logo

བོད་ཡིག་གི་བརྡ་ཆད་ཚད་ལྡན་དུ་གཏོང་བའི་ཐད་ཀྱི་ལྟ་ཚུལ་འགའ།

རྩོམ་པ་པོ།:སངས་རྒྱས་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-03-24 ཀློག་གྲངས།:

  བརྡ་ཆད་ཅེས་པ་ནི་ཆེད་ལས་སྐད་ཆའི་ཁྲོད་སྤྱོད་པའི་ཆེད་ལས་ཐ་སྙད་དེ།   བོད་ཀྱི་ཚིག་མཛོད་དག་ན་ཤེས་བྱའི་རིགས་མི་འདྲ་བ་སོ་སོར་ཐུན་མིན་དུ་སྦྱར་བའི་མིང་བརྡ་སྟེ།   འདུལ་བའི་བརྡ་ཆད་ཅེས་དང་།    ལས་རིགས་སོ་སོར་ཡོད་པའི་ཆེད་དམིགས་ཀྱི་ཐ་སྙད་རིགས་ཀྱི་མིང་ཞེས་བཀྲལ་ཡོད་ལ།   བརྡ་ཆད་རིག་པ་ལས་ཆེད་ལས་དོན་སྤྱི་དང་ལྡན་པའི་མིང་དང་ཚིག་ལ་བྱ།   སྐད་གདངས་སམ་ཡི་གེ་མཚོན་པའམ་ཆེད་ལས་དོན་སྤྱི་ཁོ་ན་ལ་ལྡན་པའི་གཏན་ཕབ་རང་བཞིན་གྱི་བརྡ་རྟགས་ལ་ཟེར་ཞེས་མཚན་ཉིད་བཞག་ཡོད།   སྤྱིར་བཏང་གི་ཐ་སྙད་ཅིག་ཀྱང་ཆེད་ལས་དོན་སྤྱི་བཀོད་ཚེ་བརྡ་ཆད་དུ་འགྱུར་འགྲོ།   སྤྱི་བཏང་གི་ཐ་སྙད་རླུང་ཁོ་ནར་མཚོན་ནའང་རླུང་མཁྲིས་བད་ཀན་ཞེས་བརྗོད་ཚེ་གསོ་བ་རིག་པའི་བརྡ་ཆད་ཡིན་ལ།   རླུང་ཆར་ཁ་བའི་དུས་ཀྱི་རླུང་ནི་གནམ་གཤིས་རིག་པའི་བརྡ་ཆད་ཡིན།   ཡང་ཞིང་གཡོ་བ་རླུང་ཞེས་པ་མཚན་ཉིད་རིག་པའི་བརྡ་ཆད་ཡིན་པ་སོགས་རླུང་ཞེས་པའི་མིང་ཁོ་ན་ལའང་ཤེས་བྱའི་ཚན་ཁག་སོ་སོ་ན་ཐ་དད་པའི་དོན་སྤྱི་དང་མཚན་ཉིད་མཚོན་བྱེད་དུ་བརྡ་སྦྱར་ཡོད།   དེར་དང་ཐོག་སྐད་བརྡ་རིག་པ་དང་།   གཏན་ཚིགས་རིག་པ།   གཟུགས་ཉིད་སྨྲ་བ།   བརྡ་འཕྲིན་རིག་པ།   གསང་འཕྲི།   ཆེད་ལས་རྐྱང་བའི་ཁྱབ་ཁོངས་ལ་སོགས་ཕྱོགས་གང་མང་འདུས་ལ།   མི་རྣམས་ཀྱིས་དེ་ནི་སྣ་མང་ཚན་རིག་ཅིག་ཡིན་པར་བཤད།   ཉེ་བའི་དུས་རབས་འགའ་དང་ལྷག་པར་དུས་རབས་ཉི་ཤུའི་སྔ་རྗེས་ཀྱི་ལོ་ངོ་བརྒྱ་ལྷག་གི་རིང་ལ་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཚན་རིག་ལག་རྩལ་ལ་སྔ་ན་མེད་པའི་དར་རྒྱས་ཆེན་པོ་བྱུང་སྟེ།   སྐད་རིགས་སོ་སོའི་ཁྱབ་ཁོངས་སུ་གསར་བྱུང་དངོས་པོ་དེ་རིགས་ལ་དབྱེ་བ་འབྱེད་ཚུལ་དང་།   ཇི་ལྟར་མིང་གདགས་པའི་ཚུལ་གྱི་རྩ་དོན་དང་ཐབས་ལམ་ལ་བརྟག་ཅིང་དཔྱོད་པའི་འགྲན་རྩོད་ཀྱི་མཐོ་རླབས་གསར་བ་ཞིག་ལངས་པ་དང་།   རིམ་གྱིས་དེའི་ཐད་དུ་འཐུས་སྒོ་ཅུང་ཚང་བའི་རིག་པའི་གཞུང་ལུགས་ཤིག་གསར་དུ་བསྐྲུན་ཞིང་།   དེར་གཞི་བཅོལ་ཏེ་གསར་བྱུང་གི་དངོས་པོ་རྣམས་ལ་ཚན་རིག་དང་མཐུན་པའི་མིང་བརྡ་སྦྱར་དང་སྦྱོར་བཞིན་པ་རིམ་བཞིན་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་འགྲོ་བཞིན་པ་འདི་ལེགས་སོ།།   དཔེར་ན།   འཇར་མན་དང་བཅས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཚད་ལྡན་ཅན་ལ་ཐོན་རྫས་ཚད་ལྡན་དང་།   བརྡ་ཆད་ཚད་ལྡན་ཅན།   བྱེད་ཐབས་དང་རྩ་དོན་ཚད་ལྡན་ཅན་བཅས་གསུམ་དུ་ཕྱེས་ཡོད།   ཐོན་རྫས་ཚད་ལྡན་ཅན་ནི་ཐོན་རྫས་ཀྱི་རྒྱུ་སྤུས་དང་།  ཐོན་སྐྱེད་བརྒྱུད་རིམ།   ཐོན་རྫས་ཞིབ་བཤེར།   ཐོན་རྫས་ཀྱི་ཆེ་ཆུང་།   ལྷུ་ལག་ཆེ་གྲས་དང་ལྗིད་ཚད་སོགས་དེའི་གསལ་བཤད་རྣམས་དངོས་པོའི་མིང་དུ་བཏགས་པ་ཡིན།

