logo

སློབ་གསོས་མི་གསོད་སྟངས།

རྩོམ་པ་པོ།:jose ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-10-27 ཀློག་གྲངས།:

       འདི་ལྟར་སློབ་མ་རྣམས་ལ་རྒྱུགས་ཤོག་བསྐྱར་སྦྱོང་བྱས་པ་ནི་ལོས་བཟང་གི་ལོས་བཟང་མོད། ཕྱོགས་གཞན་ཞིག་ནས་བལྟས་ན་ཐབས་དེ་ནི་ཤིན་ཏུ་སྐྱོ་བོ་ཞིག་དང་། ཁོ་ཚོའི་སློབ་ཁྲིད་ཀྱི་ལྗིད་ཚད་གསལ་བོར་མཚོན་ཡོད་པ་རེད། འུ་ཅག་གི་དགེ་སློབ་མང་བོ་ཞིག་གི་སྣང་ངོར་སློབ་ཁྲིད་བྱེད་པ་ནི་དཔེ་དེབ་བསྐྱར་དཔར་བྱེད་པ་ཙམ་རེད་འདོད་ཀྱིན་འདུག་ན་ཡང་། དེ་ནི་ངེས་དོན་གྱིས་སློབ་གསོ་མ་ཤེས་པའི་རྟགས་མཚན་རྨ་མེད་པ་ཞིག་རེད། འུ་ཚོས་སློབ་ཁྲིད་བྱེད་པ་ནི་སློབ་མ་གང་དེ་དཔར་དུ་འདེབས་ཆེད་མ་ཡིན་པར། དེའི་མཚར་སྣང་བསྐྱེད་སྲིང་དང་དོགས་སློང་གི་ནུས་རྩལ་སྦྱངས་ཏེ། ཡན་གར་བའི་མི་ཞིག་ཏུ་ཆགས་པར་བྱེད་རྒྱུ་དེ་རེད། ཡང་གཅིག་བཤད་ན་རང་རྐྱ་ཐུབ་པའི་སློབ་མ་ཞིག་ཏུ་ཆགས་པར་བྱེད་རྒྱུ་དེ་མ་ཡིན་ནམ། ད་ལྟ་སློབ་མ་དག་གིས་དཔེ་ཆ་གང་བོ་བློར་བཟུང་རུང་རྒྱུགས་ཤོག་སྟེང་དུ་ལན་འདེབས་མི་ཐུབ་པའི་གནད་དོན་ནི། གཙོ་བོ་སློབ་མ་གང་དེ་རང་རྐྱ་ཐུབ་པ་ཞིག་མ་ཆགས་པས་རེད། འུ་ཚོའི་སློབ་གསོའི་སྒེར་གཅོད་དང་རྨོངས་མུན་གྱིས་སློབ་མ་གང་དེའི་རང་ནུས་ཀྱི་རྩལ་ཤུགས་རྨེག་མེད་དུ་བཅོམ་པ་རེད། ནམ་ཡང་། འདི་དང་གན་ཞེས་མཛུབ་མོས་གར་བསྟན་ཤར་མ་བྱས་ཚེ་གཞི་མདོ་རུ་ལུས་པའི་མགྲོན་པོ་བཞིན་གར་འགྲོ་རྨང་ནས་ཤེས་པ་མ་རེད། སློབ་གཙོས་སློབ་མ་དག་གིས་ལན་འདེབས་མི་ཐུབ་པ་ཤེས་ཡོད་ན་ཡང་། དེའི་རྒྱུ་རྐྱེན་གང་དུ་ཡོད་མེད་ལ་ངོས་འཛིན་བྱས་པ་ཁྱོནས་ནས་ནོར་འདུག་སྟེ། འཁང་ར་ཡོད་ཚད་རྒྱུགས་ཤོག་གི་དཀའ་ཚད་སྟེང་དུ་བཞག་འདུག