logo

《མེ་ལོང་མ》ལས་འཕྲོས་པའི་གཏམ།

རྩོམ་པ་པོ།:རྩེ་སྐྱེས་དགེ་འདུན་དཀོན་མཆོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-18 ཀློག་གྲངས།:

         གཅིག

  སྙན་ངག་མེ་ལོང་མ་ནི། སྙན་ངག་རྩོམ་སྟངས་སྟོན་པ་ཙམ་དུ་མ་ཟད། སྙན་ངག་གི་གཞུང་ལུགས་ཤིག་ཀྱང་ཡིན།
  མེ་ལོང་མར། ལུས་ནི་རེ་ཞིག་འདོད་པ་ཡི།།དོན་གྱི་རྣམ་བཅད་ཚིག་གི་འཕྲེང་།།ཞེས་དང་། བུར་ཤིང་འོ་མ་བུར་སོགས་ལས།།མངར་བ་ཉིད་ནི་ཁྱད་པར་ཆེ།།ཞེས་དང་། སོ་སོ་ལ་གནས་བརྗོད་མི་ནུས།།ཞེས་དང་།།དེ་ནི་ད་ལྟའང་རྣམ་རྟོག་སྟེ།།དེ་དག་མ་ལུས་སུས་འཆད་ནུས།།ཞེས་སོགས་ཀྱིས་སྙན་ངག་ནི་ཅི་ཞིག་རེད་དང་། རྩོམ་རིག་གི་བྱེ་བྲག་སྙན་ངག་ཟེར་བ་དེ་ཡང་སྙིང་སྤྱི་ཚོགས་ཀྱི་ཁྲོད་ཅི་ཞིག་རེད་ཅེས་དྲིས་པ་ཙམ་དུ་མ་ཟད། དྲིས་ལན་ཡང་བཏབ་ཡོད་པ་རེད། འདི་དག་ཞིབ་རྒྱས་སུ་མ་སྨོས་ལ་ཕྱིས་ཞིབ་རྒྱས་སུ་སྨྲ་བ་སྐབས་སུ་བབས་ན་དེ་དུས་སྨྲའོ།།
  ཡང་། སྔོན་གྱི་རྒྱལ་བོ་གྲགས་པའི་གཟུགས།།དེ་དག་ཉེ་བར་མི་གནས་ཀྱང་།།རང་ཉིད་ཉམས་པ་མེད་ལ་ལྟོས།།ཞེས་སྙན་ངག་གི་ཕན་ནུས་རྩལ་དུ་བཏོན་ཏེ་སྨོས་པ་རེད། 
  སྙན་ངག་གི་ཕན་ནུས་ནི་དོན་དམ་དུ་ཇི་འདྲ་ཞིག་ཡིན་པ་རྒྱས་པར་མེ་ལོང་མའི་གཞུང་འགྲེལ་དག་ན་གསུངས་ཡོད་པས་མེ་ལོང་མར་སྙན་ངག་ཅེས་པ་ཡང་སྙིང་ཅི་ཞིག་རེད། དེ་ལ་སྤྱི་ཚོགས་སྟེང་གོ་གནས་ཅི་འདྲ་ཡོད། དེའི་རིན་ཐང་ཅི་འདྲ་རེད་ཅེས་བཤད་མེད་པར་གཏན་ནས་འདོད་མི་རུང་། 
  ཡིན་ཡང་། མེ་ལོང་མ་ནི་ལོ་ངོ་བརྒྱ་ཕྲག་མང་བོའི་ཡར་སྔོན་གྱི་བསྟན་བཅོས་ཤིག་དང་། དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱལ་བུ་གཞན་གྱི་ངོ་འཛིན་གྱི་སླད་དུ་བརྩམས་པར་གྲགས་པའི་སྙན་ངག་གི་བསྟན་བཅོས་ཤིག་ལགས་ན། ལོ་ངོ་བརྒྱ་ཕྲག་མང་བོའི་ཡུན་གྱི་རྩོམ་རིག་སྦྱོང་བདར་གྱི་ལམ་བུ་བརྒྱུད་ནས་འཕེལ་རྒྱས་བྱུང་བའི་ད་ལྟའི་སྙན་ངག་དང་གཤིབ་སྟེ་བལྟས