྫས་དང་བཏགས་པའི་རྟེན་ཅན་གྱིས། ཞེས་པའི་སྐབས་ནས་བསྟན་པའི་གང་ཟག་རྫས་འཛིན་དེ་སྒོམ་སྤང་འགྱུར་ལ། །དེ་ལྟ་ན་རྒྱུན་ཞུགས་པ་ནས་ཞེས་སོགས་ཀྱི་ལུང་དང་འགལ་ལོ་སྙམ་དགོངས་པར་མངོན། ཤུགས་བསྟན་དགག་རྟོག་རྣམས་སྒོམ་ལམ་གྱི་སྤང་བྱ་ཡིན་པ་འཕགས་སེང་གཉིས་ཀའི་དགོངས་པར་བཞེད། འོན་ཀྱང་སློབ་དཔོན་གྱི་ལུགས་ལ་ནི་དངོས་ཤུགས་ཅི་ཡང་འབྱེད་མི་དགོས་ཏེ། མཐོང་སྒོམ་གཉིས་ཀར་རྟོག་པ་ཐམས་ཅད་ཡོད་པར་གསུངས་པའི་ཕྱིར། འཕགས་པའི་ལུགས་ལ་གཉེན་ཚོགས་སྐབས་འཛིན་རྟོག་གཉིས་ཀ་བཏགས་པར་གསུངས་པ་ནི་གཙོ་ཆེ་བ་ལ་དགོངས་ཞེས་འཆད་ནུས་སོ། །
སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་སྐབས་སུ་འཕགས་པ་ལ་རྫས་འཛིན་མེད་པར་མ་བཤད་དམ་སྙམ་ན། དེས་ཀྱང་གཙོ་ཆེར་མེད་པ་ཙམ་ལས་གཏན་མེད་དེ་མི་འགྲུབ་སྟེ། གཞན་ནི་སློབ་དཔོན་གྱིས་ཀྱང་འཕགས་རྒྱུད་ལ་རྫས་འཛིན་མེད་པར་བཞེད་པར་ཐལ། ཉིར་སྣང་གིས་གསུངས་པ་དེ་དག་རྒྱན་སྣང་ལས་ཀྱང་ཚིག་ཇི་བཞིན་འབྱུང་བའི་ཕྱིར། འདོད་ན། རྒྱན་སྣང་ལ་ནང་འགལ་གནས་པར་འགྱུར་ཏེ། སྒོམ་སྤང་ལ་རྫས་འཛིན་ཡོད་པར་གསུངས་པའི་ཕྱིར་རོ། །དེས་ན་སྦྱོར་ལམ་གྱི་ལྡན་ཆོས་རྟོག་པ་འདི་དག་སློབ་དཔོན་གྱིས་རྒྱན་སྣང་དང་དོན་གསལ་གཉིས་ཀ་ལས་མཐོང་སྒོམ་གཉིས་ཀའི་སྤང་བྱར་གསུངས་ལ། རཏྣ་ཀིརྟི་དང་། ཤེར་འབྱུང་རྣམས་ཀྱིས་ཀྱང་མཐོང་སྒོམ་གཉིས་ཀའི་སྤང་བྱར་བསྟན། ཉིར་སྣང་གི་སྦྱོར་ལམ་ཁྱད་ཆོས་མདོར་བསྟན་སྐབས་དཔེ་ལ་ལར་མཐོང་ལམ་གྱི་སྤང་བྱར་བཤད་ཀྱང་གོ་རིམས་དང་ངག་ཆོས་རྣམ་གཉིས་ཀྱིས་གཟིགས་པའི་དཔེ་ཞིག་ནི་མཐོང་སྒོམ་གཉིས་ཀའི་སྤང་བྱར་གསུངས་ཡོད་པར་འདག་པས་འཕགས་པའི་དགོངས་པ་ཡང་སློབ་དཔོན་ལྟར་གཙོ་ཆེ་ཆུང་མ་གཏོགས་སྒོམ་སྤང་ལ་རྫས་འཛིན་གཏན་མི་བཞེད་པ་མ་ཡིན་པས་དངོས་བསྟན་མཐོང་སྒོམ་གཉིས་ཀའི་སྤང་བྱར་འཐད་པར་སེམས་སོ། །
འོ་ན་ཉིར་སྣང་གི་རྟོག་པ་རྒྱས་བཤད་སྐབས། དེ་ལ་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ནི་རྣམ་པར་རྟོག་པ་རྣམ་པ་བཞི་སྟེ། ཞེས་པ་ཅི་ཞེ་ན། དེ་ནི་ལྡན་ཆོས་རྟོག་པ་འདི་དག་ལ་རྫས་འཛིན་ཚིག་ཟིན་ལ་ཡོད་པས་དེ་གཙོ་བོ་མཐོང་སྤང་ཡིན་པ་ ལ་དགོངས་པ་ཡིན་ནམ་སྙམ་མོ། །
དྲི་བ་དྲུག་པ། ཀུན་མཁྱེན་མི་ཕམ་ལུགས་ལ་ནི། དེ་དག་སྒྲིབ་གཉིས་གང་དུ་སྡུད། །ཐམས་ཅད་ཤེས་སྒྲིབ་ཡིན་ཟེར་ན། །དེ་ལ་ལུང་རིགས་གནོད་བྱེད་ཅི། །ཞེས་གསུངས་སོ། །
རྒྱན་གྱི་དངོས་བསྟན་མཐོང་སྒོམ་གྱི་སྤང་བྱ་རྟོག་པ་བཞི་པོ་འདི་སྒྲིབ་གཉིས་གང་ཡིན་ལ་དོན་བསྡུས་སྒྲོན་མེ་ལས་ཀྱང་། ཤེས་བྱའི་སྒྲིབ་པ་ཁོ་ན་སྟེ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །ལ་ལ་གཉིས་ཆར་ཡིན་པར་འདོད། །ཅེས་བཞེད་པ་མི་འདྲ་བ་བཀོད་འདུག་ལ། བོད་འདིར་ཡང་རོང་སྟོན་དང་། རྗེ་བདག་ཉིད་ཆེན་པོ། རྒྱལ་ཚབ་རྗེ་སོགས་མཁས་པ་ཤིན་ཏུ་མང་པོ་ཞིག་གིས་ཤེས་སྒྲིབ་འབའ་ཞིག་ཏུ་བཞེད། གོ་རམས་དང་། བོད་པ་སྤྲུལ་སྐུ་སོགས་ནི་ཉོན་ཤེས་གཉིས་ཀ་ཡིན་ཞེས་དང་། གོ་རམས་ཀྱིས་བྱེ་བྲག་སྒོམ་སྤང་རྣམས་ནི་ཤེས་སྒྲིབ་འབའ་ཞིག་ཡིན་ཞེས་གསུངས་སོ། །འཛིན་རྟོག་དང་པོ་ནི་གང་ཟག་གི་བདག་འཛིན་ཡིན་པས་ཅིའི་ཕྱིར་ཉོན་སྒྲིབ་མ་ཡིན་ཞེ་ན། རོང་སྟོན་ནི། བདག་འཛིན་ནི་ཕུང་པོ་ལ་དམིགས་ནས་བདག་གི་རྣམ་པ་ཅན་སྐྱེ་ལ། འདི་ནི་བདག་ལ་དམིགས་ནས་འཛིན་པ་པོར་ཞེན་པས་འདྲ་བ་མིན་ནོ། །ཞེས་གསུངས་སོ། །རྗེས་ནི་ལྡན་ཆོས་རྟོག་པའི་སྐབས་སུ་གང་ཟག་ཏུ་གདག་པའི་ཕུང་པོ་ལ་གོ་དགོས་ཞེས་གསུངས་སོ། །དེའི་རྒྱུ་མཚན་ཡང་ཉོན་སྒྲིབ་ཡིན་ན་བྱང་སེམས་ཀྱི་ཐུན་མིན་གྱི་སྤང་བྱར་མི་འགྱུར་རོ་སྙམ་དགོངས་སོ། །