དོན་གྱིས་དེ་ནི་སློབ་ཁྲིད་ཀྱི་ཁ་ཕྱོགས་རྗེས་ལུས་ཐེབས་པས་རེད་ལ། “བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་མ་སོད”པས་ཀྱང་རེད། རེད་མོད་ཀྱང་། འུ་ཅག་ལ་འདི་ལྟར་ངོས་ཟིན་ཡང་དག་འཐོབ་མཁན་གྱི་མི་བུ་ག་ཙམ་ཡོད་དམ།
      སྐབས་འདིར་ཐོན་དུས། བདག་ལ་སྔངས་འདར་ཞིག་རྒྱག་པ་ནི། འུ་ཚོས་ད་དུང་བོད་ཀྱི་ཨེ་ཏིས་ཧྲིན་ག་ཙམ་ལ་དམར་གསོད་གཏོང་རྒྱུ་ཡིན་མིན་དེ་རེད།
གསུམ་པ། རྒྱུགས་ལེན་དོན་ག་རེ་ཡིན་ནམ།
      རྒྱུགས་ལེན་པའི་སྲོལ་འདི་ཉིད་ཕྱི་ནང་གང་དུ་ཡང་ཕལ་ཆེར་ཡོད་སྲིད་པ་ཞིག་ཡིན་ན་ཡང་། རྒྱུགས་ལེན་པའི་དམིགས་ཡུལ་གྱི་སྟེང་ནས་བར་ཁྱད་ཆེན་པོ་འདུག གཞན་དག་མི་བཤད་དེ། རྒྱ་ནག་ནང་ཁུལ་དུ་མཚོན་ནས་བཤད་ན། རྒྱུགས་ལེན་པ་ནི་སློབ་མ་དག་ལ་བཟང་ངན་དགར་ཆེད་རེད། ཁོ་ཚོར་མཚོན་ན་རྒྱུགས་ཀྱི་སྟེང་ནས་སློབ་མ་དེའི་ཡོད་ཚད་ལ་ཚད་འཇལ་བྱེད་པ་རེད། སྲོལ་འདིས་གཞི་ནས་སློབ་མ་དག་གི་སྤུས་ཚད་ཇེ་ཞན་དུ་བཏང་བ་ལོས་ཡིན་ཨང་། འུ་ཚོས་སློབ་ཆུང་ནས་སློབ་འབྲིང་དུ་འཕར་བར་རྒྱུགས་ལེན་དགོས་ལ། སློབ་འབྲིང་ནས་མཐོ་འབྲིང་། དེ་ནས་སློབ་ཆེན་སོགས་གང་ལ་ཡང་རྒྱུགས་ལེན་མི་དགོས་ས་གཅིག་ཀྱང་མི་འདུག ཐ་ན་འཛིན་གྲྭ་ཆུང་ཆུང་ཞིག་འཕར་དགོས་ན་ཡང་རྒྱུགས་ལེན་དགོས། རྒྱུགས་ནི་ད་གཟོད་ཚད་ཤིང་ཉག་གཅིག་རེད།
      སྤྱིར་བཏང་དུ་བཤད་ན་རྒྱུགས་ལེན་པ་ནི་རམ་འདེགས་ཆུང་ཆུང་ཞིག་ཡིན་ན་འགྲིག་ཅིང་། རྒྱུགས་བླངས་རྗེས་གཞི་ནས་དགེ་རྒན་གྱིས་སློབ་མ་གང་དེས་ཅི་ཞིག་ཤེས་མེད་པ་དང་ཇི་ལྟར་མ་ཤེས་པ་སོགས་ལ་དབྱེ་ཞིབ་བྱས་ཆོག་པར་མ་ཟད། ཤེས་སོང་བའི་ཆ་དེར་ཡང་དབྱེ་ཞིབ་བྱས་ཆོག