་ན། དེ་ལ་ད་ལྟའི་སྙན་ངག་དང་རྩོམ་རིག་གི་ཆུ་ཚད་དུ་མ་ལོང་ས་མི་ཉུང་བ་ཞིག་ངེས་པར་ཡོད་འོས་ཀྱང་། ཧ་ལས་པ་ཞིག་ལ་མེ་ལོང་མའི་བསྡུས་བརྗོད་དང་བསྡུས་བརྗོད་མིན་པའི་སྙན་ངག་གི་རྩོམ་རྩལ་ལམ་སྒྱུ་རྩལ་གྱི་ངོ་མདངས་འགའ་ཞིག་གིས་དེང་རབས་བོད་ཀྱི་སྙན་ངག་དག་ཀྱང་དམན་དུ་གཏོང་བར་འདུག་པ་མི་མཐོང་ངམ།
  དེ་ཡང་།  མི་ལོ་དུ་མའི་གོང་རོལ་ནས་རང་རེ་བོད་ཡུལ་དུ་རང་གི་ཡབ་མེས་དང་རིག་གནས་ལ་དགག་གཞག་སྤྲོ་བའི་སྲོལ་ཞིག་དར་པར་གྱུར་པ་རེད། 
  སྤྱིར་ན་རིག་གནས་དགག་སྒྲུབ་ནི་རིག་གནས་འཕེལ་རྒྱས་ཀྱི་གཤོག་འགྱུར་ཞིག་ཡིན་ངེས་ན་དེ་ནི་གུས་པས་བསུ་འོས་པ་ཡིན། ཡིན་ཡང་། བོད་ཀྱི་གཏམ་དཔེར"སྤུ་མ་སྐྱེས་གོང་ལ་ར་སྐྱེས་"ཟེར་བ་ལྟར་རྨང་གཞིའི་བློ་སྦྱོང་སྔོན་དུ་མ་སོང་བར་རིག་གནས་དགག་སྒྲུབ་ལ་འཇུག་པའི་སྲོལ་ཞིག་ཀྱང་དར་པར་གྱུར་པ་ནི། རང་རེའི་རིག་གནས་དགག་སྒྲུབ་ཀྱི་ལམ་གོལ་ཞིག་ཡིན་པ་ལས་གཞན་ཅི་ཡང་མ་ཡིན།
  ལམ་གོལ་དེ་ནི། རིག་གནས་ཀྱི་ཡོངས་ཀྱི་སྟེང་ནས་བྱུང་ཡོད་ཀྱང་འདིར་སྐབས་སུ་བབས་པ་སྙན་ངག་ལ་མཚོན་ན་ཡང་། རྩོམ་སྟངས་གསར་བ་ཞིག་གམ། ཁ་ཕྱོགས་གསར་བ་ཞིག་ལ་འབད་པ་ཡིན་ཟེར་ནས“གློག་ལམ་འཕོས་པའི་འབུ་སྦྲང་དེས་དོ་ནུབ་ཀྱང་གཟན་ཤམ་གྱོན་ཏེ་མགྲོན་དུ་སླེབས། གློ་མདོག་གི་མེ་ཏོག་ནག་པོའང་ཕུ་ཐུང་ནང་འཛུལ་ཏེ་བྱུང་བ་ན། ཟླ་བ་དང་སྐར་མའང་ས་འཐོར་བྱུང་། རི་རབ་དང་གཙང་བོ་ཡང་སྐམ་སོང་། འབུ་སྦྲང་སྔོན་པོའིགཤོག་འགྱུ་གཅིག་གིས་ཡུལ་ཁམས་དེ་ལྟར་བསྙིལ། སྨག་རུམ་གྱིས་བསྙལ་བའི་སྦལ་ལྕོང་དེས་ཀྱང་ཨ་རག་འཐུང་བཞིན། འབུ་སྦྲང་གི་ལྟོ་བར་སྦར་ཤད་ཅིག་བཏབ”སྙན་ངག་འདི་འདྲ་འབྲི་བར་བརྩོན་པའང་ཡོད་ལ། ལྷག་པར་རྒྱལ་བའི་གསུང་རབ་དང་གཞུང་ལུགས། བརྡ་སྤྲོད་དང་སྙན་ངག་བཅས་ཀྱི་རྨང་གཞི་མི་བརྟན་པའི་མི་འཁྱར་གྱི་ཁྲོད་ན་འདི་འདྲའི་སྙན་ངག་འབྲི་བར་འབད་པ་བྱེད་མཁན་ཧ་ཅང་མང་བ་འདྲ།
