བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་མི་བྱེད་པའི་གནད་དོན་སྐོར་བཤད་པ།
གཉིས།
མི་རིགས་སུ་ཞིག་ཡིན་རུང་འཕེལ་རྒྱས་དང་གོང་སྤེལ་གཏོང་རྒྱུ་ནི་ཏང་གི་ཡང་དག་པའི་མི་རིགས་སྲིད་ཇུས་དང་། མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱིས་གཏན་འབེབས་གནང་ཡོད་པས།ང་ཚོས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་དང་།མི་རིགས་རང་སྐྱོང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་རྒྱུ་ནི་སྤྱི་དམངས་ཡོངས་ཀྱི་འོས་འགན་ཡིན་ལ། རང་གི་མི་རིགས་འདུ་ཤེས་མེད་པ་བཅས་ནི་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་བྱེད་འདོད་མེད་པ་དང་།མི་རིགས་རང་སྐྱོང་བཅའ་ཁྲིམས་ལ་ཆེད་དུ་དམའ་འབེབས་མཐོང་ཆུང་བྱེད་འདོད་པ་རེད། མི་རིགས་དར་རྒྱས་གོང་འཕེལ་དུ་འགྲོ་མིན་ནི་རྒྱལ་ཁབ་འཕེལ་རྒྱས་སུ་འགྲོ་མིན་ལ་ཐུག་ཡོད་པས། མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བཀོལ་སྤྱོད་མ་བྱས་ན་མི་རིགས་དར་ཞིང་རྒྱས་མི་ཐུབ་ལ་འཕེལ་རྒྱས་ཟེར་བ་དེ་བས་ཀྱང་ཡོད་མི་ཐུབ། བོད་མི་རིགས་ཀྱི་འགོ་འདྲེན་རྣམས་ཀྱིས་རང་ཉིད་ཀྱི་སྐད་ཡིག་ཡལ་བར་དོར་ཏེ་མི་རིགས་གཞན་གྱི་སྐད་ཡིག་ཁོ་ན་ལ་སྲེད་པའི་འགྲམ་ཆུ་ལྡང་ནས་སོང་ན། རང་རེའི་མི་རིགས་འདི་སྣུམ་ཟད་ཀྱི་མར་མེ་ལྟར་མར་ནས་མར་དུ་འགྲིབ་པ་ལས་འཕེལ་རྒྱས་ཀྱི་རེ་བ་ནམ་ཡང་ཡོད་མི་སྲིད་པས། ང་ཚོའི་སྐེ་རང་ལ་ཡོད་བཞིན་དུ་མགོ་གཞན་ལ་འདོགས་དགོས་དོན་ཅི་ལ་ཡོད། བོད་ཀྱིས་བོད་སྐད་སྨྲ་བ་དང་། བོད་ཀྱིས་བོད་ཡིག་སློབ་པ། བོད་ཀྱིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པ་ནི་ཏང་གི་ང་ཚོ་ལ་གནང་བའི་སྲིད་ཇུས་དང་རེ་བ་ཡིན་པ་མ་ཟད། མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་ཡང་ཡིན། དེ་ན་རང་གི་མི་རིགས་ཀྱིས་རང་གི་སྐད་ཡིག་རང་གིས་བཀོལ་སྤྱོད་བྱེད་པ་ནི་མི་རིགས་ཐམས་ཅད་ཀྱི་ཆོས་ཉིད་ཅིག་ཡིན། བོད་ཀྱི་སྐད་ཡིག་ཧ་ཅང་རྗེས་ལུས་ཡིན་པ་དང་། སྤྱི་ཚོགས་ཐོག་བཀོལ་ས་མེད་པ། དེང་རབས་ཅན་འཛུགས་སྐྲུན་གྱི་ཐད་ལ་དགོས་མཁོ་མེད་པར་སྨྲ་མཁན་དག་ནི། རང་མི་རིགས་ཀྱི་རིག་གནས་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་ཞན་པ་དང་། མཐོང་རྒྱ་གླ་ཡི་རིལ་མ་བཞིན་ཆུང་ལ། ཤེས་རྒྱ་ཁབ་རྩེ་ཙམ་ཡང་མེད་པའི་རང་རིགས་ཀྱི་དཔོན་པོ་དང་ལས་བྱེད་པ་སྐོར་ཞིག་ཡིན་ལ། དེ་དག་གིས་རང་གི་སྐད་ཡིག་བཞག་ནས་མི་རིགས་གཞན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱས་སྟབས་། སྐད་ཡིག་ནི་མི་རིགས་བསམ་པའི་འདུ་ཤེས་མཚོན་བྱེད་ཅིག་ཡིན་པ་མ་ཟད། མི་རིགས་ཀྱི་བློ་ཁ་བསྒྱུར་བའི་ནུས་པའང་ཡོད་པའི་རྐྱེན་གྱིས་རང་ཉིད་ཀྱི་འདུ་ཤེས་དེ་མི་རིགས་གཞན་པའི་བསམ་བློའི་འདུ་ཤེས་སུ་གྱུར་བ་