དེ་ལ་རྗེ་བཙུན་འཇམ་པའི་དབྱངས་དང་རྒྱལ་ཚབ་བྱམས་མགོན་རྣམ་གཉིས་དགེ་བའི་བཤེས་གཉེན་གྱི་ཚུལ་བྱོན་པ་རྗེ་བདག་ཉིད་ཆེན་པོ་དང་རོང་སྟོན་ཤེས་བྱ་ཀུན་རིག་གིས་གཞུང་དོན་མ་མཁྱེན་ནོ་སྙམ་པའི་རྣམ་རྟོག་ཐ་ཆད་ལྟ་ག་ལ་མཆིས་ཀྱང་རྒྱན་རྩ་འགྲེལ་གྱི་དངོས་བསྟན་གྱི་དགོངས་པ་ནི་གོང་གི་འཆད་ཚུལ་ཕྱི་མ་དེར་གནས་པར་སེམས་ཏེ། སྐབས་ལྔ་པར། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་དམིགས་ཡུལ་སེམས་ཅན་རྫས་དང་བཏགས་པར་ཡོད་པར་འཛིན་པ་གཉིས་འཛིན་རྟོག་གཉིས་སུ་གསུངས་ཤིང་། ཉིར་སྣང་ལས། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོ། ཞེས་དང་། བདག་རང་དབང་ཅན་གྱི་རྣམ་པར་རྟོག་པ་ནི་ཞེས་སོགས་དང་། རྒྱན་སྣང་ལས། འཛིན་པའི་རྣམ་པར་རྟོག་པ་དང་པོ་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གསུངས་པ་ནི་ཞེས་དང་། །དོན་གསལ་ལས་ཀྱང་། གང་ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པས་འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཡིན་ལ། ཞེས་རྩ་འགྲེལ་ཐམས་ཅད་ཀྱིས་སེམས་ཅན་དང་གང་ཟག་དང་སྐྱེས་བུ་ལ་དམིགས་པར་བཤད་ཀྱི་དེའི་གདག་གཞི་ཕུང་པོ་ལ་དམིགས་པར་མ་བཤད་དོ། །དེར་མ་ཟད་འཛིན་རྟོག་འདི་ནི་བདག་འཛིན་ཡིན་པར་ཡང་གསལ་ཏེ། རྩ་བར། རང་དབང་བདག་སོགས་ངོ་བོའི་ཕྱིར། ཞེས་དང་། ཉིར་སྣང་ལས། །ལྟ་བ་པོ་ལ་སོགས་པའི་བདག་ཏུ་རྣམ་པར་རྟོག་པ་ནི། ཞེས་དང་། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི།ཞེས་དང་།འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི། ཞེས་སོགས་ནས། དོན་བྱས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི་ཞེས་པའི་བར་གྱིས་གསལ་བར་བསྟན་ཅིང་། རྒྱན་སྣང་ལས་ཀྱང་། དེ་ཡང་འདི་ལྟར་ཡུལ་གྱི་དབྱེ་བས་རྣམ་པ་དགུར་འགྱུར་ཏེ། འདི་ལྟ་སྟེ། རང་དབང་ཅན་གྱི་བདག་ཏུ་རྣམ་པར་རྟོག་པ་དང་། གཅིག་པུའི་བདག་ཏུ་རྣམ་པར་རྟོག་པ་དང་། རྒྱུའི་བདག་ཏུ་རྣམ་པར་རྟོག་པ་དང་ཞེས་པ་ནས་དོན་བྱས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པའོ། །
ཞེས་པའི་བར་གསུངས་ཤིང་། དོན་གསལ་ལས་ཀྱང་། བདག་རང་དབང་ཅན་དང་། གཅིག་པུ་དང་། རྒྱུ་དང་། ལྟ་བ་པོ་ལ་སོགས་པའི་བདག་དང་། ཞེས་རྩ་འགྲེལ་ཐམས་ཅད་ཀྱིས་རང་དབང་ཅན་ལ་སོགས་པས་ཁྱད་པར་བྱས་པའི་བདག་ཏུ་འཛིན་པར་ཤིན་ཏུ་གསལ་བར་གསུངས་སོ། །གཞན་ཡང་ཉིར་སྣང་དང་རྒྱན་སྣང་གཉིས་ཆར་ལས་སྐབས་ལྔ་པའི་སོ་སོ་སྐྱེ་བོ་འཕགས་དབྱེ་བས་ཞེས་པའི་རྩོད་སྤོང་གི་སྐབས་སུ་འཕགས་པ་ལ་ཡང་འདི་ལྟ་བུ་ཡོད་པ་ཡིན་ཏེ། དགེ་སློང་དག་མཚན་མོ་འདས་ནས་ནང་པར་གྱི་དུས་སུ་ངས་སྲོག་ཆགས་ཅེ་ཐང་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་བྱ་བ་དང་། དེ་བཞིན་ང་དེའི་ཚེ་དེའི་དུས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་མ་ཡིན་ནམ། ཞེས་རྫས་འཛིན་ཡོད་པའི་རྩོད་པ་ལ་ངས་དང་ང་ཞེས་འཛིན་པ་ཡོད་པ་བཀོད་པས་ཀྱང་རྫས་འཛིན་འདི་བདག་འཛིན་ཡིན་པར་ཤེས་སོ། །སློབ་དཔོན་ཀུ་མཱ་ར་ཤྲིའི་བསྡུས་དོན་ལས་ཀྱང་། གང་ཟག་རྫས་སུ་ཡོད་པ་ནི་གང་ཟག་གི་རྫས་ཀྱི་བདག་ཏུ་འཛིན་པའོ། །སྐྱེས་བུ་བཏགས་པར་ཡོད་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པའོ། །ཞེས་གསུངས་སོ། །ཀུན་མཁྱེན་མི་ཕམ་རིན་པོ་ཆེས་ཀྱང་འདི་བཞིན་གསུངས་ཏེ། སྡུད་པ་རྒྱན་དར་ལས་དེ་ཡང་སོ་སོའི་སྐྱེ་བོས་གང་ཟག་རྫས་སུ་དང་། འཕགས་པས་བཏགས་པར་འཛིན་ཞེས་བདག་མེད་རྟོགས་མ་རྟོགས་ལ་བྱེད་དོ། །ཞེས་དང་། རྒྱན་གྱི་མཆན་འགྲེལ་ལས་ཀྱང་། བདག་གཞན་ལ་མ་ལྟོས་པའི་རང་དབང་ཅན་འཛིན་པ་དང་། ཞེས་དང་། མི་སློབ་པའི་ལམ་གྱི་རྟེན་བདག་རང་དབང་འཛིན་པ་དང་།ཞེས་གསུངས་སོ། །