  ཡིན་ནའང་རང་རེའི་ཁ་བ་རི་པ་དག་གིས་ད་དུང་སྐད་དང་ཡི་གེའི་རྨང་གཞིར་གྱུར་བའི་མིང་དང་།   ཐ་སྙད་དག་སྐད་བརྡ་སྤྱིའི་འཕེལ་ཕྱོགས་དང་མི་བསྟུན་པར་རང་གི་ཕ་སྐད་གཙང་མའི་ཁྲོད།   སྐད་ཀྱི་ཆོས་ཉིད་དང་མི་མཐུན་པའི་མིང་བརྡ་ཡ་མ་ཟུང་འདྲེས་པ་སྣང་མེད་དུ་བཞག་སྟེ།   བརྡ་ཆད་གཅིག་གྱུར་དང་ཚད་ལྡན་དུ་འགྲོ་བར་དོ་སྣང་མི་བྱེད་པར།   མཁས་པ་རེ་ལ་ལུགས་རེ་དང་ཡུལ་ཕྱོགས་རེ་ལ་བརྡ་ཆད་རེ་མཆིས་པ་སོགས་ཐ་སྙད་གཅིག་གྱུར་མིན་ཞིང་།   བརྡ་ཆད་ཚད་ལྡན་མིན་པའི་སྣང་ཚུལ་མང་དུ་མཆིས་པས།   བོད་ཀྱི་སྐད་དང་ཡི་གེས་ས་ཁུལ་གྱི་དཔལ་འབྱོར།  ཚན་རིག་རིག་གནས་སྤེལ་རེས་དང་མཉམ་འབྲེལ་ཡོང་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།   བོད་ཡིག་གི་མིང་བརྡ་ཚད་ལྡན་ཅན་དུ་འགྱུར་བའི་ལས་དོན་ལ་ཤུགས་སྣོན་བྱེད་པ་ནི།   སྤྱི་ཚོགས་དང་ཚན་རིག་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱིན་པའི་གཞི་རྩའི་ལས་སྒོ་ཞིག་ཡིན་པ་དང་།  ཐད་ཀར་བོད་ཡིག་དར་རྒུད་དམ་ཉམས་དམས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན།  དུས་མཚུངས་སུ་མི་རིགས་སོ་སོའི་མཐུན་སྒྲིལ་ལ་ཡར་སྐུལ་དང་།  རྒྱལ་ཁབ་གོང་བུ་གཅིག་ཏུ་བསྡུས་པ།   སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་གཞན་དང་བསམ་བློ་བརྗེ་རེས་སམ་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་སྐུལ་འདེད་བྱེད་པ།   བོད་རིགས་མི་དམངས་ཀྱི་རིག་གནས་ཡོན་ཚད་མཐོར་འདེགས་དང་།   མི་རིགས་རང་ལ་ཡིད་ཆེས་ཀྱི་བསམ་པ་འཛིན་པར་ཤུགས་སྣོན།   གཞན་ཡང་ཚན་རིག་ལག་རྩལ་གྱི་ཤེས་བྱ་སྐོར་ཁྱབ་གདལ་དུ་གཏོང་བ་སོགས་ལ་གལ་ཆེ་བའི་བྱེད་ནུས་འདོན་ཐུབ།   ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་མུ་མཐུད་དུ་འཕེལ་རྒྱས་སོང་བ་དང་།   མི་རིགས་སོ་སོའི་རིག་གནས་མཉམ་འབྲེལ་ཉིན་རེར་དམ་དུ་སོང་བའི་ཆ་རྐྱེན་འོག་བོད་ཡིག་གི་མིང་བརྡ་ཚད་ལྡན་ཅན་དུ་གཏོང་བ་ནི་གལ་ཆེན་ནང་གི་གཙིགས་ཆེན་ཞིག་ཏུ་གྱུར་ཡོད།   འོན་ཏེ་མིག་སྔར་གྱི་རིག་གནས་སློབ་གསོ་དང་།   སློབ་དེབ་སྒྲིག་སྒྱུར་ཁང་།


འབྲེལ་ཡོད་འོས་སྦྱོར།