《མེ་ལོང་མ》ལས་འཕྲོས་པའི་གཏམ།
གསུམ།
སྙན་ངག་རྩོམ་པའི་རྨང་གདན་དུ་ངེས་པར་གང་དགོས་པའི་ཆ་རྐྱེན་དག་ནི་བོད་ཀྱི་སྙན་ངག་ལ་འཇུག་པར་དགའ་མཁན་རྣམས་ཀྱིས་ཀྱང་རང་གིས་སྙན་ངག་རྩོམ་པའི་རྨང་གདན་དུ་ཨེ་ཞོག་བལྟ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།
དེས་ན་བོད་ཀྱི་སྙན་ངག་གསར་རྩོམ་གྱི་རྨང་གདན་ལ་ངེས་པར་དགོས་པའི་ཆ་རྐྱེན་གཙོ་བོ་ནི་གསུམ་སྟེ། རྨང་གདན་གཅིག་ནི། སྙན་ངག་གི་གཞུང་ལུགས་དང་འབྲེལ་བའི་དཔེ་ཀློག་དྲི་མ་མེད་པ་ཡང་ཡང་མཛད་དགོས། དེ་ཡང་དྲི་མ་མེད་པ་ཟེར་བ་ནི་སྙན་ངག་གི་གཞུང་ལུགས་སམ། སྙན་ངག་གི་གཞུང་ལུགས་དང་འབྲེལ་བའི་སྙན་ངག་གི་དཔེ་ཀློག་དང་ཐོས་བསམ་རྣམ་པར་དག་པ་ཡོད་དགོས་པའི་དོན་ཡིན། དེ་ཕྱིར་མེ་ལོང་མར་ཡང་། མང་དུ་ཐོས་པ་དྲི་མེད་དང་།།གསུངས་པ་རེད།
རྨང་གདན་གཉིས་ནི། སྙན་ངག་རྩོམ་པ་ལ་འཚོ་བའི་ཉམས་མྱོང་དང་། སྙན་ངག་གི་བླ་སྲོག་གཉིས་དབྱེར་མེད་གཅིག་ཏུ་སྦྲེལ་བར་འབད་བརྩོན་གྱི་སྦྱོར་བ་མི་དམན་པ་བསྟེན་དགོས་པ་དང་། སྙན་ངག་གི་གཞུང་ལུགས་སོགས་ལ་ཡང་བརྩོན་པའི་སྦྱོར་བ་མི་དམན་པ་ཞིག་བསྟེན་དགོས་པར་བསྟན་པ་ཡིན། དེ་ཕྱིར་ཡང་མེ་ལོང་མར། མངོན་པར་སྦྱོར་བ་མི་དམན་པ།།གསུངས་པ་རེད།
རྨང་གདན་གསུམ་ནི། སྙན་ངག་རྩོམ་པ་ལ་སྙན་ངག་གི་མོས་པའི་རང་བཞིན་ལྷན་སྐྱེས་ངང་གིས་གྲུབ་དགོས་པ་སྟེ། མི་ཚེ་སྙན་ངག་གི་ལམ་དུ་འཇུག་པ་ལ་སྙན་ངག་ལ་རང་བཞིན་གྱིས་འཇུག་པའི་སྤོབས་པ་ཡོད་དགོས་པ་ཡིན། འདིར་རང་བཞིན་གྱིས་གྲུབ་པའི་སྤོབས་པ་ཞེས་པ་ནི། སྙན་ངག་ལ་ལྷན་སྐྱེས་ཀྱི་དགའ་བ་ཡོད་པ་དང་སྙན་ངག་ལ་བརྩེ་དུངས་བཅོས་མ་ཡིན་པ་ཞིག་ཡོད་དགོས་ཟེར་བ་ཡིན། ལ་ལས་སྙན་ངག་ལ་རྫུན་བཤད་པ་དང་སྙན་ངག་ལ་བསླུ་བྲིད་གཏོང་བ་མང་བས་ན་དེ་འདྲ་ཞིག་ཡིན་མི་རུང་བ་ནི་སྙན་ངག་ལ་འཇུག་འདོད་པ་དག་གི་རྩ་བའི་རྨང་གདན་གསུམ་པ་སྟེ། མེ་ལོང་མ་ལས་ཀྱང་།།རང་བཞིན་གྱིས་གྲུབ་སྤོབས་པ་དང་།།གསུངས་སོ།།
