logo

“དགུ་ཐུག་”སྐོར་གླེང་བ།

རྩོམ་པ་པོ།:ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-03-03 ཀློག་གྲངས།:


དབྱིབས་མི་འདྲ་བའི་དགུ་ཐུག

             ལོ་རེའི་གནམ་ལོ་གསར་དུ་འཆར་རྒྱུའི་ཉི་མ་གཉིས་ཀྱི་གོང་སྟེ།ལོ་རྙིང་པའི་ཟླ་བ་མཐའ་མ་དེའི་ཚེས་ཉི་ཤུ་དགུ་ཡི་དགོང་མོ་ནི་ལྗོངས་ཡོངས་སུ་ལོ་གཅིག་གི་འགལ་རྐྱེན་སེལ་བར་དམིགས་ནས་གླུད་རྫོངས་བྱེད་པའི་ཡུལ་སྲོལ་རྒྱ་ཁྱབ་ཆེ་བ་ཞིག་ཡོད་པ་དེ་ལ་དགུ་ཐུག་ཅེས་འབོད།དེ་ནི་གནའ་རབས་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་དར་བའི་གདོད་མའི་ཡུལ་གོམས་ཀྱི་རྒྱུན་མཐུད་པ་ཞིག་ཡིན་པར་སྣང་།གང་ཡིན་ཞེ་ན།དེ་ལ་སྤྱིར་བཏང་ཁྱིམ་ཚང་དྲག་ཞན་སུ་ཡིན་རུང་བན་བོན་སྔགས་པ་སོགས་གདན་མི་འདྲེན་ལ།ཆོ་ག་དང་ཆོས་འདོན་པ་སོགས་ཀྱང་མི་བྱེད་པ་དེའི་ཐོག་ནས་ཆེས་གནའ་བོའི་ཡོངས་ཁྱབ་དམངས་སྲོལ་ཞིག་ཡིན་པ་མཚོན་གྱི་ཡོད།གཞི་རྐང་གདོན་འདྲེ་ཕྱིར་འབུད་བྱེད་པ་དེ་ནི་རྨོངས་དད་དང་འབྲེལ་བ་ལོས་ཡིན་མོད།འོན་ཀྱང་དེ་ལྷ་དང་བླ་མར་གསོལ་བ་འདེབས་པ་སོགས་གཞན་ལ་རེ་ལྟོས་བྱེད་པ་ཞིག་མ་ཡིན་པར་རང་ཁྱིམ་གྱི་ནང་མི་ཕོ་མོ་རྒན་གཞོན་ཚང་མ་མདུང་ཤུགས་གཅིག་སྒྲིལ་གྱིས་གདོན་བགེགས་ལ་ཕར་རྒོལ་བྱེད་སྲོལ་དེའི་ཐོག་ནས་གནའ་དུས་ཀྱི་མེས་པོ་ཚོས་འགལ་རྐྱེན་མཐའ་དག་ལ་མགོ་མི་སྒུར་བའི་དཔའ་ཉམས་མཚོན་པ་ནི་དུས་སྟོན་འདིའི་བསམ་པའི་འཁྱེར་སོའི་ཐོག་གི་ཁྱད་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན་པ་བཅས་དམངས་སྲོལ་དགུ་ཐུག་གི་སྤྱིའི་བརྗོད་གཞི་ཙམ་ལགས་སོ།།ཞིབ་ཕྲའི་བྱེད་སྒོའི་སྐོར།མང་ཚོགས་ཀྱི་ཡུལ་སྲོལ་ནི་ཡུལ་གྲུ་སོ་སོའི་གོམས་གཤིས་དང་འཕེལ་འགྱུར་ལ་བརྟེན་ནས་རྒྱས་བསྡུད་སོགས་ཞིབ་ཕྲའི་དར་སྲོལ་ཐད་ཅུང་ཟད་འདྲ་མིན་གྱི་ཁྱད་པར་ཡོད་ངེས་པས་ཐམས་ཅད་གྲིས་བཅད་པ་ལྟ་བུའིགཅིག་གྱུར་ཡིན་དགོས་པའི་ངོས་འཛིན་བྱེད་མི་རུང་།འདིར་གཙོ་བོ་དབུས་གཙང་དང་དེའི་ནང་ནས་བདག་རང་ལ་དངོས་མྱོང་ཆ་རྒྱུས་ཡོད་པའི་གཙང་སྟོད་ཁུལ་གྱི་དགུ་ཐུག་གཏོང་སྲོལ་རྩ་བར་བཟུང་ནས་ཞུ་རྒྱུ་ཡིན།ཐོག་མར་བོད་ཟླ་མཐའ་མ་དེའི་ཚེས་ཉེར་དགུ་ཉིན་རྒྱུན་གཏན་གྱི་བྱ་བ་གཞན་བཞག་ནས་ཁང་ཁྱིམ་རེ་རེ་བཞིན་ལ་གད་བདར་གཙང་སྦྲ་ཞིབ་ཚགས་བྱེད་པ་དང་ལྷག་པར་ཐབ་ཚང་ལ་ལོ་གཅིག་དུས་གཅིག་གི་དུ་དྲེག་སོགས་གཙང་འཕག་བྱེད་པ་དེ་ནི་དོན་དངོས་ལ་ལོ་གསར་དགའ་གཏོང་བྱེད་པའི་གཙང་སྤྲ་འཕྲོད་བསྟེན་གྱི་བྱ་བ་ཞིག་ཀྱང་ཡིན།དེ་ནས་དགོང་དྲོ་སླེབས་དུས་གྲྭ་སྒྲིག་གཉིས་བྱེད་དགོས་པའི་གཅིག་ནི་དུས་སྟོན་དེའི་མིང་དང་མཐུན་པར་ཁྱིམ་ཚང་ཆེ་ཆུང་མེད་པ་ཚང་མས་ཐུག་པ་བག་ཐུག་བསྐོལ་བ་དེ་ཡིན་ཅིང་།དེ་ལ་དམིགས་བསལ་དོ་སྣང་བྱེད་དགོས་པ་ནི་བག་ཚ་བཟོ་སྐབས་རྒྱུན་གཏན་དང་མི་འདྲ་བ་སྟེ།མིའི་བསམ་པ་དང་སྤྱོད་ཚུལ་བཟང་ངན་མཚོན་བྱེད་གྲོ་ཞིབ་ལས་ཉི་ཟླ་སོགས་གཟུགས་དབྱིབས་ཁག་ཅིག་བཟོ་བ་དང་།བག་ཚ་གཞན་དག་ལས་ཆེ་ཙམ་བྱས་པའི་ཕྱི་དབྱིབས་གཅིག་མཚུངས་ཀྱི་ནང་དུ་མཚོན་རྫས་རྫས་སྣ་ཚོགས་བཅུག་པ་ཁག་ཅིག་བཅས་བཟོ་སྲོལ་རྣམས་ཀྱི་དབྱིབས་མིང་དང་།མཚོན་རྫས་སྣེ་རིགས།མཚོན་དོན་བཟང་ངན་གྱི་འགྲེལ་བཤད་བཅས་རེའུ་མིག་གཤམ་གསལ།གྲོ་ཞིབ་ལས་བཟོས་པའི་དབྱིབས་གཟུགས་སྣ་ཚོགས་ཀྱི་དཔེ་མཚོན་དང་འགྲེལ་བཤད་རགས་ཙམ་གྱི་རེའུ་མིག 