དེས་ན་ངའམ་བདག་ཏུ་འཛིན་པ་ནི་ཉོན་སྒྲིབ་ལས་མ་འདས་པས་རྟོག་པ་བཞི་པོའི་ནང་ཉོན་ཤེས་གཉིས་ཀ་ཡོད་དོ་ཞེས་ཁས་བླང་ངོ་། །འོ་ན་རྟོག་པ་བཞི་སྤོང་བ་འདི་ཐེག་ཆེན་གྱི་ཁྱད་ཆོས་སུ་མི་འགྱུར་ཏེ། ཉོན་སྒྲིབ་ནི་ཉན་རང་གིས་ཀྱང་སྤོང་པའི་ཕྱིར་རོ་ཞེ་ན། རྟོག་པ་སྤོང་པ་ཁྱད་ཆོས་སུ་བཞག་པ་ནི་དེ་ཤེས་སྒྲིབ་ཁོ་ན་ཡིན་པས་མ་ཡིན་གྱི་དེའི་ནང་ཐེག་པ་གསུམ་ཆར་གྱི་སྤང་བྱ་རིགས་མཐའ་དག་ཚང་བའི་སྒོ་ནས་ཁྱད་ཆོས་སུ་བཞག་པ་ཡིན་ནོ། །གཞན་དུ་ནི་ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་པའང་ཁྱད་ཆོས་སུ་མི་འགྱུར་ཏེ་ཉན་རང་གི་མཐོང་ལམ་སྐྱེད་པ་ནི་ཐེག་དམན་གྱི་དོར་ལམ་ལའང་ཡོད་པའི་ཕྱིར་རོ། །རྟོག་པ་བཞི་པོ་ཐམས་ཅད་ཤེས་སྒྲིབ་ཡིན་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཀྱང་གོང་གི་རྩ་འགྲེལ་གྱི་ལུང་རྣམས་དང་། ལུང་ལ་བརྟེན་པའི་རིགས་པའང་། གང་ཟག་རྫས་འཛིན་ཆོས་ཅན། ཤེས་སྒྲིབ་མ་ཡིན་པར་ཐལ། ངའམ་བདག་ཏུ་འཛིན་པ་ཡིན་པའི་ཕྱིར། ཁྱབ་པ་གྲུབ་ལ། རྟགས་གྲུབ་སྟེ། །དོན་བྱས་པའི་རྟེན་བདག་སོགས་སུ་འཛིན་པ་ཡིན་པར་འཕགས་སེང་གཉིས་ཀས་གསུངས་པའི་ཕྱིར་རོ། །
འདི་དག་ནི་རྟོག་པ་བཞི་པོར་སྒྲིབ་པ་གཉིས་ཀ་ཚང་བའི་བཤད་ཚུལ་དེ་རྩ་འགྲེལ་གྱི་དགོངས་པའང་མཐུན་ཚུལ་རང་བློར་ཇི་ལྟར་ཤར་བ་ཙམ་སྨྲས་པ་ཡིན་གྱི་མཁས་པ་གཞན་ལ་ཟུར་ཟ་བར་གོ་བར་མི་བྱ་སྟེ། དེ་དག་གི་དགོངས་པ་ཤིན་ཏུ་ཟབ་པའི་ཕྱིར་རོ། །
དྲི་བ་བདུན་པ། རྒྱན་གྱི་སྣང་བར་རྟོག་པ་བཞིས། །ཉན་རང་རང་གི་བྱང་ཆུབ་ལ། །གེགས་མི་བྱེད་པར་གསུངས་དོན་གང་། །ཞེས་གསུངས་སོ། །
རྒྱན་སྣང་གི་ཉན་རང་དོར་ལམ་ཁྱད་ཆོས་ལྔ་དང་བྲལ་བར་བཤད་པའི་སྐབས་སུ། རྣམ་པར་རྟོག་པ་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན། །ཞེས་གསུངས་པའི་དོན་ནི་རྟོག་པ་བཞི་པོ་སྟེ་བཞི་ཆར་གྱིས་གེགས་མི་བྱེད་ཅེས་པའི་དོན་ཏེ། རྟོག་པ་བཞི་པོའི་ནང་ཐེག་པ་གསུམ་གའི་སྤང་བྱའི་རིགས་ཚང་བས་ཉན་རང་གི་བྱང་ཆུབ་འཐོབ་པ་ལ་ཐེག་པ་གསུམ་གའི་སྤང་བྱས་གེགས་མི་བྱེད་དེ། རང་རང་གི་སྤང་བྱ་སྤངས་པས་རང་འབྲས་འཐོབ་པའི་ཕྱིར་རོ། །དེས་ན་བཞི་ཆར་གྱིས་གེགས་མི་བྱེད་པར་གཟུང་གི་བཞི་པོ་ལས་རེ་རེས་ཀྱང་གེགས་མི་བྱེད་པ་མ་ཡིན་ཏེ་དེ་ལྟ་ན་ཡི་གེའི་དོན་དང་མི་མཐུན་པའི་ཕྱིར་རོ། །
དཔེར་ན་ཉན་རང་གི་བྱང་ཆུབ་འཐོབ་པ་ལ་བདག་མེད་གཉིས་ཀ་རྫོགས་པར་རྟོགས་མི་དགོས་ཞེས་བརྗོད་ཚེ། གང་ཟག་གི་བདག་མེད་ཀྱང་རྫོགས་པར་རྟོགས་མི་དགོས་པར་མི་འགྱུར་བ་བཞིན་ནོ། །དོན་གསལ་ལས། རྣམ་པར་རྟོག་པ་རྣམ་པ་བཞི་དང་མི་ལྡན་པར་འབྱུང་ངོ་། །ཞེས་པའང་རྣམ་རྟོག་བཞི་ཆར་དང་ཉན་རང་གི་དོར་ལམ་སྤང་གཉེན་མ་འབྲེལ་བའི་དོན་ནོ། །
དྲི་བ་བརྒྱད་པ། རང་ལུགས་ཉན་རང་སྤང་རྟོགས་དེ། །བྱང་སེམས་ས་བཅུའི་གང་རྫོགས། །ཁ་ཅིག་དང་པོར་རྫོགས་ཞེས་ཟེར། །དེ་ལ་གནོད་བྱེད་ཇི་ལྟར་བརྗོད། །ཅེས་གསུངས་སོ། །
