སློབ་གསོས་མི་གསོད་སྟངས།
ང་ཚོའི་སློབ་གསོ་ག་རེ་ཡིན་ནམ།
ད་ལོ་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་དཔེ་ཀློག་ཡག་པོ་ཞིག་བྱེད་མ་ཐུབ་ལ། རྩོམ་ཡིག་བདེ་མོ་ཞིག་ཀྱང་འབྲི་མ་ཐུབ་པ་ནི་ཇི་འདྲའི་ཕངས་སེམས་ཆེ་བ་ཞིག་ཡིན་ན་ཡང་། ཉེ་ལམ་ཀྲུང་གོའི་སློབ་དཔོན་ཆེན་མོ་དང་། ཡ་ཧི་དཱ་པར་ཞིབ་འཇུག་བྱེད་མཁན་གྲགས་ཅན་སྐུ་ཞབས་ཧི་ཞུང་ཧྥེ(贺雄飞)ལགས་ཀྱིས་ད་ལོ་གསར་དུ་བརྩམས་པའི་སློབ་གསོའི་དཔེ་དེབ<སུ་ཞིག་གིས་བྱིས་པའི་མ་འོངས་པར་འགན་འཁུར་རམ>ཞེས་པ་བཀླགས་ཤིང་། མ་བཀླག་ཐུ་མེད་ཀྱི་དཔེ་ཆ་དེས་ཁོ་བོར་ཕ་ཡུལ་གྱི་སྣང་ཚུལ་ཞིག་དབང་མེད་དུ་དྲན་པར་བྱས།
དང་བོ། ནུ་བོ་དགེ་རྒན་ལ་སྐྲག་པ།
དེ་ཡང་ད་ལོའི་སྟོན་ཁར་ཕྱིར་ཕ་ཡུལ་དུ་སོང་ཞིང་། ཉིན་འགར་དེ་རུ་བསྡད་པ་ཡིན། ཡུལ་ལ་ཐོན་དུས་ཨ་མ་སྒོར་རྒྱུགས་འོང་ན་ཡང་། ནུ་བོར་མཐོང་རྒྱུ་མི་འདུག ནམ་རྒྱུན་སྔོན་ལ་རྒྱུགས་འོང་བའི་ནུ་བོ་དེ་རིང་ཡོང་རྒྱུ་མེད་པ་ཅི་ཡིན་སྙམ་ན་ཡང་། རྩེད་མོ་གང་ཞིག་ལ་མགོ་འཁོར་སོང་བ་ཡིན་རྒྱུ་རེད་སྙམ་ནས་དོ་སྣང་དེ་འདྲ་མ་བྱས། རླངས་འཁོར་ལས་བབས་ནས་ཁྱིམ་དུ་ཐོན་ལ་ཉེ་དུས། ཨ་མས་ནུ་བོ་བོས་ཤིང་། ཤོག་དང་ཕུ་བོ་རེད་ཟེར་བར། ནུ་བོ་མགྱོགས་མྱུར་གྱིས་སྒོར་རྒྱུགས་འོང་ཞིང་། ཅི་ཞིག་ནས་སེམས་བདེ་སོང་བ་དང་འདྲ་བར་ངའི་གམ་དུ་རྒྱུགས་འོང་། ཅི་ཡིན་ཧ་མ་གོ་བར་དེ་ཅི་ཞིག་ཡིན་ཞེས་དྲིས་པ་ན། ཁོ་དགེ་རྒན་ལ་སྐྲག་ནས་ཡིབ་ཡོད་ནི་རེད་ཟེར། ནུ་བོ་ད་ལོ་ལོ་དགུ་ལ་སོན་ཞིང་། ད་སོ་མར་སློབ་ཆུང་ལོ་རིམ་དང་བོར(སྤྱིར་གྲ་སྒྲིག་འཛིན་གྲྭར་སོང་ན་འགྲིག་ཀྱང་། ལོ་ཚོད་ཀྱི་དབང་གིས་དགེ་རྒན་ཚོས་ལོ་རིམ་དང་བོར་བཅུག་བྱུང་།)མངགས་ཁུལ་བྱས་ཀྱང་དགེ་རྒན་ལ་སྐྲག་སྟེ་ཁྱིམ་དུ་བསྡད་འདུག