དཔེ་དབྱིབས་རི་མོ།       མིང་དང་འགྲེལ་བཤད།

  ཉི་མ། གཟི་བརྗིད་དང་སྙན་གྲགས་ཆེན་པོ་མཚོན།

  ཟེ་མ་ར་མགོ་ཟེར་སྤྱོད་པ་ངན་པས་ཀུན་ལ་ཟུག་པ་མཚོན།

  ཟླ་བ།གཟི་བརྗིད་དང་སྙན་གྲགས་ལྡན་པ་མཚོན།

  མ་ནུས་རྩེ་ཀྱོག་ཟེར་ལས་ཀ་མི་བྱེད་པར་མཇིང་པ་ཀྱོག་ནས་སྡོད་པ་མཚོན།

  བླ་མ་དཀོན་མཆོག་ཟེར་དྲང་བདེན་དང་ལྷག་བསམ་རྣམ་དག་མཚོན།

  ཡར་སྙུང་མར་སྙུང་ཟེར་ཕྲ་མ་དང་དཀྲུག་ཤིང་བྱེད་པ་མཚོན།

  དམ་ཆོས་པུ་ཏི་ཟེར་ཤེས་རིག་དང་ཡོན་ཏན་ལྡན་པ་མཚོན།

  ལྟོགས་སླ་རྩེ་སྙུང་ཟེར་ཟ་འདོད་ལྟོགས་ཤེད་ཆེ་བ་མཚོན།

  གདན་ཆུང་གྲུ་བཞི་ཟེར་དལ་དལ་ལྷོད་ལྷོད་ཡོང་བ་མཚོན།

       ཌ་མ་རུ།ཡིད་བརྟན་མེད་པའི་ངོ་གཉིས་མ་མཚོན།

  སྡུག་གྲོད་སྒོར་མོ་ཟེར་ལྟོ་རྒྱགས་ཚད་བཟས་ཏེ་ཉལ་ནས་སྡོད་པ་མཚོན།

  ལན་ཆགས་རྒྱབ་ཁུལ་ཟེར་ནལ་རྗ་འཁྱེར་བའམ་བཟོ་བ་མཚོན།

 
བག་ཚ་ཆེ་ཆུང་བཟོ་དབྱིབས་གཅིག་ལྟར་གྱི་ནང་རྫས་དང་མཚོན་དོན་འགྲེལ་བཤད་རེའུ་མིག

ནང་རྫས།     དེའི་མཚོན་དོན་བཟང་ངན་གྱི་འགྲེལ་བཤད།  

རྡོ་དཀར་གོང་།       སེམས་བཟང་བ་མཚོན་ཟེར། 

སུ་པན།     ཀུན་ལ་ཁ་ཚ་བ་མཚོན་ཟེར།

བལ་དཀར་པོ། བློ་སྣ་རིང་བ་གཤིས་བཟང་མཚོན་ཟེར།  

ཤོག་བུ།       རྐུན་མ་ཤུག་ཤུག་བརྐུ་བ་མཚོན་ཟེར།

སྐུད་པ་ནང་སྒྲིམ།    སེམས་ནུས་ནང་ལ་སྒྲིམ་པ་མཚོན་ཟེར། 

སྲན་རིལ།    མགོ་བདེ་པོ་མཚོན་ཟེར།

སྐུད་པ་ཕྱི་སྒྲིམ། བློ་རྩེ་ཕྱི་ལ་འདོན་པ་མཚོན་ཟེར།

ཙོང་། སྟུག་དྲི་ཚ་བ་མཚོན་ཟེར།

དཀར་ཡོལ། ལྟོ་ལ་དཀར།ལས་གཡོལ་ཟེར།  

ཚྭ། རྐུབ་ལ་ཚྭ་དོས་སྦྱར་བ་ཟེར་སྒུལ་འཚེར་མཚོན་ཟེར།

སོལ་བ། སེམས་གནག་པ་མཚོན་ཟེར།  

ཁུལ་བུ།    བློ་སྣ་ཐུང་བ་སྟེ་གཤིས་ཀ་ངན་པ་མཚོན་ཟེར།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།