འདི་ལ་རོང་སྟོན་གོ་རམས་སོགས་ནི་སྤངས་རྟོགས་གཉིས་ཀ་ས་དང་པོར་རྫོགས་ཞེས་གསུངས། རྗེ་བདག་ཉིད་ཆེན་པོ་ནི་སྤངས་པ་ས་བརྒྱད་པ་དང་། རྟོགས་པ་ས་དང་པོར་རྫོགས་ཞེས་གསུངས། བོད་པ་སྤྲུལ་སྐུ་ནི་གཉིས་ཀ་ས་བརྒྱད་པར་རྫོགས་ཞེས་བཞེད་པ་མི་འདྲ་བ་མི་འདུག་གོ །འདི་དག་ལས་ཕྱི་མ་གཉིས་གང་ཁས་བླངས་ཀྱང་གནད་གཅིག་པས་རུང་མོད། ཉིར་སྣང་ལས། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པས་རྟོགས་པ་ནི་ས་དང་པོ་ནས་རྫོགས་པར་འདོད་དེ་རང་བཞིན་རྣམ་དག་གི་ཆོས་དབྱིངས་མངོན་སུམ་མཐོང་བ་ལ་དེ་ལས་ལྷག་པ་ས་ཕྱི་མ་རྣམས་སུའང་མེད་པའི་ཕྱིར་རོ། །སྤངས་པ་ནི་ས་བརྒྱད་པར་རྫོགས་པ་ཡིན་ཏེ། དེར་ཉོན་མོངས་དང་ངར་འཛིན་གྱི་རྒྱུ་བ་གཏན་ལོག་སྟེ་ཉན་རང་གིས་གང་སྤངས་རྣམས་ཟད་པར་སྤངས་པའི་ཕྱིར་ཏེ། ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་རྒྱན་འགྲེལ་ལས། ས་བརྒྱད་པའི་སྐབས་སུ་ཡུལ་ཆོས་ཉིད་ལ་འབད་མེད་ཞུགས་པའི་ཚུལ་གྱིས་ངར་འཛིན་གྱི་རྒྱུ་བ་ཕྲ་མོའང་ཟད་པས་ན་ཉོན་མོངས་ཐམས་ཅད་ཟད་ནས་ཞེས་གསུངས་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་སྤངས་རྟོགས་གཉིས་ཀ་ས་བརྒྱད་པ་ནས་རྫོགས་པར་ཡང་རུང་སྟེ། ས་བརྒྱད་པ་མ་ཐོབ་བར་ངར་འཛིན་ཕྲ་བ་ཟད་མི་ནུས་ལ་དེ་མ་ཟད་པ་དེ་སྲིད་གང་ཟག་གི་བདག་མེད་ལ་གསལ་སྣང་མ་ཐོབ་པའི་ཆ་རེའང་ཡོད་ལ། ས་བརྒྱད་པར་ངར་འཛིན་གཏན་ཟད་ཅིང་གང་ཟག་གི་བདག་མེད་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པའི་ཕྱིར་རོ། །ས་དང་པོ་ནས་སྤངས་རྟོགས་གཉིས་ཀ་རྫོགས་ན་དེ་ཡན་ན་ཉོན་སྒྲིབ་མེད་དགོས་ན་རྣམ་གཞག་འདི་ནི་དཀའ་བར་སྣང་སྟེ། མདོ་སྡེ་ས་བཅུ་པ། དགོངས་པ་ངེས་འགྲེལ། རྒྱན་སྟུག་པོ་བཀོད་པ་སོགས་དང་། མངོན་རྟོགས་རྒྱན་རྩ་འགྲེལ། མདོ་སྡེ་རྒྱན། མངོན་པ་ཀུན་བཏུས། འཇུག་པ་རྩ་འགྲེལ་སོགས་བཀའ་དང་བསྟན་བཅོས་དུ་མ་ནས་མ་དག་ས་བདུན་ཉོན་སྒྲིབ་ཡོད་པར་གསུངས་ཤིང་ལུང་དོན་དེ་ལྟར་མ་ཡིན་པའི་སྒྲུབ་བྱེད་ངེས་པའང་མི་སྣང་བའི་ཕྱིར་རོ། །
གལ་ཏེ་རྒྱུད་བླ་མ་ལས། ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པས་ཐེག་ཆེན་འཕགས་པའི་རྒྱུད་ན་ཉོན་སྒྲིབ་མེད་དོ་ཞེ་ན། ཁྱབ་པ་མ་ངེས་ཏེ། དེས་ནི་ཐེག་ཆེན་འཕགས་རྒྱུད་ན་འཁོར་བར་སྐྱེ་ནུས་ཀྱི་ཉོན་སྒྲིབ་མེད་པར་འགྲུབ་ཀྱི་ཉོན་སྒྲིབ་གཏན་མེད་དུ་ག་ལ་འགྲུབ། ཉོན་སྒྲིབ་ཡོད་ཕྱིན་དེས་འཁོར་བར་འཁོར་རོ་སྙམ་ན། མ་ངེས་ཏེ། ཐེག་ཆེན་གྱི་མདོ་དུ་མ་དང་མདོ་སྡེ་རྒྱན་སོགས་ནས་ཉོན་ཡིད་ས་བརྒྱད་པའི་བར་ཡོད་པར་བཞེད་ཀྱང་ཐེག་ཆེན་འཕགས་པ་ཉོན་མོངས་པས་འཁོར་བར་སྐྱེ་བར་མི་བཞེད་པའི་ཕྱིར་རོ། །འདི་དག་དབུ་མའི་དྲིས་ལན་དུ་ཅུང་ཟད་བྲིས་ཟིན་པས་འདིར་མ་བརྗོད་དོ། །
དྲི་བ་དགུ་པ། མདོ་ལས་རྒྱུན་ཞུགས་ལ་སོགས་ཀྱི། །ཤེས་དང་སྤངས་བ་གང་ཡིན་དེ། །བྱང་སེམས་སྡུག་བསྔལ་ཆོས་བཟོད་ཡིན། །ཞེས་པའི་ལུང་དོན་གང་ལྟར་འཆད། །ཅེས་གསུངས་སོ། །
མདོ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ། ཞེས་གསུངས་པ་དེའི་དོན་ཉིར་སྣང་ལས། བཟོད་པ་གང་ཞེ་ན། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་གསུངས་པ་འདི་རོང་སྟོན་དང་གོ་རམས་སོགས་ཉན་རང་གི་སྤངས་རྟོགས་གཉིས་ཀ་ས་དང་པོར་རྫོགས་པའི་ཤེས་བྱེད་མཛད་མོད། ཉིར་སྣང་ལས་ལུང་འདི་ཉིད་མང་དྲངས་ནས་རྟོགས་པ་རྫོགས་པ་དང་འདས་པའི་དོན་བཤད་ཀྱི་སྤངས་བ་རྫོགས་པ་སོགས་སུ་ཡེ་མ་བཤད་པས་འདི་སྤངས་བ་རྫོགས་པའི་ཤེས་བྱེད་དུ་མི་རུང་ཞེས་གསེར་ཕྲེང་ལས་གསུངས་པ་ལྟར་དོན་