འདི་ལྟར་བྱས་ན་གཞི་ནས་སློབ་མ་གང་དེའི་འཕེལ་རྒྱས་མགྱོགས་ཤིང་། རང་རྐྱ་ཐུབ་པའི་བསམ་གཞིག་གཏོང་ཐུབ། ལྡོག་སྟེ། རྒྱུགས་ལེན་པ་ནི་ཚད་ཤིང་གཅིག་གི་སྟེང་དུ་བཞག་ཚེ་ཡོད་ཚད་གོ་རིམ་འཁྲུགས་ཤིང་དོན་གྱིས་སྟོངས་འགྲོ། མ་ཟད། སློབ་མ་རེ་རེའི་བསམ་གཞིག་གཏོང་སྟངས་དང་ཤེས་བྱའི་ཆུ་ཚད་མི་འདྲ་བས། ལན་འདེབས་ཀྱང་འདྲ་མིན་སྣ་ཚོགས་རེད། ད་ལྟའི་རྒྱུགས་་ལེན་སྟངས་ལ་མཚོན་ན་ལན་གཅིག་མ་གཏོགས་མི་འདུག ཡིན་ན་ཡང་། གོང་གི་ཁྱད་ཆོས་ལ་བལྟས་ཏེ་བཤད་ན། བཏབ་པའི་ལན་འདྲ་མིན་ཡོད་ན་འགྲིག་ཅིང་། ལན་དེ་དག་གིས་གཞི་ནས་དགེ་སློབ་གཉིས་གཞི་གཅིག་ཏུ་འདྲེས་པར་རམ་འདེགས་ཆེན་པོ་བྱེད་ཐུབ། དགེ་རྒན་གྱིས་སློབ་མའི་ལན་འདེབས་སྟངས་མཐོང་རྗེས་སློབ་མ་གང་དེར་སྤྱིའི་ཆ་ནས་ཚད་འཇལ་བྱེད་ཐུབ་ཅིང་། དེར་བརྟེན་ནས་སློབ་མ་དེའི་མི་འདང་ས་སོགས་ལ་བསྔོག་འདོན་བྱ་ཆོག མ་ཟད། རྒྱུགས་བླངས་རྗེས་དྲི་བ་རེ་རེ་བཞིན་དགེ་སློབ་ཡོངས་ཀྱིས་མཉམ་དུ་བགྲོ་གླེང་བྱ་འོས་ཤིང་། དེ་ལྟར་བྱས་ན་སློབ་གྲོགས་དག་གི་བསམ་གཞིག་གི་བར་སྟོང་རྒྱ་ཇེ་ཆེ་རུ་འགྲོ་བར་ཤིན་ཏུ་ཕན་ནམ་སྙམ། མ་གཏོགས། འུ་ཚོས་རྒྱུགས་ཀྱི་ཆེད་དུ་རྒྱུགས་ལ་སྦྱོང་བ་བྱེད་པ་ནི་དངོས་གནས་དགོད་བྲོ་བའི་ཟློས་གར་ཞིག་རེད། དེས་སློབ་མ་གང་གི་ལྗིད་ཚད་འཇལ་ཐུབ་པ་མ་རེད།
      ཡང་གཅིག་བཤད་ན། དེང་སྐབས་སྤུས་ཚད་སློབ་གསོ་གོང་མཐོར་གཏོང་དགོས་ཞེས་གང་སར་སྒྲོག་གིན་འདུག འོ་ན་ཁ་གཡང་དེ་མ་བསྒྲགས་སྔོན་དུ་སྤུས་ཚད་སློབ་གསོ་ཞེས་པ་ཇི་འདྲ་ཞིག་ཡིན་མིན་ལ་མ་མཐའི་ངོས་ཟིན་ཞིག་དགོས་རྒྱུ་རེད། དེ་ནི་བསྒྲགས་ཚར་ན་འགྲུབ་འགྲོ་བ་ཞིག་ག་ལ་ཡིན། འདི་དང་རྒྱུགས་ལེན་པ་གཉིས་བསྡུར་ན་རྦད་དེ་ཁ་ཁར་གྱུར་ཡོད་པ་ཞིག་མ་རེད་དམ། འདིའི་སྟེང་ནས་བལྟས་ན། གོང་འོག་བར་གསུམ་གྱི་སྤུས་ཚད་སློབ་གསོ་ཟེར་མཁན་ཚང་མས་དོན་གྱིས་སྤུས་ཚད་སློབ་གསོ་ཞེས་པ་ཁྱོན་ནས་གོ་མི་འདུག་སྙམ། དེ་བས་འུ་ཚོས་རང་ས་ནས་བསམ་གཞིག་རྣལ་མ་བཏང་ན་རེད་ཨང་།