ཁྱིམ་དུ་སོང་ནས་ཟ་འཐུང་ཞོར་དུ་རྒྱུ་མཚན་ཅི་ཡིན་གསལ་བོར་འདྲི་སྐབས། བསམ་ཡུལ་ལས་འདས་པའི་དོན་དག་འདི་འདྲ་ཞིག་འདུག
ནུ་བོ་སློབ་གྲྭར་སོང་བའི་ཉིན་དང་བོར་དགེ་རྒན་གྱིས་གཅར་རྡུང་བྱས་ཏེ་ཁོའི་གཅིན་པ་ཡང་རྐང་སྣམ་དུ་ཤོར་འདུག་ཟེར། ཅིའི་ཕྱིར་གཅར་རྡུང་བྱས་པ་རེད་ཅེས་དྲིས་ན། སློབ་ཐུན་དང་བོའི་སྐབས་སུ་བོད་ཡིག་དགེ་རྒན་གྱིས་ནུ་བོས་ཡི་གེ་འབྲི་ཀློག་མི་ཤེས་ཀི་ཟེར་ནས་གཅར་རྡུང་བྱས་པ་རེད་ཟེར། སློབ་གྲྭར་ཐོན་མ་ཐག་ནས་ཡི་གེ་འབྲི་ཀློག་ཤེས་ཡོད་པ་ཞིག་ཡིན་ན་དགེ་རྒན་ཡང་དགོས་དོན་མེད་ལ། སློབ་གྲྭར་ཡང་འགྲོ་དགོས་དོན་མེད་པ་ཞིག་རེད་མོད། ཕ་ཡུལ་གྱི་དགེ་རྒན་དག་ནི་འདི་འདྲ་ཞིག་རེད། སྔོན་ཆད་རྒྱུན་དུ་སློབ་གྲྭར་འགྲོ་རྒྱུ་ཟེར་ཏེ་འཁང་ར་བྱེད་པའི་ནུ་བོ་སྐྲག་ཐག་ཆོད་དེ་ཕྱི་ཉིན་ནས་སློབ་གྲྭར་མ་སོང་བས། ཨ་མས་ཐེངས་འགར་བསྐྱལ་ཏེ་སོང་ན་ཡང་། ཨ་མ་ཕྱིར་འོང་རྗེས་དགེ་རྒན་གྱིས་སློབ་གྲྭར་ཅིའི་ཕྱིར་མི་ཡོང་ངམ་ཟེར་ནས་གཅར་རྡུང་བྱས་སྟབས། ད་ནི་ནུ་བོས་ངུ་འབོད་བྱས་ཏེ་སློབ་གྲྭར་མི་འགྲོ་ཟེར་བར་མ་ཟད། དགེ་རྒན་ལ་སྐྲག་སྟེ་ན་བཞིན་འདུག་པས་ཨ་མས་ཀྱང་སེམས་ནས་མ་བཟོད་པར་བཞག་འདུག ཕྱི་ཉིན་ནུ་བོར་ཡག་བཤད་བྱས་ཏེ་དངོས་སུ་སློབ་གྲྭར་བསྐྱལ་བ་ཡིན་ཞིང་། སློབ་ཁང་དུ་ཐོན་མ་ཐག་བོད་ཡིག་དགེ་རྒན་གྱིས་ལག་ཏུ་གཅར་རྡུང་བྱེད་ཆས་སྨྱུག་མ་ལེབ་ལེབ་ཅིག་བཟུང་ནས་ཁྲིད་སྟེགས་སྟེང་དུ་བསྡད་དེ། ཁྱོད་ཅིའི་ཕྱིར་སློབ་གྲྭར་མ་འོང་ངམ་ཞེས་སྡུག་སྡུག་བྱེད་ཀྱིན་འདུག