ལ་གནས་སོ། །གཞན་དུ་ན་སློབ་དཔོན་ཡང་ཉན་རང་གི་སྤངས་བ་ས་དང་པོར་རྫོགས་པར་བཞེད་པར་ཐལ། དེས་ཀྱང་འགྲེལ་ཆེན་ལས་དེ་ལྟར་གསུངས་བའི་ཕྱིར། འདོད་མི་ནུས་ཏེ། ཉོན་སྒྲིབ་སྒོམ་སྤང་ཡོད་པར་རྒྱན་སྣང་ལས་དངོས་སུ་གསུངས་པའི་ཕྱིར་རོ། །དེས་ན་ལུང་འདིའི་དོན་ནི། ཉིར་སྣང་ཉིད་ལས། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱིས་རྟོགས་པའི་བྱེད་པ་མ་ལུས་པ་འདས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེའི་བཟོད་པ་ཡིན་གྱི། རྟོགས་པའི་ཚད་འདི་ཙམ་མ་ཡིན་ནོ་ཞེས་མདོ་ལས་ཤེས་པ་དང་སྤོང་བ་གང་ཡིན་པ་སོགས་ཀྱི་དོན་བྱང་སེམས་ཀྱི་བཟོད་པར་གཞན་རྣམས་ཀྱི་རྟོགས་པའི་རིགས་འདུས་པར་གསུངས་པ་ལྟར་སྤངས་པ་ཡང་བྱང་སེམས་ཀྱི་མཐོང་སྤང་གི་ནང་འདུ་གཞན་རྣམས་ཀྱི་སྤང་བྱའི་རིགས་འདུས་ཞེས་པའི་དོན་ནོ། །འོན་ཀྱང་། རྟོགས་པ་ནི་རྫོགས་པ་དང་འདས་པ་གཉིས་ཀ་ཡིན་ལ། །སྤང་བ་ནི་འདས་པ་ཙམ་ཡིན་གྱི་རྫོགས་པ་མ་ཡིན་ཏེ། བྱང་སེམས་ཀྱི་མཐོང་ལམ་ཉན་རང་གི་སྤང་བྱའི་རིགས་མཐའ་དག་འདས་པའི་སྒྲིབ་པ་གཉིས་ཀ་སྤངས་ཀྱང་ཟད་པར་མ་སྤངས་པའི་ཕྱིར་རོ། །
དྲི་བ་བཅུ་པ། ལམ་ཤེས་རང་བཞིན་ཉོན་མོངས་དེ། །མཐར་ཐུག་སྤང་བྱ་ཡིན་ནམ་མིན། །ཞེས་གསུངས།
དེ་ལ་ལམ་ཤེས་ཀྱི་རང་བཞིན་ཉོན་མོངས་མི་སྤོང་ཞེས་གསུངས་པའི་ཉོན་མོངས་དེ་རོང་སྟོན་དང་པདྨ་འགྱུར་མེད་རྒྱ་མཚོ་རྣམ་གཉིས་ཀྱིས་ཉོན་མོངས་པའི་བག་ཆགས་སུ་བཞེད། རྣམ་བཤད་སྙིང་རྒྱན་ལས་ཉོན་མོངས་དངོས་སུ་གསུངས། བྱང་ཡེ་དང་། རྗེ་བདག་ཉིད་ཆེན་པོ། གོ་རམས། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ། བོད་པ་སྤྲུལ་སྐུ་རྣམས་ནི་ཉོན་མོངས་པ་དང་མཚུངས་ལྡན་གྱི་དགེ་རྩ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པ་དེར་བཞེད་དེ་དག་ལས་ཕྱི་མ་འདི་ཁས་བླང་སྟེ། དོན་གསལ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤང་བ་མ་ཡིན་པ་ཞེས་བྱ་བ་ནི་རང་བཞིན་ཡིན་ནོ། །ཞེས་གཞན་དོན་བྱ་བའི་ཕྱིར་ཉོན་མོངས་པ་མི་སྤོང་བར་གསུངས་ཤིང་། གཞན་དོན་གྱི་རྩ་བ་ནི། རྒྱུད་བླ་མ་ལས། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། །ཞེས་གསུངས་པ་བཞིན་ཉན་རང་ལྟར་རང་དོན་ཞི་བར་མི་གནས་ཤིང་། གཞན་དོན་དུ་སྲིད་པར་མཚམས་སྦྱར་བ་འདི་ཡིན་ལ། དེ་ལ་མཆོག་ཏུ་མཁོ་བ་ནི་མཚམས་སྦྱོར་བྱེད་ཀྱི་རྒྱུ་ཉོན་མོངས་པ་ཉིད་ཡིན་པས་འདིར་ཡང་དེ་བསྟན་པར་གྲུབ་ལ། རྒྱུ་དེའི་ངོས་འཛིན་ནི། མདོ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་འཚོལ་བས་མི་ངོམ་པ་དང་། བསམ་བཞིན་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། ཞེས་སོགས་གསུངས་ཤིང་། འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླའི་འགྲེལ་བར། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བའི་སྲིད་པ་ཀུན་ཏུ་དོར་བ་ཅན་ཏེ། བསམ་བཞིན་དུ་སྐྱེ་བ་ལ་དབང་བ་ཉིད་ལ་བརྟེན་ནས་སྙིང་རྗེས་ཁམས་གསུམ་དུ་ཡང་དག་པར་སྦྱོར་རོ། །ཞེས་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། རིན་ཆེན་ཕྲེང་བ་ལས། འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་དང་། འཕགས་པ་གྲོལ་སྡེའི་ཉི་སྣང་ལས་ཀྱང་། ཡོངས་སུ་འཛིན་པའི་ཤེས་རབ་དང་སྙིང་རྗེ་དག་གིས་གོ་རིམ་བཞིན་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བར་ཤེས་པར་བྱ་བས་ན་འདི་ནི་གནས་ཉིད་དུ་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །སྲིད་པར་དགའ་བར་བྱེད་པ་སྟེ། །ཞེས་གསུངས་པས། བྱང་སེམས་རྣམས་སྲིད་པར་མཚམས་སྦྱོར་བྱེད་ཀྱི་གཙོ་བོ་སྙིང་རྗེ་རུ་གྲུབ་ལ་དེ་མཐར་ཐག་ཏུའང་སྤོང་དགོས་པས་མ་ཁྱབ་སྟེ་འཁོར་གསུམ་དུ་འཛིན་པ་ཡོད་ན་དེ་སྤང་དགོས་ཀྱང་སྙིང་རྗེ་ཙམ་ནི་སངས་རྒྱས་ཀྱི་སར་ཡང་ཡོད་དུ་རུང་བས་སོ་སྙམ་དུ་སེམས་སོ། །དཔལ་སྤྲུལ་རིན་པོ་ཆེ་སོགས་ཀྱིས་ཀྱང་སྤང་བྱ་མ་ཡིན་པར་བཞེད་དོ། །
