logo

བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་མི་བྱེད་པའི་གནད་དོན་སྐོར་བཤད་པ།

རྩོམ་པ་པོ།:མགར་རྩེ་རྟ་མགྲིན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-10-07 ཀློག་གྲངས།:

   བོད་མི་རིགས་ནི་ཀྲུང་ཧྭ་མེས་པོའི་རྒྱལ་ཁབ་ཀྱི་ཁྱིམ་མི་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་རིང་ཞིང་རིག་གནས་སྒྱུར་རྩལ་གཞན་ལ་འགྲན་བཟོད་པའི་མི་རིགས་རླབས་ཆེ་བ་ཞིག་ཀྱང་རེད། མི་རིགས་འདིའི་སྐད་དང་ཡི་གེ་བྱུང་ཞིང་འཕེལ་བའི་གོ་རིམ་ཡང་འཛམ་བུའི་གླིང་གི་སྔོན་ཐོན་མི་རིགས་དག་གི་སྐད་ཡིག་དང་འདྲ་བར། སྐད་ཆ་སྔོན་དང་ཡེ་གེ་རྗེས་སུ་བྱུང་བའི་གོ་རིམ་བརྒྱུད་མྱོང་བ་དང་། བརྡ་སྤྲོད་པའི་རིག་པ་སོགས་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིང་རང་རྐྱ་ཐུབ་པའི་སྒྲ་སྦྱོར་གྱི་ཡི་གེ་ཚན་རིག་དང་མཐུན་པ་ཞིག་ཡིན་ལ། ད་ལྟའི་ཚེ་ན་ཡང་རྒྱལ་སྤྱིའི་ཁྱབ་ཁོངས་ན་བོད་ཀྱི་སྐད་དང་ཡི་གེ་གཙོ་ཡིན་པའི་རིག་གནས་ལ་མཐོང་ཆེན་དང་བརྩི་འཇོག་གནང་གི་ཡོད་ལ།དུས་རབས་ཉེར་གཅིག་པ་ནི་བོད་རིག་པའི་དུས་རབས་ཡིན་ཞེས་ནུབ་ཕྱོགས་རྒྱལ་ཁབ་དག་ན་རླུང་ལྟར་གླེང་གི་ཡོད་ལ་དོན་དངོས་དང་མཐུན་པའི་བདེན་གཏམ་ཡང་ཡིན།དེ་ལྟར་ཡིན་ན་ཡང་རྒྱལ་ཁབ་ཕྱི་ནང་གི་མི་རིགས་ཆེ་ཆུང་ཚང་མའི་སྐད་དང་ཡི་གེ་སྲོག་ཤིང་ཡིན་པའི་རིག་གནས་སྤྱི་དང་།སྒོས་སུ་ཚན་རྩལ་དཔའ་འབྱོར་ནམ་མཁའ་རུ་མདའ་འཕངས་པ་བཞིན་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་དེང་གི་དུས་སུ།འོ་སྐོལ་བོད་ཁ་བ་ཅན་གྱི་མདོ་དབུས་ཁམས་གསུམ་ན་མི་རིགས་རང་གི་སྐད་དང་ཡི་གེ་ཉམས་ཤིང་རྒུད་ནས་བྲག་ཁ་ན་ལྷུང་ལ་ཁད་ཀྱི་སྡོང་རྒན་བཞིན་བདག་པོ་ཡོད་ཀྱང་སྐྱོབ་ཐབས་བྲལ་བའི་རྗེས་སུ་རྐང་བ་འཇོག་པས་ན།ངེད་ཅག་གི་སེམས་ལ་བོད་མི་རིགས་མེད་པར་གྱུར་བ་རེད་སྙམ་པའི་བཟོད་ཐབས་བྲལ་བའི་སྡུག་བསྔལ་ཞིག་གིས་དོན་ལྔ་སྣོད་དྲུག་དུས་ནམ་ཡང་ཉིན་མཚན་མེད་པར་བདེ་རུ་མི་འཇུག མི་རིགས་གང་ཞིག་ཡིན་རུང་དེའི་སྐད་དང་ཡི་གེ་ཉམས་ནས་མེད་པར་གྱུར་ཚར་ཚེ་མི་རིགས་དེ་ཡང་དོན་གྱིས་སྟོང་ནས་མིང་གི་ལྷག་མ་ཙམ་དུ་འགྱུར་སྲིད་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་བདེན་དོན་ཚད་དུ་འཇོག་ཐུབ་པ་ཞིག་ཡིན་ལ།རང་རེའི་རྒྱལ་ཁབ་ལ་མཚོན་ན་མན་ཇུ་མི་རིགས་ཀྱི་སྐད་ཡིག་ལྟ་བུའོ། །བོད་མི་རིགས་ཀྱི་ས་ཁུལ་ཆེན་པོ་གསུམ་བཅིངས་འགྲོལ་བྱས་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ།ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་།མི་རིགས་སྲིད་ཇུས་ཀྱི་ཡང་དག་པའི་མཛུབ་ཁྲིད་ལ་བརྟེན་ནས།རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སྐད་ཡིག་ཆེས་ཆེར་ཡར་རྒྱས་གོང་འཕེལ་བྱུང་ཡོད་པ་ནི་མི་སུ་ཞིག་ཡིན་ཀྱང་ཁས་ལེན་བཞིན་ཡོད་མོད།འོན་ཀྱང་མི་རིགས་ས་ཁུལ་རྣམས་སུ་མི་རིགས་དེའི་སྐད་ཡིག་འཕེལ་རྒྱས་སུ་གཏོང་བ་དང་།སློབ་སྦྱོང་བྱེད་པ།བཀོད་སྤྱོད་གནང་བ་བཅས་གཏན་ནས་མི་འདང་བ་ཡང་མི་སུ་དང་སུ་ཞིག་ཡིན་རུང་ཁས་མི་ལེན་ཀ་མེད་རེད།ནང་སྒོས་སུ་བོད་མི་རིགས་ལ་མཚོན་ན་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་རྣམས་སུ།རང་མི་རིགས་ཀྱི་སྐད་ཡིག་དེ་མི་རིགས་གཞན་གྱིས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་ཕར་ཞོག་ཐ་ན་རུས་གཅིག་པའི་རང་རིགས་ཀྱིས་ཀྱང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་མི་འདོད་པར་དགོས་མཁོ་མེད་པའི་སྐད་ཡིག་ཅིག་ཏུ་མཐོང་ཆུང་མར་གཅོད་དང་།