ངས་ནུ་བོ་སྐྲག་འགྲོ་བར་དོགས་ཤིང་རྗེས་དེད་ནས་ཁོའི་འགྲམ་དུ་སོང་སྟེ་དཔེ་ཆ་སོགས་ལེན་རོགས་བྱས་ཤིང་། སྐྱོན་ཡོད་ནི་མ་རེད་ཅེས་བཤད་པ་ཡིན་ལ། ཏག་ཏག་དགེ་རྒན་འགྲམ་དུ་ཡོང་ན་ནུ་བོ་འདར་ནས་ཡི་གེ་ཡང་འབྲི་མི་ཐུབ་པར་གྱུར་འདུག སེམས་ནས་བཟོད་ཐབས་མེད་ན་ཡང་། ཉིན་ཕྱེད་ཅིག་ལ་ནུ་བོ་སྲུང་ནས་བསྡད་པ་ཡིན།
གོ་སྐབས་ཤིག་བེད་སྤྱད་དེ་སློབ་གཙོ་དང་དགེ་རྒན་དེ་གཉིས་ལ་གནས་ཚུལ་བཤད་ཅིང་། ནུ་བོ་སོ་མར་སློབ་གྲྭར་ཡོང་མ་ཐག་ཡིན་པས་གཅར་རྡུང་བྱས་ན་སློབ་གྲྭར་འགྲོ་བའི་འདུན་པ་བཀག་འགྲོ་བ་དང་། ལས་བྱ་སོགས་བྲིས་མ་ཚར་ན་ཡང་གཅར་རྡུང་མི་བྱེད་པའི་རེ་བ་བཏོན་ཞིང་། གཙོ་བོ་ནི་ཁོ་རང་སློབ་གྲྭར་འགྲོ་བའི་འདུན་པ་གསོད་མི་རུང་བར་བཤད་པ་ཡིན། སློབ་གཙོ་དེ་ཉིད་མི་རིགས་ལས་དོན་ལ་ཅུང་ཤ་ཞེན་དཀར་བ་ཞིག་འདུག་པས་དེ་ལྟར་ཁས་བླངས་ན་ཡང་། སློབ་གསོ་ཞེས་པ་ཅི་ཡིན་ཆ་མི་འཚལ་བའི་དགེ་མིང་འཛིན་པ་དེས་ངེས་དོན་ཇི་ལྟར་བྱ་རྒྱུ་ཡིན་པ་སུ་ཡིས་ཤེས།
སྤྱིར་ན་འགྲམ་ལྕགས་སློབ་གསོ་གཏོང་མཁན་ནི་བོད་ཁོ་ན་མིན་སྲིད་ན་ཡང་། དགེ་རྒན་འདི་དག་གི་འགྲམ་ལྕགས་སློབ་གསོས་སློབ་མ་མང་བོ་ཞིག་གི་སེམས་ཁམས་རྨང་ནས་བསད་འདུག་པ་གསལ་བོ་རེད། ང་ཚོའི་སྡེ་བ་ཁོ་ནར་མཚོན་ན་ཡང་། བྱིས་པ་དག་སློབ་གྲྭར་མི་འགྲོ་བར་བྲོས་ནས་འདུག་པ་མང་བོ་ཡོད། བྱིས་པ་དེ་དག་གི་སྣང་ངོར་སློབ་གྲྭ་ནི་གཅར་རྡུང་སྐོར་གསུམ་བྱེད་པའི་བཙོན་ཁང་ཞིག་ཏུ་གྲུབ་འདུག་ཅིང་། དགེ་རྒན་ནི་སྦྱོར་བ་ལག་ཏུ་བསྟར་མཁན་ཁྲིམས་དཔོན་ཞིག་ཏུ་བཞེངས་འདུག ཏག་ཏག་འདི་ལྟར་རེད་པས་འུ་ཚོ་རྗེས་ལུས་ཐེབས་པ་ལོས་ཡིན་ཨང་།
གཉིས་པ། འགྲམ་ལྕག་སློབ་གསོས་མི་གསོད་པ།