  སྙན་ངག་འདི་འདྲར་རོལ་མྱོང་ཅི་ལྟར་བྱ། གློག་ལམ་འཕོས་པའི་འབུ་སྦྲང་དེས་ནི་གཟན་ཤམ་གྱོན་ཏེ་དོ་ནུབ་སྔར་འགྲོ་མྱོང་སའི་ཡུལ་གྲུ་གང་ཞིག་ལ་མགྲོན་དུ་སླེབས་སོང་བ་ཡིན་ནམ། མེ་ཏོག་དེའང་གློ་མདོག་ཡིན་ལ་ནག་པོའང་ཡིན་པ་དེས་གློ་བ་ནག་པོ་ཡིན་པར་བསྟན་ནམ། སུ་ཞིག་གི་གློ་བ་དེ་ལྟར་ནག་པོ་ཡིན་ལ་གང་ཞིག་གི་ཕུ་ཐུང་དེ་ཡི་ནང་ཅིའི་ཕྱིར་འཛུལ། 
  ཟླ་བ་དང་སྐར་མ་ས་ལ་འཐོར་བ་དང་རི་རབ་ཉིལ་བ་དང་གཙང་བོ་ཡང་སྐམ་སོང་བས་འབུ་སྦྲང་སྔོན་པོའི་གཤོག་འགྱུ་དེ་གང་དུ་གཡུག་གམ། 
  རབ་བྱུང་བ་ལ་ལས་ངས་ད་དུང་ཆེད་ལས་ཅི་བྱ་དགོས་མི་ཤེས་པས་འདང་རྒྱག་དགོས་ཟེར་སྐད་ཐོས། ངོ་མ་བདེན་ན་རབ་ཏུ་བྱུང་བ་ནས་ཁྱེད་ཀྱི་ཆེད་ལས་ཅི་ཡིན་ཐག་བཅད་ཚར་ཡོད་པས་ད་དུང་ཆེད་ལས་ཅི་བྱ་མ་ཤེས་པར་འདང་རྒྱག་དགོས་པ་ནི་ཡིད་སྐྱོ་བའི་གནས་མ་ཡིན་ནམ། གྲྭ་གཞོན་ལ་ལས་ཁོ་བོའི་ཆེད་ལས་སྙན་ངག་ཡིན་ཟེར་སྐད་ཐོས། སྟོན་པའི་གསུང་རབ་ན་བླ་མ་སོགས་ལ་བསྟོད་པའི་ངག་གི་ཕྱག་དང་། རིག་པའི་གནས་གང་ལ་ཡང་བསླབ་དགོས་པར་གསུངས་ཡོད་པ་བདེན་དུ་མཆི་ཡང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཆོས་གོས་རྒྱབ་ལ་བླངས་ནས་སྙན་ངག་ཆེད་ལས་ཡིན་ཟེར་ན་དེ་ནི་ཤིན་ཏུ་ཡིད་སྐྱོའི་གནས་ལས་མ་མཆིས་ཏེ། སྙན་ངག་ཙམ་དོན་དུ་གཉེར་ནས་བརྒྱུག་རྒྱུ་ཡིན་ན་རང་ཉིད་ཀྱི་མི་ཚེའི་ལམ་གྱི་འདམ་ཀ་དང་རྦད་དེ་རྒྱབ་འགལ་དུ་གྱུར་པ་མ་ཡིན་ནམ།
  ཡང་ལ་ལས་རང་མོས་སྙན་ངག་ཙིག་རྟུག་འདྲ་བ་འགའ་རེ་གང་སར་གཏོར་ནས་ངས་སྙན་ངག་བྲིས་ཡོད། ཁ་ཕྱོགས་གསར་བ་ཡིན་ཟེར་ནས་བླ་གོས་ཕྲག་ལ་འཕེན་ཅིང་ལག་ཟུང་དཀུ་ལ་བརྟེན་པར་བྱེད་ཟེར།
  དེ་ནི་ཟས་སུ་གཏོར་མ་ཟ་བ་རྣམས་དང་བསྡུར་ན་ཅུང་བག་དྲོ་ཡང་ཞིབ་ཏུ་བསམས་ན་རང་ཉིད་ཀྱི་མི་ཚེ་གང་བོ་རང་མོས་སྙན་ངག་ཙིག་རྟུག་ཙམ་རེ་གཏོར་བའི་ཆེད་དུ་ཟད་ན་ནི་དེ་ཡང་ཤིན་ཏུ་ཕངས་པའི་གནས་མ་ཡིན་ནམ།