དེ་བས་ན་སྙན་ངག་རྩོམ་པ་ལ་མི་རིགས་ཀྱི་དབྱེ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་དབྱེ་བ་ཡོད་ན་སྙན་ངག་ལ་ཚད་བཀག་ཡོད་པ་ཡིན་ལ། སྙན་ངག་ལ་ཚད་བཀག་ཐེབས་ན་སྙན་ངག་གི་འཕེལ་རྒྱས་མཚམས་བཞག་པ་ཡིན་འདོད་མཁན་ཚོར་དོན་དམ་དུ་སྙན་ངག་ཅེས་པ་གང་འདྲ་ཞིག་དགོས་པའི་ངོས་འཛིན་དྲི་མ་མེད་པ་ཞིག་མ་ཐོབ་པ་ཡིན་ལ། ལྷག་པར་མི་རིགས་ཀྱི་སྙན་ངག་གམ། མི་རིགས་ལ་ཡང་བརྩེ་དུང་མེད་ལ། མི་རིགས་ཀྱི་འཚོ་བ་དང་གོམས་སྲོལ་ལ་དེ་ལས་ཀྱང་བརྩེ་དུང་མེད་པ་ཡིན་པས། དེ་རིགས་ཀྱིས་ཁ་ནས་སྙན་ངག་མིན་པའི་རིག་གནས་གཞན་དང་གོམས་སྲོལ་གཞན་སྟེང་དུ་བསྐོར་ན་མི་རིགས་དང་འཚོ་བར་བརྩེ་དུང་འབོར་མི་རུང་མདོག་འཛེར་བ་ཡང་། རང་གི་མིག་སྔུན་གྱི་ལྟོ་ཁེ་ཙམ་ལ་ཞེད་དེ། མི་རིགས་དང་མི་རིགས་ཀྱི་སྙན་ངག་ལ་བརྩེ་དུང་ཡོད་མདོག་གིས་མགོ་སྐོར་གྱི་བསླུ་བྲིད་གཏོང་བ་ཙམ་ལས་མེད་དོ།།
འཛམ་གླིང་གི་མི་བོ་ཡོད་དོ་ཅོག་ལ་རྩོལ་མེད་ཀྱི་རོ་བྲོ་ཁྱད་དུ་འཕགས་པའི་སྙན་ངག་ཅིག་གང་ན་ཡང་ཡོད་དཀའ་མོད། སྙན་ངག་ཅེས་པ་ཆང་གཏམ་དང་། གཉིད་ལབ་རྒྱག་པ་བཞིན་མགོ་རྔ་འཆོལ་ཅིང་གཏན་ཁེལ་མེད་པར་གང་དྲན་བྱུང་རྒྱལ་དུ་གློད་ན། དབྱངས་ཅན་ངག་གི་རིག་པ་ལ་དམའ་ཕབ་པ་ཡིན་ལ། སྙན་ངག་གི་མཛེས་སྡུག་དངོས་ལ་བསླུ་བྲིད་བཏང་བ་ཡང་ཡིན་ནོ།།
ཆང་གིས་མྱོས་པའི་ནུས་པ་དང་སྨན་གྱིས་སྦྲིད་པའི་ནུས་པ་ལྟ་བུའི་སེམས་ཀྱི་རྦ་ཀློང་འཁྲིགས་པའི་གཡོ་སྐྱོམ་དྲག་པོ་འཚོ་བའི་བར་གསེང་དག་ནས་འགོག་མེད་དུ་འཕྱུར་བ་དང་། ད་དུང་དྲན་པས་གདུང་བ་དང་སྐྱོ་བས་གཟིར་བའི་ཚོར་འདུ་ཡོད་ཚད་སྙན་ངག་གི་བླ་སྲོག་ཡིན་ལ། བླ་སྲོག་དེ་དག་ཡལ་བར་དོར་པའི་ཚིག་བསྒྲུགས་ཙམ་ནི། ཁུངས་འདེད་ས་མེད་པའི་ངག་འཁྱར་རམ་གར་འོང་མི་ཤེས་པའི་ཁ་འཁྲུག་ཙམ་དུ་ཟད་དོ།།