སློབ་མར་བཟང་ངན་དགར་བ་ནི་རྒྱ་ནག་སློབ་གསོའི་ནད་རོ་ཞིག་རེད་ལ། དེའི་མངའ་ཁོངས་སུ་བཙན་གྱིས་བསྡུས་ཡོད་པའི་བོད་ཀྱི་སློབ་གསོ་ཡང་དེ་འདྲ་ཞིག་མ་རེད་དམ། འུ་ཚོས་སློབ་མར་བཟང་ངན་དགར་ནས་ཕྱོགས་རེས་ཀྱིས་སློབ་ཁྲིད་བྱེད་ཅིང་། སློབ་མ་ཞན་པ་ནི་ནམ་ཡང་ཞན་པར་བརྩི་བ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞིག་གིས་པེ་ཅིང་དུ་གཉེར་བའི་རྒྱལ་སྤྱིའི་སློབ་གྲྭ་ཞིག་གི་སྤྱི་ཁྱབ་ལྟ་ཞིབ་པར་བཅར་འདྲི་བྱེད་སྐབས། “ཁྱོད་ཚོས་རྒྱུགས་འབྲས་ལྟར་སློབ་མའི་བཟང་ངན་དགར་རམ”ཞེས་དྲིས་པར། སྤྱི་ཁྱབ་ལྟ་ཞིབ་པས“མི་དགར། རྒྱུགས་ལེན་པ་ནི་རོགས་འདེགས་ཀྱི་བྱེད་ཐབས་ཤིག་རེད། དེའི་ཕན་ཆད་ནས་གལ་ཆེ་བ་ཞིག་ཡོད་པ་ནི་དགེ་རྒན་གྱིས་ཁ་གསལ་བོའི་སྒོ་ནས་དཔྱད་གཏམ་འབྲི་རྒྱུ་དེ་རེད།”ཟེར། ཡང་གསར་འགོད་པས། “དེ་ན་ཁྱོད་ཚོར་མཚོན་ན་སློབ་མ་བཟང་བོ་ཞིག་གི་ཚད་ཐིག་ཅི་ཞིག་ཡིན་ནམ།”ཞེས་དྲིས་པར། སྤྱི་ཁྱབ་ལྟ་ཞིབ་པ་དེ་ཧང་སངས་པའི་སྒོ་ནས་ཡུན་རིང་འགོར་རྗེས“ང་ཚོར་སློབ་མ་བཟང་བོ་དང་ངན་པའི་དབྱེ་བ་མེད།”ཅེས་ལན་བཏབ། འདི་ནི་སྔོན་ཐོན་སློབ་གསོ་དང་རྗེས་ལུས་སློབ་གསོ་གཉིས་ཀྱི་བར་ཁྱད་རེད། སྤྱིར་སློབ་མ་ཞིག་ལ་མཚོན་ན་བཟང་ངན་གྱི་དབྱེ་བ་ག་ལ་ཡོད། འུ་ཚོའི་སེམས་སུ་སློབ་མ་ཚང་མ་མི་གཅིག་ཏུ་གྲུབ་ཡོད་ན་ཡང་། དོན་གྱིས་སློབ་མ་རེ་རེ་ནི་མི་སྒེར་རེ་རེ་ཡིན་པས། ཁོ་ཚོར་ཁོ་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་རེད། དེ་ནས་ཁོ་ཚོའི་སློབ་སྦྱོང་གི་འབྲས་སུ་ཡང་ཁ་ཁ་རེད། སློབ་མ་ཁ་ཤས་རི་མོར་མཁས་ཤིང་ཁ་ཤས་རྩེད་མོར་མཁས། ཡང་ཁ་ཤས་བོད་ཡིག་ལ་བཟང་ཞིང་ཁ་ཤས་དབྱིན་ཡིག་ལ་བཟང་། ཕྱོགས་གཅིག་ཁོ་ནར་སྒེར་གཅོད་བྱས་ཏེ་སློབ་མ་དེ་ཉིད་ཞན་པའི་གྲས་སུ་དགར་བ་ནི་ངེས་དོན་གྱིས་དགོད་བྲོ་བའི་སྐྱོ་གར་ཞིག་རེད། ཡང་གཅིག་བཤད་ན། སློབ་ཆུང་སློབ་མའི་སྐབས་ནི་བྱིས་པའི་འཚར་ལོངས་ཆེས་ཆེ་བའི་སྐབས་རེད། འུ་ཚོས་སྐབས་དེར་སློབ་མའི་བཟང་ངན་དགར་ནས་བྱིས་པ་དག་གི་རང་རྩིས་ལ་རྡོག་བརྫིས་བཏང་ཚེ། ཞན་པ་དེའི་རིགས་ནི་ནམ་ཞར་ཡང་འུ་ཚོའི་སློབ་གསོས་དམར་གསོད་གཏང་ངེས་རེད།
དཔེ་འདི་འདྲ་ཞིག་འདུག་སྟེ། དབྱིན་ཇིའི་བུད་མེད་ཅིག་གིས་རང་གི་བྱིས་པ་འཇོན་ཐང་ཅན་གྱི་མི་སྣ་ཞིག་ཏུ་འགྱུར་ན་སྙམ། ཡིན་ན་ཡང་། མོས་དུས་ནམ་ཞིག་ནས་བྱིས་པར་སློབ་གསོ་གཏོང་དགོས་པ་མ་ཤེས། དེ་ནས་མོས་རང་གི་བྱིས་པ་པང་ནས་རླབས་ཆེན་གྱི་མཁས་པ་ཏར་ཝུན་གྱི་གམ་དུ་སོང་སྟེ་སློབ་སྟོན་བྱེད་པར་ཞུས།
“སྐུ་ཞབས་ཏར་ཝུན་ལགས། ཁྱོད་ནི་འཛམ་གླིང་ན་མིང་གྲགས་ཆེ་བའི་ཚན་རིག་པ་ཞིག་རེད། ངའི་བྱིས་པ་འདིར་དུས་ནམ་ཞིག་ནས་སློབ་གསོ་བཏང་ན་བཟང་ངམ།”
ཏར་ཝུན་གྱིས་འདྲི་རྒྱུར། “ཁྱོད་ཀྱི་བྱིས་པ་ལོ་དུ་ཡིན་ནམ།”
“ཁོ་ད་དུང་ཆུང་། ད་སོ་མར་ལོ་གཉིས་དང་ཕྱེད་ཀ་ཡིན།”
ཏར་ཝུན་གྱི་དབུགས་རིང་ཞིག་འབྱིན་རྗེས་བཤད་རྒྱུར། “བདག་མོ་ལགས། ཁྱོད་ཀྱིས་བྱིས་པར་སློབ་གསོ་གཏོང་ཚད་ལོ་གཉིས་དང་ཕྱེད་ཀྱིས་འགོར་འདུག”
སོམས་དང་། གོང་གི་ཚན་རིག་པ་འདིའི་སྐད་ཆས་འུ་ཅག་ལ་མཚང་འབྱིན་ཚ་བེར་བ་ཞིག་བྱས་མེད་དམ། འུ་ཚོས་སྐྱེས་མ་ཐག་ནས་སློབ་གསོ་གཏོང་རྒྱུ་དེ་ཕར་ཞོག ཐ་ན་བྱིས་པ་འཚར་ལོངས་ཆེས་ཆེ་བའི་སྐབས་སུ་ཡང་བཟང་ངན་ལེགས་ཉེས་ཀྱི་དབྱེ་བ་བགར་ནས་ལྷད་མེད་དྭངས་གཙང་གི་བྱིས་པ་མང་བོ་ཞིག་ལ་དམར་གསོད་གཏོང་གིན་འདུག