  གང་ལྟར་སུ་ཡིན་ཡང་བོད་ཀྱི་རིག་གནས་གང་ལ་ཡང་བོད་ཀྱི་ཁྱད་ཆོས་འདོར་མི་རུང་བ་དེ་བརྗེད་མི་རུང་། གལ་སྲིད་འཛམ་གླིང་ལ་ཁ་ཕྱོགས་པ་ཡིན་ཟེར་བ་འམ། ཁ་ཕྱོགས་གསར་བ་འཚོལ་བ་ཡིན་ཟེར་ནས་བོད་ཀྱི་རིག་གནས་ཐམས་ཅད་ལ་བོད་རྩ་དོར་ན་ནི། རིག་གནས་དང་ཡུལ་སྲོལ་གང་ཡིན་ཡང་བོད་མི་རིགས་ལ་དགོས་མཁོ་མེད་པར་གྱུར་པར་མ་ཟད། མི་རིགས་སྣུབ་བྱེད་ཀྱི་ལག་ཆ་དངོས་སུ་གྱུར་པ་དང་། མི་རིགས་ཀྱི་རིག་གནས་ལ་གོད་ཆག་གཏོང་བའི་ལས་ལ་ཆེད་དུ་གཉེར་ནས་འབད་པ་ཙམ་ལས་མ་འདས་པས་མི་རིགས་ཀྱི་ངོས་ནས་ནི་འཛེམ་བྱ་དང་སྤང་བྱ་དེ་ལས་གལ་ཆེ་བ་ཅི་ཡང་མེད་པ་ཉིད་དོ།།
  དེ་ཕྱིར། སྙན་ངག་ཀྱང་ཁ་ཕྱོགས་གསར་བ་འཚོལ་བ་ཡིན་ཟེར་ནས་ཚིག་འཕྲུལ་རབ་རིབ་རེ་གཏོར་ཏེ་བྱིས་པ་འབྲིད་ཅིང་རང་མགོ་གཡོགས་པ་ལས་གཞུང་ལུགས་ཀྱི་རྨང་ཇེ་བརྟན་དུ་ཨེ་ཐོངས་དང་། འཚོ་བའི་ཉམས་མྱོང་སྲོག་ཏུ་བཅུག་པའི་སྙན་ངག་ཨེ་ཕྲིས། བོད་བརྡ་དང་བོད་སྲོལ་མ་འགྱུར་བའི་སྙན་ངག་རྩོམ་ཨེ་ནུས་བཅས་སུ་འབད་ན་སྙན་ངག་གསར་རྩོམ་ལ་འབྲས་བུ་ལོན་སྲིད་པ་ལས། ལག་ཟུང་གློ་ཁུག་ཏུ་བཅུག་ནས་རྩོམ་སྒྲིག་ཁང་རྣམས་འཚོལ་བ་དང་། རང་མོས་ཙིག་རྟུག་འདྲ་བ་རེ་གཏོར་བའི་དཔེ་དེབ་རེ་ཕུད་ནས་དུས་རབས་གཉེར་གཅིག་པའི་རྩོམ་པ་པོ་ཡིན་སྙམ་དུ་འཁྲུལ་སྣང་གིས་སྡོད་པ་ནི། འདུག་པ་པོ་རང་ཉིད་ལ་མགོ་དང་ལུས་ཀྱི་རྩ་རྒྱུས་ཅུང་མ་ཚང་བའི་ཆོས་ཉིད་འབུར་གཟུགས་སུ་བྲིས་པ་ཙམ་ལས་མ་འདས་སོ།།
  དེ་ཕྱིར། གཞན་ཡིག་ཅུང་ཟད་རེ་འདོན་ཀློག་ཤེས་པ་རྣམས་ཀྱིས་ཀྱང་མེ་ལོང་མ་སྙན་ངག་གི་གཞུང་ལུགས་ཤིག་མ་ཡིན་ཏེ། མེ་ལོང་མར་རྩོམ་རིག་ནི་ཅི་ཞིག་རེད། སྤྱི་ཚོགས་ཀྱི་ཁྲོད་དུ་རྩོམ་རིག་ལ་གོང་ཐང་ཅི་ཙམ་ཡོད། མ་གཞི་རྩོམ་རིག་ནི་ཅི་ལྟར་འོང་བ་རེད། རྩོམ་རིག་གིས་སྤྱི་ཚོགས་ལ་ཕན་ཅི་ཞིག་ཐོགས་པ་རེད་སོགས་ཀྱི་སྤྲོས་པ་མེད་པའི་ཕྱིར་རོ།།སྙམ་དུ་མ་ངེས་པའི་གཏན་ཚིགས་ལྟར་སྣང་རེ་བཀོད་པ་ནི་རང་སྣང་འཁྲུལ་བས་མྱོས་ཤིང་བོད་ཀྱི་རིག་གནས་ཀྱི་སྲོག་རྩར་ལག་སྙོབ་བྱེད་པ་ཙམ་དུ་ཟད་པའང་མཁྱེན་པར་མཛོད་ཅིག