དྲི་བ་བཅུ་གཅིག་པ། རང་བཞེད་མདོ་ལུགས་གྲུབ་མཐའ་ལ། །འཁོར་བར་ཕྱི་མཐའ་ཡོད་དམ་མེད་ཅེས་གསུངས།
འཁོར་བ་ལ་མཐའ་ཡོད་མེད་ཀྱི་བཞེད་པ་གཉིས་རྒྱན་སྣང་དུ་བཀོད་ལ། ཨ་བྷྱས་འཁོར་བ་མཐའ་ཅན་དུ་བསྒྲུབས། རྣམ་བཤད་སྙིང་རྒྱན་ལས་ཀྱང་མཐའ་ཅན་དུ་བཤད། །རྗེ་བདག་ཉིད་ཆེན་པོའི་གསེར་ཕྲེང་དང་། རོང་སྟོན། མཆིམས་འཇམ་པའི་དབྱངས། རེད་མདའ་བ་སོགས་ཀྱིས་མཐའ་མེད་བཞེད། རང་ལུགས་ལའང་ལོ་ཆེན་གྱི་གསང་བདག་ཞལ་ལུང་ལས་གསུངས་པ་བཞིན་ཕར་ཕྱིན་ཐེག་པའི་སྐབས་སུ་འཁོར་བ་མཐའ་མེད་དུ་བཞེད་དོ། །
སྤྱི་དོན་བདུད་རྩིའི་ཉིང་ཁུ་ལས་ཀྱང་མཐའ་མེད་དུ་བཤད་དོ། །དེའང་ཡིན་ཏེ། མདོ་ལས་ནམ་མཁའི་མཐར་ཐག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ། །ཞེས་ནམ་མཁའ་མཐའ་མེད་པ་ལྟར་སེམས་ཅན་ཡང་མཐའ་མེད་དུ་གསུངས་ཤིང་། མཐའ་མེད་ན་ཅི་ཙམ་ཟད་ཀྱང་བྲི་བ་མི་མངོན་པས་སྤྱིའི་མཐའ་མི་རྙེད་དོ། །འོན་ཀྱང་གང་ཟག་བྱེ་བྲག་གི་འཁོར་བ་ནི་མཐའ་ཡོད་ཡིན་པ་སྨོས་མ་དགོས་སོ། །ཀུན་མཁྱེན་ཆེན་པོས་གསང་འགྲེལ་ལས་མཐའ་ཅན་དུ་གསུངས་པ་ནི་ཐེག་རྩེ་ཐུན་མིན་གྱི་ལུགས་སོ། །
དྲི་བ་བཅུ་གཉིས་པ། སེམས་ཅན་ཐམས་ཅད་མཐར་ཐུག་འཚང་། །རྒྱ་ངེས་ཡིན་ནམ་རྒྱ་རུང་ཡིན། །ཞེས་གསུངས་སོ། །
འདི་ལ་རོང་སྟོན་དང་རྒྱལ་ཚབ་རྗེས་རྒྱ་ངེས་སུ་བཞེད། རེད་མདའ་བས་སེམས་ཅན་འཚང་རྒྱ་རུང་ཙམ་ལས་ཐམས་ཅད་འཚང་རྒྱ་ངེས་མིན་གསུངས། རང་ལུགས་ནི་སེམས་ཅན་ཡིན་ན་འཚང་རྒྱ་ངེས་ཡིན་པས་ཁྱབ་སྟེ། སྤྱི་དོན་བདུད་རྩིའི་ཉིང་ཁུ་ལས། སེམས་ཅན་ཡིན་ན་འཚང་རྒྱ་བས་ཁྱབ་སྟེ། དེའི་རྒྱུད་ལ་རྒྱུའི་གཙོ་བོ་རིགས་ཀྱིས་ཁྱབ་པ་གང་ཞིག འགལ་རྐྱེན་གློ་བུར་བའི་དྲི་མ་རྣམས་སྤང་དུ་རུང་། མཐུན་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་རང་རྒྱུད་ལ་འཇུག་ཏུ་རུང་བའི་ཕྱིར། ཞེས་གསུངས་པ་ལྟར་རོ། །
དྲི་བ་བཅུ་གསུམ་པ། མཐོང་ལམ་སྐད་ཅིག་བཅུ་དྲུག་དེ། །ངོ་བོ་གཅིག་ན་སེང་བཟང་གིས། །ཐ་དད་བཞེད་པའི་དགོངས་པ་གང་། །བར་ཆད་མེད་དང་རྣམ་གྲོལ་ལམ། །དུས་མཉམ་ཡིན་ཞེས་སྨྲ་འམ་ཅི། །གྲུབ་མཐའ་མཛོད་ལས་ཐ་དད་དུ། །གསུངས་པའི་དོན་དང་མི་འགལ་ལམ། །ཞེས་གསུངས་སོ། །
སྤྱིར་མཐོང་ལམ་གྱི་རྣམ་གཞག་འདི་ལ་མཛོད་ཀྱི་ལུགས་དང་། ཀུན་བཏུས་ཀྱི་ལུགས། རྣམ་པར་གཏན་ལ་དབབ་པ་བསྡུ་བའི་ལུགས་དང་། རིགས་པ་དྲུག་བཅུ་པ་རྩ་འགྲེལ་གྱི་ལུགས་དང་བཞིར་སྣང་ལ། མངོན་རྟོགས་རྒྱན་གྱི་དོན་སློབ་དཔོན་གྱིས་འགྲེལ་ཆེན་ལས་གསུངས་པ་ལའང་མཁས་པ་སྔ་མ་དག་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་སྣང་སྟེ། རྒྱན་སྣང་ལས། འབྲས་བུའི་མངོན་རྟོགས་ལ་ལྟོས་ནས་སྐད་ཅིག་མ་གཅིག་དང་། སོ་སོར་རྟོགས་པའི་མངོན་རྟོགས་ལས་སྐད་ཅིག་བཅུ་དྲུག་ཡིན་ཞེས་པའི་ལུགས་གཅིག་དང་། སོ་སོར་རྟོགས་པའི་མངོན་རྟོགས་ལས་ཀྱང་སྐད་ཅིག་མ་གཅིག་ཡིན་ཞེས་པའི་ལུགས་གཅིག་སྟེ་མི་མཐུན་པ་གཉིས་བཀོད་འདུག་པ་ལ། རྗེ་བདག་ཉིད་ཆེན་པོའི་གསེར་ཕྲེང་དང་། རོང་སྟོན། གོ་རམས་རྣམས་སྔ་མ་སློབ་དཔོན་གྱི་བཞེད་པར་འདོད། རྣམ་བཤད་སྙིང་རྒྱན་ལས་གཉིས་ཀ་སློབ་དཔོན་གྱི་བཞེད་པ་མིན་པར་བྱེད། རོང་སྟོན་དང་རྒྱལ་ཚབ་རྗེས་ནི་སློབ་དཔོན་གྱིས་སྐད་ཅིག་བཅུ་དྲུག་ཏུ་བཤད་པ་རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་ཡིན་གྱི་མཉམ་གཞག་ལ་ངོ་བོ་བཅུ་དྲུག་ཏུ་བཞེད་པ་མིན་ཞེས་གསུངས་སོ། །