   དམའ་འབེབ་བྱེད་པ།མཁོ་མེད་དུ་སྨྲ་བ།རྗེས་ལུས་ཡིན་པ་།བཀོལ་སྤྱོད་བྱེད་ས་མེད་པ་སོགས་ཁ་ནས་གང་ཐོན་དུ་བཤད།ལྷ་བཞག་ནས་འདྲེ་ལ་རེ་བ་དང་རྟ་བཞག་ནས་བོང་བུར་ཞོན་ཏེ་རྒྱ་མི་རིགས་ཀྱི་སྐད་ཡིག་ལ་སྒོ་གསུམ་གུས་པས་སྐྱབས་སུ་སོང་སྟེ།རྒྱ་སྐད་བཤད་ན་རླབས་ཆེན་ཡིན་པ་དང་རྒྱ་ཡིག་བྲིས་ན་གཟི་བརྗིད་དུ་རློམ་ནས།བོད་སྐད་བཤད་པར་ངོ་ཚ་ཞིང་བོད་ཡིག་ལ་མདུན་ལམ་མེད་པར་སྨྲ་བར་མ་ཟད།ཐ་ན་རང་ཉིད་བོད་ཡིན་ཞེས་བཤད་འདོད་ཀྱང་མེད་པ་རེད།དེར་མ་ཟད་ད་དུང་ཚོགས་འདུ་ཆེ་ཆུང་གང་གི་སྟེང་ནས་ཀྱང་མི་རིགས་རྗེས་ལུས་ཀྱི་རྣམ་པ་འདི་བསྒྱུར་ནས།སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་པར་བྱེད་དགོས་ན་རྒྱ་སྐད་སློབ་ནས་རྒྱ་ཡིག་བཀོལ་དགོས་ཞེས་ངོ་གནོངས་དགོས་པ་དང་།ཡིད་སྐྱོ་དགོས་པའི་སྨྱོན་པའི་བླ་བརྡོལ་གྱི་གཏམ་ནོར་འཁྲུལ་ཅན་དག་གླེང་ནས།མི་རིགས་ཀྱི་བླ་བཙོང་དང་ཞབས་འདྲེན་བྱེད།བོད་མི་རིགས་འདི་ཉིད་གནའ་སྔ་མོའི་དུས་ནས་དེང་གི་བར་དུ་གསེར་སེར་པོའི་ཁ་དོག་མ་ཉམས་པར་ཡོད་པ་འདི་ནི།རང་མི་རིགས་ཀྱི་སྐད་དང་ཡི་གེ་ཡི་བཀའ་དྲིན་ཡིན་པ་དང་།སྐད་དང་ཡི་གེ་ནི་མི་རིགས་ཀྱི་བླ་སྲོག་དང་གཉིས་སུ་མེད་པ་ཞིག་ཡིན།དེ་བས་གངས་རིའི་ཁྲོད་ཀྱི་མི་རིགས་ལ་འདི་ལྟ་བུའི་སྐད་དང་ཡི་གེ་ཆེས་ཕུན་སུམ་ཚོགས་པ་ཞིག་ཡོད་བཞིན་དུ་མི་རིགས་གཞན་གྱི་སྐད་ཡིག་ལ་འགྲམ་ཆུ་ལྡང་དགོས་དོན་མེད་པས།བོད་རིགས་ས་ཁུལ་རྣམས་སུ་དེང་རབས་ཅན་འཛུགས་སྐྲུན་དང་།ནུབ་རྒྱུད་གསར་སྤེལ།དཔའ་འབྱོར་འཛུགས་སྐྲུན་སོགས་བྱ་བ་ཆེ་ཆུང་གང་དང་གང་ཞིག་བྱེད་རུང་།ཐོག་མར་མི་རིགས་རང་གི་སྐད་དང་ཡི་གེ་ལ་བརྟེན་དགོས་པ་ནི་གནད་དོན་ཐག་གཅོད་ཀྱི་རྩ་བ་ཡིན་ཕྱིར།བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤེལ་གསུམ་གནང་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་ཙ་ན།བྱ་བ་དེ་མཐར་གཏུགས་ནས་བཤད་ན་མི་རིགས་རང་གི་དཔོན་པོ་ཆེ་ཆུང་རྣམས་ལ་ཐུག་ཡོད་པས།ཕྲན་གྱིས་རང་ལ་ཤ་ཚ་ན་སྐྱོན་ལ་མཛུབ་མོ་ཚུགས་ཞེས་པའི་དཔེ་ལྟར།བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་མཁན་གཙོ་བོ་དང་སློབ་སྦྱོང་མི་བྱེད་མཁན་གཙོ་བོ་ཡི་གནད་དོན་དམར་རྗེན་དུ་བཏོན་ནས་མི


འབྲེལ་ཡོད་འོས་སྦྱོར།