ཡིན། བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་རྒྱ་ཆེན་པོ་ཞིག་བྱེད་མ་ཐུབ་པའི་དབང་གིས་བོད་ནི་བོད་ལ་སྡང་བ་དང་། བོད་ནི་བོད་ཀྱི་རིག་གནས་ལ་སྡང་བ། བོད་ནི་བོད་ཀྱི་སྐད་དང་ཡི་གེ་ལ་སྡང་བ་ཞིག་ཏུ་གྱུར་ཡོད། མི་རིགས་ས་ཁུལ་དུ་འགོ་འདྲེན་ལས་བྱེད་དག་གིས་མི་རིགས་དེའི་སྐད་དང་ཡི་གེ་ངེས་པར་དུ་ཤེས་དགོས། གལ་ཏེ་འགོ་འདྲེན་གྱིས་མི་རིགས་དེ་ཡི་སྐད་ཡིག་མ་ཤེས་ན། མི་རིགས་དེ་ལ་འབྲེལ་བ་བྱེད་སྤྱད་ཀྱི་ཡོ་བྱད་མེད་སོང་བ་ཡིན་པས། ཁྱོད་ཀྱིས་མི་རིགས་ཇི་ལྟར་སྐྱོང་རྒྱུ་ཡིན་ན། ཁྱོད་ཀྱིས་མི་རིགས་གཞན་ཞིག་གི་སྐད་ཡིག་བཀོལ་ན། ས་ཆ་དེ་ཡི་མི་རིགས་ཀྱི་མི་དམངས་མང་ཚོགས་ཁྱོད་ལ་དགའ་རྒྱུ་ཨེ་རེད། མ་དགའ་ན་ཁྱོད་ཀྱིས་དབང་དང་བཙན་གྱིས་རང་སྐད་རང་ཡིག་སྣང་མེད་དུ་བཞག་ནས། མི་རིགས་གཞན་གྱི་སྐད་ཡིག་བཀོལ་ན་ཁྱོད་རང་ཏང་གི་འགོ་འདྲེན་ཚད་ལྡན་ཞིག་གཏན་ནས་མ་རེད་ཅེས་ངེད་ཅག་གིས་སྨྲ་བར་སྤོབས།
དེང་སང་བོད་མི་རིགས་ཀྱི་རིགས་སྐྱེས་ཀྱི་དཔོན་པོ་དང་ལས་བྱེད་པ་མི་ཉུང་བ་ཞིག་གིས་རྒྱ་སྐད་ཀྱིས་“ང་ནི་བོད་ཡིན”ཟེར། དེ་ཕར་བོད་ཡིག་ཨེ་ཤེས། བོད་སྐད་ཨེ་གོ་ཞེས་དྲིས་ཚེ་མགོ་བོ་འཕྲེད་དུ་གཡུག་ནས་འདུག འདི་ལྟ་བུ་ལ་བོད་ཟེར་རམ། བོད་ཅེས་པའི་མཚན་ཉིད་ཚང་གི་ཨེ་རེད། བོད་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་རང་ཉིད་ཀྱིས་བེད་སྤྱོད་གཏོང་མི་འདོད་ན། མི་རིགས་གཞན་གྱིས་རང་གི་སྐད་ཡིག་བསྐྱུར་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་འདོད་རྒྱུ་ཨེ་རེད། ཏང་གིས་ང་ཚོ་ལ་མི་རིགས་རང་བདག་གི་བདག་དབང་སྤྲད་ན། ང་ཚོས་བདག་དབང་དེ་འཛིན་སྐྱོང་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། མི་རིགས་ལ་ཤ་ཞེན་གཏིང་ཟབ་ཅིང་མི་རིགས་ཀྱི་ལ་རྒྱ་ངེས་པ་དོན་གྱི་སྒོ་ནས་འཛིན་འདོད་པའི་ཤེས་ལྡན་པ་དག་གིས། མཛུབ་མོ་ནང་ལ་བཀུག་ནས་སྙིང་གསོན་པོའི་སྟེང་ལ་ལག་པ་བཞག་སྟེ་འདང་རྒྱག་རན་འདུག རང་མི་རིགས་ཀྱི་སྐད་དང་ཡི་གེ་དོར་ནས། མི་རིགས་གཞན་ཞིག་གི་སྐད་དང་ཡི་གེ་ཁོ་ན་ལ་བརྟེན་ན་སྔོན་ཐོན་དུ་འགྲོ་ཐུབ་ཟེར་ན། རང་རེའི་རྒྱག་ཁབ་ཀྱི་སྔོན་ཐོན་མི་རིགས་ཏེ་རྒྱ་མི་རིགས་རྣམས་ཀྱིས་རྒྱ་སྐད་དང་རྒྱ་ཡིག་དོར་ནས། ཕྱི་གླིང་བའི་སྐད་དང་ཡི་གེ་ཁོ་ན་ལ་བརྟེན་ནས་སྔོན་ཐོན་གྱི་ཚད་ལ་སླེབས་པ་ཡིན་ནམ། དེ་བཞིན་དུ་ད་ལྟ་དར་རྒྱས་ཆེ་བའི་འཇར་པན་མི་རིགས་ཀྱིས་རང་གི་སྐད་ཡིག་ལ་བརྟེན་ནས་སྔོན་ཐོན་སུ་གྱུར་བ་ཡིན་པ་ལས། འཇར་པན་མི་རིགས་རང་གི་སྐད་ཡིག་དོར་ནས་མི་རིགས་གཞན་ཞིག་གི་སྐད་དང་ཡི་གེ་ཁོ་ན་ལ་བརྟེན་པ་མ་ཡིན་པ་ངེད་ཅག་གིས་ཤེས་སྲིད་པ་རེད། བོད་མི་རིགས་ཀྱི་རིགས་སྐྱེས་ཀྱི“ནད་པ”དག་གིས་རང་གིས་མ་ཤེས་པ་ད
-
བོད་མི་རིགས་ནི་ཀྲུང་ཧྭ་མེས་པོའི་རྒྱལ་ཁབ་ཀྱི་ཁྱིམ་མ...