ཡང་རྒྱན་སྣང་ལས། དེ་ཡང་མདོར་བསྡུ་ན་འདིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྗེས་ཐོགས་ཉིད་ཀྱི་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་ཡིན་པར་ཤེས་པར་བྱའོ་ཞེས་མཐོང་ལམ་གྱི་ངོ་བོ་ངོས་བཟུང་ནས། རབ་ཏུ་དབྱེ་བ་ལ་ནི་དེ་བཞིན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། ཞེས་སོགས་བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་པོ་བསྟན་ནས་དེ་དག་ངོས་འཛིན་པའི་སྐབས་སུ། སྡུག་བསྔལ་གྱི་བདེན་པ་ལ་སོ་སོ་རང་ཉིད་སྡུག་བསྔལ་གྱི་བདེན་པ་མངོན་སུམ་ཞེས་སོགས་ཀྱིས་ཀུན་བཏུས་ཇི་ལྟ་བ་བཞིན་དུ་གསུངས་འདུག་པས་ཀུན་བཏུས་དང་སྒོ་བསྟུན་པའི་བཤད་པ་ལྟ་བུར་ཡང་སྣང་མོད། གང་ལྟར་ཡང་རྒྱན་རྩ་བའི་དགོངས་པ་ནི་མཐོང་ལམ་མཉམ་གཞག་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་བཅུ་དྲུག་ཏུ་ཕྱེས་པར་གྲུབ་སྟེ། ཁམས་གོང་འོག་གི་བདེན་པ་བཞིའི་ཆོས་ཉིད་མཐོང་ཚུལ་སོགས་ཀྱི་སྒོ་ནས་བཅུ་དྲུག་ཏུ་ཕྱེས་ན་དེ་དག་ནི་ཆོས་ཅན་གྱིས་དབྱེ་བ་ཡིན་གྱི་རྣམ་གྲངས་མ་ཡིན་པའི་དོན་དམ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་རང་གི་ངོ་ན་དེ་འདྲའི་དབྱེ་བ་མེད་པར་ནམ་མཁའི་དཀྱིལ་ལྟ་བུ་ཡིན་ལ། དེ་དང་ཆུ་ལ་ཆུ་བཞག་པ་ལྟར་དུ་གྱུར་པའི་མཉམ་བཞག་ཡེ་ཤེས་ལའང་འཛིན་སྟངས་མི་འདྲ་བ་མེད་དེ། ཆོས་ཀུན་རོ་མཉམ་དུ་རྟོགས་པའི་སྐབས་ཡིན་པའི་ཕྱིར་རོ། །
གཞན་ཡང་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་རིགས་པ་དྲུག་ཅུ་པ་རྩ་འགྲེལ་ལས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་པས་འདིའང་དེ་དང་མཐུན་དགོས་ཏེ་གཉིས་ཀས་ཀྱང་དབུ་མའི་ལུགས་ཀྱི་མཐོང་ལམ་འཆད་པའི་སྐབས་ཡིན་པ་གང་ཞིག འཕགས་པ་རྣམ་གཉིས་ཀྱི་དགོངས་པ་མི་འགལ་བའི་ཕྱིར་རོ། ། ལྡོག་ཆའི་སྒོ་ནས་འབྱེད་ཚུལ་ནི། འདོད་པའི་སས་བསྡུས་ཀྱི་བདེན་བཞིའི་གནས་ལུགས་མངོན་སུམ་དུ་ཤེས་པའི་ལྡོག་ཆ་ནས་ཆོས་ཤེས་བཞི་དང་། དེ་ལ་མི་སྐྲག་པའི་ལྡོག་ཆ་ནས་ཆོས་བཟོད་བཞིར་བཞག་ལ། དེ་བཞིན་དུ་ཁམས་གོང་མ་གཉིས་ཀྱི་བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་ཤེས་བཞི་དང་། དེ་ལ་མི་སྐྲག་པའི་ཆ་ནས་རྗེས་བཟོད་བཞིར་འཇོག་ཅེས་རོང་སྟོན་དང་། རྒྱལ་ཚབ་རྗེ། པདྨ་འགྱུར་མེད་རྒྱ་མཚོ་རྣམས་གསུངས། གསེར་ཕྲེང་དང་། དཔལ་སྤྲུལ་རིན་པོ་ཆེ། བོད་སྤྲུལ་རྣམས་ཀྱང་ཕལ་ཆེར་འདི་དང་འདྲ་བར་གསུངས་སོ། །འདི་དག་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དགོངས་པར་ཡང་སྣང་སྟེ། མཁས་འཇུག་ལས། བཅུ་དྲུག་པོ་འདི་དག་རིམ་ཅན་དུ་སྐྱེ་བ་དང་། ཅིག་ཅར་དུ་སྐྱེ་བ་དང་། སོ་སོའི་འཇོག་ཚུལ་གྱི་བཞེད་པ་འགའ་ཡོད་ཀྱང་། ཆོས་ཐམས་ཅད་བདག་མེད་པའི་དོན་མངོན་སུམ་རྟོགས་པའི་ཤེས་རབ་ཀྱི་བྱ་བ་རྫོགས་པའི་སྐད་ཅིག་མ་དེས་ཁམས་གསུམ་གྱི་བདེན་བཞིའི་ཆོས་ཉིད་རྫོགས་པར་རྟོགས་ལ་ལྡོག་ཆས་བཅུ་དྲུག་ཏུ་དབྱེ་བ་ཙམ་དུ་བཞེད་པ་ནི་དོན་ལ་གནས་ཤིང་། ཁྱད་པར་དུ་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་གཟིགས་པའི་ཐེག་ཆེན་གྱི་ལུགས་ལ་ནི་དེ་ལྟར་ཆེས་འཐད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་བཟོད་ཤེས་རྣམས་མཛོད་ལྟར་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུ་མི་བཞེད་པས་སྔ་ཕྱི་ཅིག་ཆར་དུ་འགྱུར་བར་ཁས་བླང་མི་དགོས་སོ། །