བཞི།
དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བ་ནས་ད་ལྟའི་བར་གྱི་བོད་ཀྱི་རྩོམ་རིག་གསར་བའི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན། ནུབ་གླིང་ནས་རྒྱ་ནག་ལ་དར་པའི朦胧诗སྟེ་རབ་རིབ་སྙན་ངག་གི་རྗེས་སུ་བརྒྱུགས་ནས་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་ནས་དགུ་བཅུའི་བར་བོད་སོག་གི་གཞོན་ནུ་རེ་འགས་ཀྱང་གོང་དུ་དྲངས་པའི་སྙན་ངག་དེ་འདྲ་བྲིས་ཏེ། གོ་རྒྱུ་དང་བཀླག་རྒྱུ་ཡོད་མདོག་བསྟན་ཡོད།
དུས་དེ་ཤེད་དུ། ལ་ལས་རབ་རིབ་སྙན་ངག་བྲིས་ཏེ་བཀྲམ་པ་ན་ཀློག་པ་པོ་དག་གིས་ཅི་ཡང་མི་གོ་ཡང་གཞན་གྱིས་འདིས་"སྙན་ངག་མི་ཤེས་"ཟེར་ཏེ་འཕྱ་བར་དོགས་ནས་གོ་མདོག་བསྟན་པ་དང་། རྩོམ་སྒྲིག་པ་ལ་ལས་ཀྱང་གཞན་གྱིས་འཕྱ་བར་དོགས་ནས་གོ་མདོག་བསྟན་ཏེ་དུས་དེབ་ཏུ་བཀོད་པ་དང་། དོན་ཅི་ཡང་མི་གོ་བའི་དཔྱད་བརྗོད་པ་ལ་ལས་ཀྱང་གཞན་གྱིས་འཕྱ་བར་སྐྲག་ནས་རབ་རིབ་སྙན་ངག་དེ་དག་གོ་མདོག་བསྟན་ཏེ། རབ་རིབ་སྙན་ངག་གི་དགེ་སྐྱོན་གླེང་བ་རེད།
དོན་དམ་དུ་རབ་རིབ་སྙན་ངག་རྩོམ་པ་པོ་དང་ཀློག་པོ་དག་ནི་ཏན་མེ་རྒྱལ་ཁབ་ཀྱི་བྱིས་སྒྲུང་རྩོམ་པ་པོ་གྲགས་ཆེན་ཨན་ཐོའུ་ཧྲན་གྱིས་མཛད་པའི《གོང་མའི་ནབ་བཟའ་གསར་བ》འི་ནང་གི་རྒྱལ་པོ་དང་བློན་པོ། ད་དུང་ལྟད་མོ་བ་བཅས་ཀྱིས་གོང་མའི་མནབ་བཟའ་གསར་བའི་མཚར་སྡུག་རི་མོའི་མཛེས་ཉམས་ལ་བསྔགས་པ་བརྗོད་པ་དང་གཉིས་སུ་མེད་དོ།།
ཡིན་ཡང་བོད་ཀྱི་རྩོམ་པ་པོ་རེ་འགས་རང་གཤིས་དོད་པའི་སྙན་ངག་བྲིས་ཏེ། བོད་ཀྱི་རྩོམ་རིག་གསར་བའི་བར་ཆད་དུ་གྱུར་པའི་རབ་རིབ་སྙན་ངག་དེ་དག་གི་ལམ་གོལ་ཡོངས་སུ་སེལ་ནས་རྩོམ་རིག་སྤྱི་དང་སྒོས་སུ་སྙན་ངག་གི་འཕྲིན་ལས་ཅུང་དར་བཞིན་པའི་སྐབས་འདིར་སླར་ཡང་རབ་རིབ་སྙན་ངག