logo

མངོན་རྟོགས་རྒྱན་ལས་མཁྱེན་གསུམ་གྱི་དྲིས་ལན་མདོར་བསྡུས་བཞུགས་སོ། །

རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-18 ཀློག་གྲངས།:
་གཉིས་ཀའི་སྐབས་སུ་མཁྱེན་གསུམ་ལ་རྟེན་སོ་སོར་སྨོས་པ་དང་། སྐབས་བཞི་པར་མཁྱེན་གསུམ་གྱི་རྣམ་པ་བསྡུ་བའི་ཚེ་ནའང་གཞི་ཤེས་ཀྱི་རྣམ་པར་ཉན་རང་གི་རྟོགས་པ་འབའ་ཞིག་གསུངས་ལ། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །ཞེས་པར་ཡང་བྱང་ཆུབ་ཕྱོགས་སོ་བདུན་ཉིད་གསུངས་པའི་ཕྱིར་དང་། ཉིར་སྣང་ལས། དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཆོས་ལ་འབད་པའི་རྟེན་ཅན། འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བ། དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན། སེམས་ཅན་མ་བསྡུས་པ་སྡུད་པ་དང་། སེམས་ཅན་ཡོངས་སུ་མ་སྨིན་པ་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་གྲོལ་བར་བྱེད་པའི་འབྲས་བུ་ཅན་ཡིན་ནོ། །
     རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་དོན་རྒྱུན་མི་ཆད་པ་དང་། ཡང་དག་པའི་མཐའ་རྟོགས་པ་དང་། བག་ཆགས་ཀྱིས་མཚམས་དར་བ་སྤངས་པའི་འབྲས་བུ་ཅན་ནོ། །ཞེས་དང་། དོན་གསལ་ལས་ཀྱང་འདི་ཇི་ལྟ་བར་གསུངས་པའི་ཕྱིར་དང་། གཞི་ཤེས་ལ་སྒོམ་ལམ་མ་བསྟན་པའི་རྒྱུ་མཚན་འཕགས་སེང་གཉིས་ཆར་གྱིས་ཉན་རང་གི་ལམ་བྱང་སེམས་ཀྱིས་ཤེས་ནས་འདའ་བྱ་ཙམ་ཡིན་པ་བཀོད་འདུག་པའི་ཕྱིར་རོ། །
དྲི་བ་བཅོ་ལྔ་པ། གཞི་ཤེས་མཐོང་ལམ་བསྟན་ནས་སུ། །སྒོམ་ལམ་མི་སྟོན་རྒྱུ་མཚན་ལ། །འདའ་བྱ་ཡིན་པས་མི་སྒོམ་གསུངས། །མི་སྒོམ་རྒྱུ་དེའི་ངོ་བོ་གང་། །ཞེས་གསུངས་སོ། །
     འདིའི་དོན་ཉིར་སྣང་ལས། ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་འོ་ཞེས་གསུངས་པས་ན་འདི་ནི་གཞན་གཙོ་བོར་བྱེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །ཞེས་གསུངས་ཤིང་། དེ་བཞིན་དུ་རྒྱན་སྣང་དང་དོན་གསལ་རྣམས་ལས་ཀྱང་གསུངས་པ་དེ་དག་གི་དོན་ནི་ཉན་རང་གི་ལམ་ནི་བྱང་སེམས་ཀྱིས་གཞན་དོན་དུ་མངོན་སུམ་མ་འཁྲུལ་བས་ཤེས་པར་བྱ་བ་ཙམ་ལས་མངོན་དུ་བྱ་བའི་ཕྱིར་དུ་བསྒོམ་པ་མ་ཡིན་པས་སྐབས་གསུམ་པར་བྱང་ཆུབ་སེམས་དཔའི་སྒོམ་ལམ་མ་བསྟན་ཞེས་པའི་དོན་ཏེ། དེ་ལྟ་ན་མི་སྒོམ་རྒྱུ་ནི། སྐབས་གཉིས་པར། འཕགས་པའི་བདེན་པ་བཞི་དག་གི་རྣམ་པ་མི་དམིགས་སྒོ་ནས་ནི། །ཞེས་པ་བཞིན་ཉན་རང་གི་རྟོགས་རིགས་མི་དམིགས་པར་སྒོམ་པ་དེ་ཡིན་ལ། དེ་ཡང་སྦྱོར་ལམ་གྱི་སྐབས་སུ་གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་རྟོགས་རིགས་དེ་ཉིད་ཆེད་དུ་སྒོམ་དགོས་ཤིང་།མཐོང་ལམ་ནས་མངོན་སུམ་ཤེས་པས་དེ་ཡན་ཆད་ཆེད་དུ་སྒོམ་མི་དགོས་སོ། །གཞན་ཡང་ཉན་རང་གི་རྟོགས་རིགས་ནི་ས་དང་པོར་རྫོགས་ཟིན་པས་དེ་ཡན་དུ་མི་སྒོམ་ཞེས་པའང་ཉིར་སྣང་གི་དགོངས་པའོ། །
སྨྲས་པ།
འཕགས་བོད་གཞུང་མང་པདྨའི་སྙིང་པོ་ལ། །
རབ་ཆགས་ལེགས་པར་བཤད་པ་སྦྲང་རྩིའི་རྡུལ། །
སྦྱང་བརྩོན་ལས་ལ་ཞེན་པའི་བག་ཆགས་ཀྱིས། །
ཀུན་རྟོག་ཉམ་ཆུང་བུང་བས་གཅིག་ཏུ་བསྡུས། །
 
ཀྱེ་མ་དམ་པའི་གསུང་རབ་ནི། །
ཟླ་བ་ནོར་བུའི་ཐིག་ལེ་ཡང་། །
རྡུལ་མུན་སྤྲིན་གྱི་ཕང་བ་ན། །
རྟག་ཏུ་མནལ་བ་ཅིས་མ་མཐོང་། །
 
དེ་ལྟ་ན་ཡང་དུས་ཀྱི་མཐར། །
ཐབ་པའི་བསྟན་ལ་སེམས་གཞོལ་བ། །
བསྐལ་མང་རྙེད་དཀའ་འདི་གཅིག་སྟེ། །
དེ་བས་ཕྱིར་ཞིང་སྤྲོ་བས་བྱས། །
 
རབ་འབྱམས་ཆོས་ཀྱི་སྙིང་པོ་རྒྱལ་བའི་ཡུམ། །
མ་རྟོགས་གཟུ་ལུམ་སྨྲ་བའི་སྙིང་ཁམས་ཀྱིས། །
མི་བཟད་ནོངས་པ་གང་བགྱིས་དེ་ཀུན་དེང་། །
ཚོགས་མཆོག་འདས་པའི་དྲུང་སྙིང་ནས་འཆགས། །
       ཞེས་ཆུ་སྤྲེལ་ལོའི་ལོ་མཇུག་གི་བགྲོ་གླེང་ཚོགས་པའི་སྐབས་སུ་མགོ་ལོག་པ་ཀརྨ་དོན་གྲུབ་ཀྱིས་དྲི་བ་འདི་རྣམས་མཛད་འདུག་པ་ལ། དྲིས་ལན་མདོར་བསྡུས་པ་འདི་ཡང་། ལོ་དེའི་ཟླ༡༠བའི་ཚེས༡༠ལ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  །།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།