      སྤྱིར་ན་སྤུས་ཚད་སློབ་གསོ་ཞེས་པས་སློབ་གསོར་བརྟེན་ནས་སློབ་མ་གང་དེའི་སྤུས་ཚད་ཇེ་མཐོར་གཏོང་བ་སྟེ། སྐད་ཆ་སླ་མོ་ཞིག་གིས་བཤད་ན་སློབ་མ་དེ་ཡ་རབས་ཤིག་ཏུ་བཅའ་དགོས་ཟེར་ནི་རེད། ཡང་གཅིག་བཤད་ན། སློབ་མ་གང་དེའི་མི་གཞི་ཇེ་ལེགས་སུ་གཏོང་དགོས་ཟེར་ནི་རེད། ཡིན་ན་ཡང་། དོན་གྱིས་འུ་ཚོའི་སློབ་མ་དག་གི་མི་གཞི་ག་འདྲ་ཡིན་ནམ། ཞིབ་ཏུ་བསམ་ན་གནད་དུ་འབྱིན་པའི་དོན་དག་འདིའི་རིགས་ནི་དངོས་གནས་དགོད་བྲོ་བ་ཞིག་མ་རེད་དམ།
བཞི་བ། ཁྱིམ་ཚང་སློབ་གསོའི་ནག་ཉེས།
      ད་ལོ་ནུ་བོ་ཏག་ཏག་ལོ་དགུ་རེད། སྤྱིར་བཏང་དུ་སློབ་གྲྭར་འགྲོ་བའི་ལོ་ཚད་ཡོངས་སུ་འགོར་ཡོད་པ་རེད། ལོ་འགའི་སྔོན་ནས་ཨ་མར་ནུ་བོ་སློབ་གྲྭར་གཏོང་དགོས་ཚུལ་བཤད་ན་ཡང་། ཆུང་དུས་ནས་ནུ་བོར་ན་བ་ཅུང་ཙམ་རེ་རྒྱུན་དུ་བྱུང་བས་ཨ་མས་ད་ལྟའི་དབར་དུ་སློབ་གྲྭར་གཏོང་མ་ཐུབ། ཐ་ན་ནུ་བོ་ཆུང་དུས་ནས་ཁེར་ཆད་ངང་ནར་སོན་དུ་བཅུག་པས། ད་ལྟ་ནུ་བོ་སློབ་གྲྭར་སོང་ན་ཡང་རང་གནས་ལས་འགུལ་ཐུབ་ཀྱིན་མི་འདུག སློབ་ཁྲིད་ཡོངས་སུ་གྲོལ་རག་དབར་དུ་ནུ་བོ་ནི་ཐོ་ཡོར་ཞིག་དང་འདྲ་བར་རང་གནས་དང་བྲལ་ཐུབ་ཀྱིན་མི་འདུག
      འུ་ཅག་གི་ཕ་མ་ཞིག་ལ་མཚོན་ན་རང་གི་བྱིས་པར་མི་གཅེས་མཁན་ཉུང་ཉུང་རེད། ཡིན་ན་ཡང་། ཕ་མ་གང་དེའི་ཤེས་བྱའི་ཆུ་ཚད་དང་མི་རིགས་གང་དེའི་སྲོལ་རྒྱུན་ལེགས་ཉེས་ཀྱི་དབང་གིས་རང་གི་བྱིས་པར་གཅེས་སྟངས་འདྲ་མིན་རེད། ལ་ཤས་ཀྱིས་བྱིས་པར་གཅེས