ལྷག་པར་དུ། བྱིས་པའི་སྐབས་ནི་མཚར་སྣང་ཆེས་ཆེ་བའི་སྐབས་ཤིག་རེད་པས། དགེ་རྒན་ཞིག་ཡིན་ཆ་ནས་བྱིས་པའི་མཚར་སྣང་བསྐྱེད་སྲིང་བྱེད་རྒྱུ་ནི་ཆེས་གལ་ཆེ་བ་དེ་རེད་མོད། འུ་ཅག་གིས་བྱིས་པ་པྲ་ཚག་མཚར་སྣང་ཅན་དེའི་རིགས་ལ་མ་རབས་ཞེས་འབོད་ཅིང་། དེ་མ་ཐག་ངན་གྲས་སུ་བརྫངས་ནས་བྱིས་པ་དེའི་ཤེས་འདོད་ཀྱི་སྙིང་སྟོབས་ཡོད་ཚད་བརྩད་ནས་གཅོད་པ་རེད།
དེ་ལས་དམའ་སར་བབས་ཏེ་བཤད་ན། འུ་ཅག་གི་དགེ་རྒན་རྣམས་ཀྱིས་ཆེས་མ་མཐར་སྒྲུབ་འོས་པའི་བྱ་བའམ། ཡང་ན་བསྒྲུབ་ནུས་པའི་བྱ་བ་སྟེ། སློབ་མ་དག་གི་སྣང་ངོར་སློབ་གྲྭ་ནི་ང་རང་གི་ཁྱིམ་མོ་སྙམ་པའི་བག་ཆགས་ཤིག་བཞག་ན་འགྲིག་གི་རེད་མོད། ལྡོག་སྟེ། ཁོ་ཚོས་བྱིས་པ་སློབ་གྲྭ་ཐོན་མ་ཐག་གཅར་རྡུང་སྐོར་གསུམ་བྱས་པས། བྱིས་པ་ཚོས་སློབ་སྦྱོང་བྱེད་རྒྱུ་ཕར་ཞོག ཐ་ན་སློབ་གྲྭ་ཞེས་མིང་གིས་བོས་ན་ཡང་འཇིགས་ཀྱིན་འདུག འུ་ཅག་གི་སློབ་གསོ་གཏོང་མཁན་དག་གིས་འདི་ལྟར་མ་འོངས་པའི་གསར་གཏོད་པ་མང་བོ་ཞིག་རྨེག་མེད་དུ་གཏོང་གིན་ཡོད་ན། འུ་ཚོའི་མི་རིགས་ཇི་ལྟར་ཡར་རྒྱས་སུ་འགྲོའམ།
ཡང་ཞིན་ཧྭ་གསར་འགོད་ཁང་གི་གསར་འགོད་པ་དེས་འདྲི་རྒྱུར། “གལ་ཏེ་བྱིས་པ་སློབ་སྦྱོང་ལ་མི་བརྩོན་མཁན་དང་། ལས་བྱ་མི་སྒྲུབ་མཁན་ཡོད་ན་ཇི་ལྟར་བྱའམ།”ཞེས་དྲིས་པར།
སྤྱི་ཁྱབ་་ལྟ་སྐུལ་བས“སྐུལ་མ་དང་རོགས་རམ་བརྒྱུད་དེ་ད་ལྟ་ང་ཚོའི་འདིར་སློབ་སྦྱོང་ལ་མ་དགའ་བའི་བྱིས་པ་མེད། ་་་་་་་ དགེ་རྒན་ནི་ཁོ་ཚོའི་ཨ་ཅེ་དང་ཕུ་བོ། ཕ་མ་གཉིས་དང་འདྲ་བོ་ཡིན། ་་་་་་་་ ཁོ་ཚོ་སློབ་གྲྭར་འདི་དང་ཉིན་གཉིས་ལ་ཁ་བྲལ་ན་ཡང་། ཁོ་ཚོ་ཚང་མས་སློབ་གྲྭ་དང་དགེ་རྒན་དྲན་ངེས་ཡིན།”ཟེར།