རྒྱན་ལས། དེ་བཞིན་ཉིད་དང་སངས་རྒྱས་སོགས། །ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང་། །ཞེས་སོགས་ཀྱིས་མཐོང་ལམ་བཟོད་ཤེས་རྣམས་བསྟན་པ་ནི་གདུལ་བྱ་ཉེ་བ་ལ་ཕན་གདགས་པའི་ཕྱིར་དུ་བསྟན་གྱི་ངེས་པའི་དོན་དུ་རྟེན་འབྲེལ་སྤྲོས་བྲལ་དུ་གོམས་པས་མཐོང་ལམ་ཡེ་ཤེས་སྐྱེ་བར་གསུངས་ཏེ། རྒྱན་སྣང་ལས། གང་གི་ཕྱིར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བདག་མེད་པ་སྟོན་པ་ལྟ་བུར་བྱེད་པ་རྣམ་པ་བཅུ་དྲུག་པོ་འདི་དག་ཐམས་ཅད་གདུལ་བྱའི་སྐྱེ་བོ་ཉེ་བ་ལ་ཕན་པ་སྐྱེད་པར་བཞེད་པ་ཉིད་ཀྱིས་དེ་ལྟར་ཇི་སྐད་དུ་གསུངས་པའི་ཚུལ་རྣམ་པ་སྣ་ཚོགས་ཀྱིས་བསྟན་པ་ཡིན་དུ་ཟིན་ཀྱང་ཡང་དག་པར་གོམས་པར་གྱུར་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་མཐོང་བའི་ལམ་བསྐྱེད་པར་འགྱུར་བ་ཡིན་ནོ་ཞེས་ངེས་པར་བྱ་སྟེ་གཞན་དག་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་སོ། །གྲུབ་མཐའ་མཛོད་ལས། དུས་ཀྱི་ཁྱད་པར་ནི་དང་པོར་བདེན་པ་བཞིས་ཕྱེ་བའི་ཆོས་བཟོད་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་ཆོས་ཤེས་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་རྗེས་བཟོད་བཞི་དུས་གཅིག་ལ་སྐྱེ། དེའི་འོག་ཏུ་རྗེས་ཤེས་བཞི་དུས་གཅིག་ལ་སྐྱེ་བས། བྱ་རྫོགས་ཀྱི་སྐད་ཅིག་བཞི་ལ་ངོ་བོ་རིགས་བཞི་ལྡོག་པ་བཅུ་དྲུག་ཏུ་སྐྱེ་བ་ཡིན་ཏེ། ཞེས་པའི་དོན་ནི་སྤྱི་དོན་བདུད་རྩིའི་ཉིང་ཁུ་ལྟར་ན་བྱང་སེམས་དབང་འབྲིང་གི་མཐོང་ལམ་སྐྱེ་ཚུལ་ལ་དགོངས་ཞེས་རིགས་སོ། །རྣམ་པ་གཅིག་ཏུ་ནི་འཆད་ཚུལ་གྱི་རྣམ་གྲངས་ཞིག་ཏུ་སེམས་སོ། །
དྲི་བ་བཅུ་བཞི་པ། གཞི་ཤེས་མཚན་ཉིད་པ་ཡིན་ན། །ཉན་རང་ཁོ་ནར་ཡོད་དམ་ཅི། །ཞེས་གསུངས་སོ། །
འདི་ལ་གསེར་ཕྲེང་དང་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་གཞི་ཤེས་མཚན་ཉིད་པ་ཡིན་ན་ཉན་རང་ལས་གཞན་སངས་རྒྱས་བྱང་སེམས་ལ་མེད་པར་བཞེད་རོང་སྟོན། གོ་རམས། བོད་སྤྲུལ་རྣམས་བྱང་སེམས་ལའང་གཞི་ཤེས་མཚན་ཉིད་པ་ཡོད་པར་བཞེད་དོ། །
སྤྱིར་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་ཉན་རང་བྱང་སེམས་སངས་རྒྱས་གསུམ་ཆར་གྱི་རྒྱུད་ན་གཞི་ཤེས་ཡོད་ལ་དངོས་བརྒྱད་ཀྱི་ནང་ཚན་དུ་བགྲང་བའི་གཞི་ཤེས་ཀྱང་ཉན་རང་གི་རྒྱུད་ཀྱིས་བསྡུས་པ་དེའམ། སྐབས་གསུམ་པར་དངོས་སུ་བསྟན་པའི་བྱང་སེམས་ཀྱི་གཞི་ཤེས་ཏེ་གང་བགྲང་ཡང་འགལ་བ་མེད་པར་སེམས་ཏེ། མཁྱེན་པ་གསུམ་པོ་འཐོབ་བྱ། འཐོབ་བྱེད། སྤང་བྱ་གསུམ་དུ་ཐོས་བསམ་གྱིས་ཤེས་པར་བྱ་བའི་ཡུལ་དུ་འཆད་པའམ། ཡང་ན་འབྲས་བུ་དང་། ལམ་དང་གཞིའི་ཆོས་རྣམས་སྐྱེ་མེད་དུ་ཤེས་པའི་ལྟ་བ་ཉིད་དེ་སྒོམ་པའི་ཡུལ་ཉིད་དུ་འཆད་ཚུལ་གྱིས་ཏེ་འཆད་ཚུལ་འདི་གཉིས་གང་ལྟར་ཡང་རུང་བར་སེམས་སོ། །དེ་ལས་སྔ་མ་འདི་མདོ་དང་འཕགས་སེང་གི་འགྲེལ་བ་དང་མཐུན་ཤས་ཆེ་སྟེ་ཡུམ་བར་བ་ལས་རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་སོགས་དང་། རྩ་བའི་མཆོད་བརྗོད་དང་ཡན་ལག་རྒྱས་བཤད

འབྲེལ་ཡོད་འོས་སྦྱོར།