་གི་རྗེས་སུ་རྐང་བ་འཇོག་པའི་བྱིས་འཁོར་ཁྱུ་དང་ཁྱུ་བྱས་ཏེ་མང་དུ་འབྱུང་རྒྱུའི་སྟ་གོན་མཐོང་ལ། རབ་རིབ་སྙན་ངག་གི་བར་ཆད་དེ་དག་སླར་ཡང་བོད་ཀྱི་རྩོམ་སྟེགས་སུ་འབྱུང་རྒྱུ་ཡིན་པ་འདྲ་བས་མེ་ལོང་མ་ལས་འཕྲོས་པའི་ཁ་བརྡ་ཐོར་བུ་འདི་སྨོས་པ་ཡིན།
ལྔ།
མཇུག་ཏུ་བོད་ཀྱི་སྙན་ངག་གསར་བའི་ཁ་ཕྱོགས་བརྟན་པའི་རྩོམ་པོ་སྐོར་ཞིག་སྙན་ངག་གསར་བ་ལ་དགའ་བའི་གཞོན་ནུ་དག་ལ་མིག་ལྟོས་སུ་མིང་ཙམ་རེ་མཚམས་སྦྱོར་བྱས་ན།
སྤྱིར་ཡི་དམ་ཚེ་རིང་ལགས་ཀྱི་སྙན་ངག་དག་ནི་ཕལ་ཆེ་བ་རྒྱ་ཡིག་ཡིན་ལ། བོད་སྐད་དུ་བསྒྱུར་པའི་<ཁ་བའི་ལྗོངས།>དེ་ནི་འགྱུར་ཤིན་ཏུ་མི་ལེགས་པས་བཀླགས་མ་བཀླགས་ཀྱང་མི་འདུག
དེ་ལས་གཞན། འཇུ་སྐལ་བཟང་། སྨན་བླ་སྐྱབས། འབྲོང་། བ་རེས། འཆི་མེད། ཁྲི་སེམས་དཔའ། སྐྱབས་ཆེན་བདེ་གྲོལ་བཅས་ཀྱི་སྙན་ངག་འགའ་རེ་ལ་ནི་གསར་རྩོམ་གྱི་ལམ་ཕྱོགས་བརྟན་ཅིང་། ཚོར་བ་རྣོ་བའི་ཁྱད་ཆོས་ཡོད་ལ། བསྡུས་བརྗོད་དང་རང་བཞིན་བརྗོད་པ་གང་ཡིན་ཡང་ཀློག་པ་པོ་ལ་སེམས་འགྱུ་ཤུགས་དྲག་པོ་སློང་ནུས་པའི་ཁྱད་ཆོས་ཡོད།
ཁོང་ཅག་གི་སྙན་ངག་འགའ་རེ་འདིར་དྲངས་ཏེ་འདྲེན་ཚིག་གམ་ཕྲན་དཔྱད་ཉུང་བསྡུས་རེ་བཀོད་དེ་དཔེ་མཚོན་དུ་བཞག་ཀྱང་ཆོག་མོད་མང་དྲག་པས་བསྐྱུར་ཏོ།།
ཕྲན་གྱིས་དུས་ཡུན་རིང་བོའི་ནང་བོད་ཀྱི་སྙན་ངག་གསར་བ་མང་བོ་ཞིག་ཞིབ་པར་བཀླགས་པའི་ཉམས་མྱོང་ལྟར་ན། གོང་སྨོས་ཀྱི་སྙན་ངག་པ་འདི་དག་གི་སྙན་ངག་འགའ་ཞིག་ལ་ནི། བོད་ཀྱི་གཤིས་ཀ་ཡོད་པར་མ་ཟད། མི་རང་ཉིད་ཀྱི་གཤིས་ཀ་ཡང་ཡོད་པས་དུས་རབས་ཉེར་གཅིག་པའི་སྙན་ངག་གསར་བའི་ཁྱད་ཆོས་ཀྱང་ཡར་ལྡན་དུ་ཚང་ཡོད་སྙམ་ནས་མཚན་ཙམ་སྨོས་པ་སྟེ། ཉེས་པར་གྱུར་པ་ཐམས་ཅད་བཟོད་པར་གསོལ་ལ། རྣམ་དཀར་ལེགས་པའི་ཆ་ཕྲན་བུ་རེ་མཆིས་ན་དེ་ནི་སྙན་ངག་གསར་བའི་འཕྲིན་ལས་སུ་བསྔོས་པ་སྟེ། སརྦ་མངྒཱ་ལམ།།