་དགོས་ཟེར་ནས་ཅི་འདོད་དུ་གཏོང་ཞིང་། ལ་ཤས་ཀྱིས་བྱིས་པར་གཅེས་དགོས་ཟེར་ནས་རྒྱན་གོས་འདོགས་ཆ་སོགས་ཉོ་བར་བྱེད། ངེད་ཀྱི་ཨ་མར་མཚོན་ན། བུ་ཆུང་ལ་གཅེས་དྲགས་ནས་ནར་སོན་ཏེ་ལོ་དགུ་ལ་སླེབས་རག་དབར་དུ་སློབ་གྲྭར་མ་བཏང་བར་མ་ཟད། ཐ་ན་ཆུང་ངུའི་དུས་ནས་བྱིས་པ་གཞན་གྱི་གྲས་སུ་ཡང་མ་མངག་པ་རེད། འདི་ལ་ནུ་བོའི་ན་རྐྱེན་དང་འབྲལ་བ་དམ་ཟབ་ཡོད་སྲིད་མོད། གང་ལྟར་འདི་ཉིད་ཨ་མས་ནུ་བོར་གཅེས་སྟངས་ཤིག་མ་རེད་ཅེས་སུ་ཡིས་བསྙོན་ཐུབ། ངེད་ཀྱི་ཨ་མ་ག་ལ་ཡིན་ཏེ། འདི་ནི་བོད་ཀྱི་ཨ་མ་དག་གིས་རང་གི་བུ་ཆུང་ལ་གཅེས་ཚུལ་རེད། ནུ་བོ་དང་ནུ་བོ་འདྲ་བ་དག་གིས་ལོ་དགུའི་གཡས་གཡོན་དུ་གཞི་ནས་ཡི་གེ་སློབ་དགོས་པ་རེད། ད་དུང་འདི་ལས་འཕྱི་བའི་འབྲོག་ཕྲུག་ཀྱང་ཤིན་ཏུ་མང་བོ་འདུག
      འདི་དང་བསྡུར་ན་སྔོན་ཐོན་རྒྱལ་ཁབ་ནི་ཏག་ཏག་སྔོན་ཐོན་རེད་དེ། ཁོ་ཚོས་བྱིས་པ་སྐྱེས་མ་ཐག་གམ། ཡང་ན་ཟླ་འགའ་རེའི་ནང་ནས་བཟུང་བྱིས་པར་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད། ཐེངས་ཤིག་ཨ་རིའི་ཉི་ཡོག་ཏུ་འབུམ་རམས་པ་འདོན་གྱིས་རྒྱ་ནག་གི་ཕྱི་འགྲིམ་སློབ་མ་ཞིག་གིས་རང་གི་ཁྱིམ་མཚེས་བུད་མེད་ཀྱིས་སྟེང་དུ་ཡི་གེ་ཡོད་པའི་བྱང་བུ་འགའ་སྒྲིག་བཟོ་བྱེད་ཀྱིན་པ་མཐོང་། མོས་ཁྱིམ་མཚེས་བུད་མེད་འདི་བྱིས་པའི་སེམས་ཁམས་རིག་པའི་ཆེད་མཁས་པ་ཞིག་ཡིན་པ་ཤེས་པས། ༼ཡང་ཚོད་ལྟ་ཅི་ཞིག་བྱེད་རྒྱུ་ཡིན༽ཞེས་དྲིས།
༼མིན། འདི་ནི་མའེ་ཁུ་ལ་ལྟ་རྒྱུར་བཟོས་པ་ཡིན།༽ཁྱིམ་མཚེས་བུད་མེད་ཀྱིས་དེ་ལྟར་བཤད།
༼འདི་འདྲའི་སྔ་མོ་ཞིག་ནས་ཁོར་ཡི་གེ་ངོས་འཛིན་བྱེད་ཆས་བྱང་བུ་བཟོ་བཞིན་ཡོད་དམ། ལོ་དུའི་སྟེང་ནས་ཡི་གེ་ཁྲིད་རྒྱུ་ཡིན་ནམ།༽རྒྱ་ནག་གི་ཕྱི་འགྲིམ་སློབ་མ་དེ་ཅུང་ཡ་མཚན་སྐྱེས། མོས་ཁྱིམ་མཚེས་ཚང་གི་བྱིས་པ་སྐྱེས་ནས་ཟླ་གསུམ་ཡིན་པ་ཤེས་ཡོད་པ་རེད།
༼ད་ལྟ།༽
༼མའེ་ཁུ་ད་སོ་མར་ཟླ་གསུམ་ལོན་མ་ཐག་རེད། ཁོར་ཁྲིད་ན་ཡིད་ལ་འཛིན་ཐུབ་བམ།༽
༼ཟླ་གསུམ་ལོན་ན་ཆོག་ནི་རེད། ཁོས་དལ་མོར་ཡིད་ལ་འཛིན་ཐུབ་ནི་རེད།༽
༼དེ་ན་ཁྱོད་ཀྱིས་ཁོས་ཡིད་ལ་བཟུང་ཡོད་པ་ཇི་ལྟར་ཤེས་སམ།༽
༼ངས་མི་ཤེས། འོན་ཀྱང་ཁོས་ཡིད་ལ་བཟུང་ཡོད་མེད་དེར་ངས་གཙིགས་ཆེན་བྱེད་ཀྱིན་མེད། མ་ཟད། ངས་ཁོས་ཡིད་ལ་བཟུང་ཡོད་མེད་ཤེས་ན་ཡང་མི་འདོད་གི འོན་ཀྱང་། ཁོས་དངོས་པོ་འདི་དག་མཐོང་ཚེ་དགོད་ཀྱིན་པ་ངས་ཤེས་གི བགད་སོང་ཚེ་ངའི་བློ་ཡིད་འཚིམ་སོང་ནི་ཡིན།༽
      ཁྱོད་ཀྱིས་ལྟོས་དང་། འདི་ལྟ་བུའི་སློབ་གསོ་དཀྱུས་མ་ཞིག འདི་ལྟ་བུའི་སློབ་གསོ་སྔོན་ཐོན་ཞིག འདིར་བལྟས་ན་འུ་ཚོ་ནམ་ཡང་རྗེས་ལུས་ཐེབས་ཀྱིན་པར་ཁག་ཡོད་དམ། འུ་ཚོས་བྱིས་པའི་སློབ་ལོ་མ་རན་སྔོན་དུ་སློབ་ཁྲིད་བྱེད་པ་ཕར་ཞོག ཐ་ན་སློབ་ལོ་རན་ཡང་འགོར་འགྱངས་བྱས་ནས་སློབ་གྲྭར་བསྐྱལ་གྱིན་མི་འདུག ལ་ཤས་ཀྱིས་ད་དུང་རང་གི་བྱིས་པ་ཡང་རང་ཉིད་བཞིན་དུ་ཕྱུགས་ཟོག་འཚོ་བའི་འབྲོག་ཕྲུག་གམ། རྨོ་ལས་བྱེད་པའི་རོང་ཕྲུག་ཅིག་ཏུ་བསྐྱེད་ཀྱིན་འདུག་ན། ང་ཚོས་མིག་གིས་མཐོང་བཞིན་དུ་ལྐུགས་ཚུལ་འཛིན་རྒྱུ་ཡིན་ནམ།
      ཡང་འཇར་པན་ལ་འདི་ལྟ་བུའི་སློབ་གསོ་གཏོང་སྟངས་ཡོད་དེ། འདི་ནི་ཁོ་ཚོའི་སྲོལ་རྒྱུན་ཞིག་ཀྱང་རེད། འཇར་པན་བུད་མེད་ཅིག་ལ་བྱིས་པ་གཉིས་འདུག་ཅིང་། བུ་མོ་ནི་ཆུང་བ་རེད། འཇར་པན་བུད་མེད་དེ་དུས་རྒྱུན་བྱིས་པར་གཅེས་ཤིང་བྱམས་པ་ཞིག་རེད། ཐེངས་ཤིག་ཁྱིམ་མཚེས་ཚང་གི་སྐྱེས་པ་ལས་ཀ་གྲོལ་ནས་ར་སྐོར་དུ་འོང་སྐབས། བུ་མོ་ཆུང་ཆུང་དེ་རྩེ་ནས་འདུག