         གཉིས།

  བོད་རིགས་རྣམས་སྙན་ངག་གསར་རྩོམ་ལ་འཇུག་པ་ལ་གཙོ་བོ་བོད་ཀྱི་འཚོ་བ་རོལ་སྟངས་དང་། བོད་མིའི་གོམས་སྲོལ། བོད་མིའི་གོ་བརྡ་སྤྲོད་ལུགས། བོད་ཀྱི་གནའ་བོའི་སྙན་ངག་གི་བརྡ་ཆད་རྣམས་སྲོག་བཅུད་དུ་སྟེན་རྒྱུར་འབད་དགོས་པ་ལས། འཛམ་གླིང་ལ་ཁ་ཕྱོགས་པ་ཡིན་ཟེར་ནས་མི་རིགས་གཞན་གྱི་རྗེས་ཟློས་བྱ་ཤུགས་ཆེ་མི་རུང་།
  མི་རིགས་གཞན་གྱི་རྗེས་ཟློས་བྱ་མི་རུང་ཟེར་དོན་ཡང་། མི་རིགས་གཞན་གྱི་སྙན་ངག་མི་ལེགས་པས་དོར་བྱ་ཡིན་ཟེར་བ་གཏན་མིན་པས་གོ་འཛོལ་དེ་འདྲ་འབྱུང་མི་ཉན། མི་རིགས་གཞན་ལ་ཡང་རང་ཉིད་ཀྱི་མཛེས་པ་ཡོད་པའི་སྙན་ངག་ཕུན་སུམ་ཚོགས་པ་ཡོད་པར་སྨྲ་ག་ལ་དགོས། འོན་ཏེ། གཞན་གྱི་ཕུན་སུམ་ཚོགས་པ་ནམ་ཡང་གཞན་གྱི་ཡིན་པ་ལས་བོད་ཀྱི་མ་ཡིན་ལ་བོད་ཀྱི་ཁྱད་ཆོས་ཡོད་པའི་རིག་གནས་ཀྱི་ཕུན་ཚོགས་ཐམས་ཅད་ཀྱང་དེ་བཞིན་ལས་མ་འདས་སོ།།
  དེ་ཕྱིར། བོད་ཀྱི་སྙན་ངག་ལ་ཡང་བོད་ཀྱི་ཁྱད་ཆོས་དང་གཤིས་ཀ་མེད་ན་བོད་སྲོལ་ཡོད་ཚད་དོར་པའི་བོད་མི་དང་འདྲ་བར་གྱུར་པས་ན་དེ་འདྲ་ནི་གཞན་གྱི་སྙན་ངག་གི་ཅལ་རྗེས་འབྲངས་པ་ཙམ་ཡིན་པ་ལས་བོད་ཀྱི་སྙན་ངག་ཅིག་ཡིན་མི་སྲིད་དོ།།
  ལ་ལས་སྙན་ངག་ལ་མི་རིགས་དང་ཡུལ་ལུང་གི་དབྱེ་བ་མེད་ཟེར་བ་ནི། སྙན་ངག་ནི་མི་སྐད་ཅིག་མིན་ན་ཆོག་ཟེར་བ་དང་མཚུངས་ཏེ། མི་རིགས་དང་ཡུལ་ལུང་གི་དབྱེ་བའམ་ཁྱད་ཆོས་མེད་པའི་སྙན་ངག་ཅིག་འབྲི་བསམ་ན་ནི། འབུ་སྦྲང་འཕུར་སོང་། མེ་ཏོག་ཀྱང་གད་སོང་། ད་ནི་མདེའུ་ཉོ་རན། ཞེས་པའི་ཚིག་དུམ་འདི་སྙན་ངག་ཡིན་མིན་ལ་མཐའ་སེལ་བའི་སྐད་ཆ་ཙམ་ཡང་བཤད་མི་ཐུབ། ཅིའི་ཕྱིར་ཞེ་ན། མདེའུ་ཉོ་རན་དོན་ཅི་ཡིན་མི་ཤེས་པས་ཡིན་ལ་འབུ་སྦྲང་གང་དུ་འཕུར་བ་དང་ཅིའི་ཕྱིར་འཕུར་བའང་མི་ཤེས་པས་སོ།།ད་དུང་མེ་ཏོག་དེ་ཅི་ཡིན་དང་གང་དུ་གད་པ། གད་ན་ལེགས་སམ་