སྐད་ཆ་འདི་ཐོས་ན་འུ་ཅག་གི་དགེ་རྒན་དག་གིས་ཅི་འདོད་དམ། ངོ་ཚ་ནས་མགོ་བོ་སྒུར་འགྲོའམ། ད་དུང་སྤྱང་ཀིའི་རྣ་ལ་ཆོས་བཤད་ཀྱིས། མ་ཡིན་ཡིན་མདོག་གིས་འགྲོའམ། ཁོ་བོས་བལྟས་ན། འུ་ཅག་གི་དགེ་རྒན་བརྒྱ་ཆའི་དགུ་བཅུ་ནི་རྗེས་མའི་རིགས་ཡིན་སྲིད་དེ། རྒྱུ་མཚན་ཁོ་རང་ཚོས་གནས་ལུགས་ཟེར་བ་ཞིག་གཞར་ཡང་ཤེས་ཀྱིན་མེད་ཅིང་། སློབ་གསོ་ཞེས་པ་ནི་རྦད་དེ་རྟོགས་ཀྱིན་མེད་པས་སོ། །
<སུ་ཞིག་གིས་བྱིས་པའི་མ་འོངས་པར་འགན་འཁུར་རམ>ཞེས་པའི་དེབ་ཀྱི་མཇུག་ཏུ<དོན་དངོས་སུ་ཀྲུང་ཕྱིའི་སློབ་གསོའི་བར་ཁྱད་ག་འདྲ་ཡིན་ནམ>ཞེས་པའི་རྩོམ་ཞིག་འདུག་ཅིང་། དེར་རྒྱ་ནག་དང་ཧྥ་རན་སིའི་མཐོ་རྒྱུགས་ཀྱི་རྩོམ་ཡིག་ཁ་བྱང་ལ་བསྡུར་བ་བྱས་ཤིང་། ལྷག་པར་དུ། རྒྱ་ནག་གི་མཁས་མིང་འཛིན་པ་མང་བོ་ཞིག་གིས་རྩོམ་གྱི་ཁ་བྱང་དེ་ལ་དབྱེ་ཞིབ་སོགས་གནང་གིན་པར་དགག་པ་ཚ་ནན་བཏང་འདུག སྐབས་འདིར་ངའི་སེམས་སུ་ཡང་འུ་ཅག་གི་སྐྱོ་གར་ཞིག་དྲན་འོང་སྟེ། ནུ་བོ་བསྐྱལ་ནས་སློབ་གྲྭར་སོང་བའི་ཞོར་ནས་སློབ་གཙོར་ཁ་བརྡ་ཐུང་ཐུང་ཞིག་བྱས་པ་ཡིན། སློབ་གཙོ་དེ་དང་ངེད་གཉིས་སྔོན་ནས་ངོ་ཤེས་རྙིང་བ་ཡིན་པས་ཁོས་སློབ་གྲྭའི་གནས་ཚུལ་དང་ལོ་རེ་རེའི་སློབ་མ་དག་གི་རྒྱུགས་འབྲས་ཀྱི་གནས་ཚུལ་བཤད་བྱུང་། ཁོས་བཤད་རྒྱུར། དེང་སྐབས་མཇུག་རྒྱུགས་ཀྱི་རྒྱུགས་ཤོག་ཧ་ཅང་དཀའ་བས། རྒྱུགས་ཤོག་མང་བོ་ཞིག་ཡང་དང་བསྐྱར་དུ་སྦྱོང་བ་མ་བྱས་ན་སློབ་མ་དག་གིས་དཔེ་ཆ་གང་བོ་བློར་བཟུང་རུང་ལན་འདེབས་ཐུབ་ཀྱིན་མི་འདུག་ཟེར། འདི་ནི་དོན་དངོས་རེད། བོད་ཡུལ་ཡོངས་སུ་ཡོད་པའི་དོན་དངོས་ཤིག་རེད།