མོས་ཁོ་འོང་གིན་པ་མཐོང་ནས་དགའ་སྟེ“ཨ་ཁུ”ཞེས་ཁོའི་ཕྱོགས་སུ་རྒྱུགས་འོང་ཞིང་། སྟབས་མ་ཁེལ་བར་འགྱེལ་ཏེ་པུས་མོ་ན་བར་བྱས། བུ་མོ་ཆུང་ཆུང་ངུས་བྱུང་། ཁྱིམ་མཚེས་སྐྱེས་པས་མགྱོགས་མྱུར་ངང་ཡར་སློང་གྲབས་བྱེད་དུས། བུ་མོའི་ཨ་མས་ཁོ་བཀག་སྟེ། “ངུས་མི་ཆོག རང་ཉིད་ཡར་ལོངས།”ཞེས་བཤད། བུ་མོ་ཆུང་ཆུང་དེས་ད་དུང་ངུ་སྐད་འདོན་གྱིན་འདུག སྐྱེས་པ་དེས་སེམས་ནས་མ་བཟོད་པར་གམ་ནས་བལྟས་བསྡད། “ངུས་མི་ཆོག རང་ཉིད་ཡར་ལོངས།” བུ་མོ་ཆུང་རང་ཉིད་ཡར་ལངས་བྱུང་། ཡར་ལངས་རྗེས་གཞི་ནས་བུད་མེད་དེས་སྙིང་ཉེ་བའི་ངང་ནས་བུ་མོར་གཅེས་ཤིང་། “རྗེས་ཕྱོགས་སར་འགྱེལ་ན་རང་ཉིད་ཡར་ལངས་དགོས”ཞེས་བཤད། བུ་མོ་ཨ་མའི་སྐེར་འཁྱུད་ནས༼ངས་ཨ་མའི་ཁར་ཉན། ད་ངུ་རྒྱུ་མིན༽ཞེས་བཤད་རྗེས། རྩེ་རུ་བུད་སོང་། སྐྱེས་པ་དེ་ནི་རྒྱ་ནག་པ་ཞིག་རེད། སྐབས་དེར་ཁོས་པེ་ཅིང་དུ་ཡོད་པའི་རང་ཉིད་ཀྱི་བུ་ཆུང་དྲན་ཞིང་། ལོ་གསུམ་དུ་ལོན་ཡང་ནམ་རྒྱུན་རྨོ་བོ་སོགས་ཀྱིས་ཁྲིད་ནས་འགྲོ་བཞིན་པ་དྲན།
      དེ་ནི་འཇར་པན་སློབ་གསོ་མཐོང་རྗེས་རྒྱ་ནག་གི་ཡོན་ཏན་པ་ཞིག་གིས་རང་གི་བུ་ཆུང་དྲན་ཚུལ་རེད། ཡང་ན་རྒྱ་ནག་སློབ་གསོ་དྲན་ཚུལ་རེད། དེ་ན་འུ་ཅག་གི་བྱིས་པ་རྣམས་ག་རེ་ཡིན་ནམ། འུ་ཚོའི་བྱིས་པ་རྣམས་ལོ་གསུམ་མ་དགོས། ལོ་ལྔ་དྲུག་ལོན་ཡང་རང་གི་ཕ་མ་སོགས་ཀྱིས་གྱོན་པ་བསྐོན་པ་དང་ཟ་མ་ལྡུད་པ་ག་ཙམ་ཡོད་དམ། འདི་ནི་བདག་གིས་རང་ཡུལ་སློབ་གསོ་དྲན་ཚུལ་ཡིན། ཡང་ན། འུ་ཅག་གི་ཁྱིམ་ཚང་སློབ་གསོས་རང་གི་སྙིང་ཉེ་བའི་བུ་ཆུང་དག་ལ་དམར་གསོད་གཏོང་སྟངས་རེད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།