ཉེས། གད་དོན་ཅི་སྟེ་སོགས་རབ་རིབ་ཅིག་ལས་གནད་གསལ་བོ་ཞིག་མི་ཤོད་ལ་ཐ་ན་ཚིག་དུམ་དེར་གོ་རྒྱུ་ཡོད་མེད་ཀྱང་ཐག་མི་ཆོད་དེ། སྙན་ངག་ལ་གོ་བ་ཅི་ལྟར་ལེན་དང་། སྙན་ངག་ལ་འབྲུ་འདེད་དང་ངེས་ཚིག་མེད་པས་ད་ནི་སྙན་ངག་ཅེས་པ་མི་སྐད་ཅིག་མིན་ན་ཡང་མི་ཆོག་གམ་སྙམ་དུ་གྱུར་ཡོད་པས་སོ།།
  སྐྱ་སེར་སུ་ཡིན་ཡང་། སྙན་ངག་ལ་བརྩེ་དུང་ཟབ་ན་སྙན་ངག་གི་མཛེས་པ་འཚོལ་ཤེས་དགོས་ལ་མྱོང་ཡང་ཤེས་དགོས་པ་ལས། སྙན་ངག་འབྲི་བ་ཡིན་ཟེར་ནས་མི་རིགས་གང་གི་ཡང་སྐད་ལས་འདས་པ་ཞིག་བྲིས་ཏེ་མ་འོངས་པའི་ཀློག་པ་པོ་ཞིག་ལ་རེ་ཞིང་བསྒུགས་ནས་འདུག་པ་ནི་འགོང་བོ་སྟོང་རྩིས་ཙམ་ཡིན་ནོ། །
  དེ་ཕྱིར། དེ་འདྲའི་ཁ་འཕེན་ས་འཚོལ་དགོས་པ་ཞིག་བྲི་རྒྱུ་ལས་ཀློག་པ་པོས་བཟང་ངན་གྱི་དབྱེ་བ་དགར་རུང་བ་ཞིག་བྲིས་ན་མི་ལེགས་སམ།
  སྒེར་གྱི་ཚོར་བ་ནི་སྙན་ངག་གི་མཛེས་བཅུད་ཀུན་གྱི་དྭངས་མ་ཡིན་འོས་ཀྱང་། སྒེར་གྱི་ཚོར་བ་གཙོ་བོར་བྱེད་ན་མི་སྐད་ལས་འདས་པ་ཞིག་འབྲི་ག་ལ་དགོས། སྒེར་གྱི་ཚོར་བ་དང་སྒེར་གྱི་དད་མོས་གཙིགས་སུ་བྱས་པའི་སྙན་ངག་ཐམས་ཅད་བརྡ་ལོག་འབྲུ་ལོག་མཐུད་པའི་ཚིག་ལོག་གི་འཕྲུལ་བ་གྱ་གྱུ་ཞིག་ཡིན་ག་ལ་དགོས།
  སྒེར་གྱི་ཚོར་བ་གཙིགས་སུ་བྱས་ཤིང་། ཡིད་ཀྱི་སྐྱོམ་རླབས་སྲོག་ཏུ་སྦྲུམ་ལ་ཚིག་སྦྱོར་གསར་བའི་སྙན་ངག་འབྲི་ན། "འབུ་སྦྲང་གར་འཕུར་"མི་ཤེས་པ་ལྟ་བུ་ཞིག་འབྲི་ག་ལ་དགོས། སྙན་ངག་ཚེ་ནོམ་དུ་བསྒོམ་རྒྱུ་ཡིན་ན་རང་གི་སྙན་ངག་གིས་ཀློག་པ་པོ་རྒན་གཞོན་ཐམས་ཅད་ལ་བག་ཆགས་འཇོག་དགོས་ལ། སྙན་ངག་ཚེ་ནོར་དུ་སྡུད་ན་རང་ཉིད་ཀྱི་ངག་ལམ་དུ་འཕོས་པའི་རིག་བྱེད་ལ་ཀློག་པ་པོའི་གདེང་འཇོག་དང་ཡིད་ཆེས་ཡོད་རྒྱུ་གལ་ཆེ་བ་ལས། སྙན་ངག་བྲིས་པ་ཡིན་ཞེས་ནག་ཐིག་འགའ་སྤུངས་པ་བཞིན་གོ་བ་ལེན་རྒྱུ་མེད་ལ་ཚོར་བ་མྱང་རྒྱུ་གང་ཡང་མེད་པའི་"འབུ་སྦྲང་ཁྱུ་དང་ཁྱུ་བྱས་ཏེ་འཕུར་དུ་"བཅུག་ན། རང་ཉིད་ལ་སྙན་ངག་གསར་རྩོམ་དང་གསར་གཏོད་བྱེད་པའི་རྨང་གཞི་ཙམ་ཡང་མེད་པའི་ནང་གི་དེ་ཉིད་ཕྱི་རུ་བསྐྱུགས་པ་ཙམ་དུ་ཟད་དོ།།
  ཤར་ནུབ་གང་ན་ཡང་རང་རང་ལ་རང་རང་གི་ཁྱད་ཆོས་ཡོད་པའི་སྙན་ངག་ལོས་ཡོད་དེ། ད་དུང་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་སྐད་དང་ཡི་གེ་གཅིག་ཏུ་གྱུར་མེད་ལ། འཚོ་བའི་རོལ་སྟངས་ཀྱང་གཅིག་ཏུ་གྱུར་མེད། ནམ་ཞིག་འཛམ་གླིང་སྐད་ཡིག་གཅིག་ཏུ་གྱུར་ན་སྙན་ངག་གི་ཁྱད་ཆོས་ཀྱང་སྤྱིའི་ཆ་ནས་གཅིག་ཏུ་འགྱུར་སྲིད་པ་ལས། མི་རིགས་དང་རྒྱལ་ཁབ་ཐ་དད་ཅིང་། ལྷག་པར་གཞན་འོག་ཏུ་ཡོད་པའི་མི་རིགས་ཤིག་ཉམས་རྒུད་ལས་སྐྱོབ་ན་སྐད་དང་ཡི་གེའི་རྒྱུན་སྐྱོང་བ་གལ་ཆེ་ལ་གཞན་དང་མི་མཚུངས་པའི་རིག་གནས་ཀྱི་རྒྱུན་བསྐྱང་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་ཀུན་གྱིས་སྨྲ་བ་ལྟར་ལགས་ཤིང་། རྒྱུན་བསྐྱང་རྒྱུ་གལ་ཆེ་བའི་རིག་གནས་ཀྱི་ཡ་གྱལ་ན་དབྱངས་ཅན་ངག་གི་རིག་པ་འདི་ཡང་ཡོད་པས་ན། སྙན་ངག་ལ་མི་རིགས་དང་ཡུལ་ལུང་གི་ས་མཚམས་ཆུ་མཚམས་མེད་ཟེར་བའི་བོད་རིགས་རྒན་གཞོན་དག་གིས་ནི། བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་སྐུར་བ་འདེབས་པ་ཡིན་ལ། སྐུར་འདེབས་དེ་འདྲའི་དབང་གིས་ལོག་ལམ་དུ་འཕྱན་པའི་རང་ཉིད་ནི། ལོ་རྒྱུས་ཀྱི་གད་སྙིགས་དང་རིག་གནས་ཀྱི་ཕྱགས་ལུད་ཅིག་ཡིན་པ་ལས། དངོས་གནས་བོད་ཀྱི་སྙན་ངག་པའམ་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་མདོག་མེད།
  རྒྱ་ཡིག་ལས་མི་ཤེས་པའི་བོད་མི་སྐོར་ཞིག་གིས་བོད་ཀྱི་སྙན་ངག་ལ་གསར་རྩོམ་གྱི་ནུས་པ་མེད་པ་དང་། བོད་ཡིག་གི་ལམ་ནས་སྙན་ངག་མི ཕྲིས་ཞེས་གསུང་སྐད་ཐོས།
  རྒྱ་ནག་གི་ཡིག་ཐོག་ནས་སྙན་ངག་ཕྲིས་ལ་བོད་ཀྱི་ཡིག་ཐོག་ནས་སྙན་ངག་མི་ཕྲིས་པ་ནི། རྒྱ་བོད་གཉིས་ཀྱི་ལྕེ་ལ་རིང་ཐུང་ཡོད་པས་རེད་དམ། མགོ་ལ་ཆེ་ཆུང་ཡོད་པས་རེད། རིག་གནས་ཀྱི་འདུ་ཤེས་མི་མཚུངས་པས་རེད་དམ། རིག་གནས་ལ་སྒྲུང་གི་རབ་རྟོག་ཡོད་མེད་ཀྱིས་རེད། ཡང་ན་གུང་ཁྲན་ཏང་གི་ཕོགས་སྐལ་ཟ་ཐུབ་མི་ཐུབ་ཀྱིས་རེད།
  དངོས་གནས་བྱས་ན་དེ་དག་གང་མ་ཡིན་ཏེ། ཡི་ངེས་པ་ནི་རང་ཉིད་ལ་བོད་ཡིག་དང་བོད་ཀྱི་གཞུང་ལུགས་ཀྱི་ཚུ་ཚད་ཀྱིས་མ་འདང་བས་རེད་ལ། བོད་ཀྱི་ཡབ་མེས་ལས་བརྒྱུད་དེ་ཡོང་བའི་བོད་ཀྱི་གཡའ་དག་པའི་འཚོ་བ་རོལ་མ་མྱོང་བས་ཀྱང་རེད་དོ།།
  བོད་ཡིག་ཐོག་མེད་པའི་འཚོ་བའི་སྙིང་བོ་ཅན་གྱི་རྒྱ་རྩོམ་ལེགས་པོ་བཀླག་རྒྱུ་ཡོད་པ་བདེན་པར་ངེས་ལ། བོད་ཡིག་ཐོག་མེད་པའི་སྙན་ངག་གསར་རྩོམ་ལེགས་པོ་རྒྱ་རྩོམ་ཁྲོད་ཡོད་ངེས་པའང་བདེན་དུ་མཆིའོ།།
  ཡིན་ཡང་། དེ་ནི་བོད་ཡིག་གི་ཐོག་སྙན་ངག་མི་ཕྲིས་པའི་བདེན་དཔང་མིན་ལ། བོད་ཡིག་ལས་ཡིག་ལས་རྒྱ་ཡིག་ལེགས་པའི་དངོས་དཔང་དེ་ལས་ཀྱང་ག་ལ་ཡིན།
  སྙན་ངག་ཕྲིས་དང་མི་ཕྲིས་ནི། རིག་གནས་དང་ཡི་གེའི་ངོས་ནས་འཚོལ་རྒྱུ་མེད་པར་འབྲི་བ་བོ་རང་སྟེང་ནས་འཚོལ་དགོས་ཕྱིར་རང་ཉིད་ལ་སྙན་ངག་རྩོམ་པའི་རྒྱུ་རྐྱེན་ཚང་མིན་ལ་བལྟ་དགོས་ཤིང་། རང་ཉིད་ལ་སྙན་ངག་གི་བང་མཛོད་ཅི་ཙམ་ཡོད་མེད་ལ་རག་ལས་པ་ལས། ཡི་གེའི་གྲངས་མང་ཉུང་དང་། མི་རིགས་གང་གི་ཡི་གེ་ཡིན་མིན་གྱི་སྟེང་ནས་སྙན་ངག་ཕྲིས་མི་ཕྲིས་ཀྱི་ཤན་འབྱེད་པ་ནི། རྩོམ་པ་པོ་རེ་རེ་བཟུང་ནས་ལྕེ་ཡི་ཆེ་ཆུང་དང་སྲབ་མཐུག་ལ་བལྟས་ཏེ་སྙན་ངག་རྩོམ་ཤེས་མི་ཤེས་རྩར་གཅོད་པ་དང་མཚུངས་པས་ཤིན་ཏུ་བླུན་པ་མ་ཡིན་ནམ།
  སྙན་ངག་གི་དངོས་གྲུབ་བརྙེས་པའི་སྙན་ངག་པ་རེ་ཟུང་གིས་བོད་ཡིག་ཐོག་བཀོད་པའི་རང་མོས་དང་ཚིགས་བཅད་ལྷུག་གི་སྙན་ངག་འགར་མི་རིགས་ཀྱི་མཛེས་པ་དང་། རང་གཤིས་ཀྱི་མཛེས་པ་ཧ་ཅང་གཏིང་ཟབ་པས་སྙན་ངག་དེ་རིགས་ལ་གསར་རྩོམ་གྱི་ཆོ་ལོ་འབུལ་འོས་ལ། ཁ་ཕྱོགས་གསར་བའི་སྙན་ངག་ཏུའང་བགྲང་འོས། དེར་བརྟེན་དེའི་སྐོར་མདོ་ཙམ་ཞིག་འོག་ཏུ་སྨྲའོ།།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།