“དགུ་ཐུག་”སྐོར་གླེང་བ།
དེ་ལྟར་མཚོན་དོན་ཅན་གྱི་དབྱིབས་གཟུགས་དང་ནང་རྫས་བླུག་པ་དེ་དག་དང་ཐོག་མེད་མེ་མདག་སྟེང་རགས་ཙམ་བསྲེག་པ་དེ་ནི་བཀོལ་སྐབས་བཟོ་དབྱིབས་མི་འགྱུར་བ་དང་།ནང་རྫས་ཅན་གྱི་བག་ཚ་རྣམས་མི་འདུར་བའི་ཆེད་དུ་ཡིན།དེ་མིན་ཐུག་སྡོར་ཤ་དང་།ལ་ཕུགཕྱུར་བ།ད་དུང་གྲོ་མ་དང་།སྲན་སྦོས།སྔོ་ཚོད་སོགས་ཟས་རིགས་སྣེ་ཁ་དགུ་དགོས་པ་བཅས་ཁོག་མ་ཆེན་པོའི་ནང་གོ་རིམ་བཞིན་བླུགས་ནས་བཀོལ་བ་དང་།ཕྱོགས་གཞན་ཞིག་ནས་གླུད་རྫོང་ནི་རྫ་ཁོག་ཆག་པོའམ།ལྕགས་ཁག་སོགས་ནོར་དུ་མི་ཉན་པའི་ཡོལ་གོ་ཞིག་གི་ནང་རྗེན་ཟན་གང་རུང་ལས་མི་གཟུགས་ཀྱི་སྙིགས་རོ།ཁྱིམ་ནང་གད་འཕྱིས་བྱས་པའི་གད་སྙིགས་ཕྲན་བུ།ནང་མི་རྒན་གཞོན་ཚང་མས་ལག་གཉིས་སུ་ཟན་གྱི་ཆང་བུ་རེ་བཟུང་སྟེ་སོ་སོའི་སྤྱི་གཙུག་ནས་རྐང་པའི་བར་ལ་དྲིལ་ཕྱིས་བྱེད་བཞིན་དུ་ངག་ནས་“ཨ་ཚ་ཚ་བ།ཨ་ན་ན་བ།ལས་ཀྱི་ན་ཚ།སེམས་ཀྱི་སྡུག་བསྔལ།ལོ་གཅིག་ཟླ་བ་བཅུ་གཉིས།ཞག་མ་སུམ་བརྒྱ་དྲུག་ཅུ་ལ་ནད་རིགས་བཞི་བརྒྱ་རྩ་བཞི།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གླུད་ཁྱོད་ཀྱིས་འཁྱེར་ལ།ཕྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོང་ཞིག་”ཟེར་བ་སོགས་བརྗོད་མཐར་ལག་གཉིས་ཀྱིས་ཆང་བུ་དམ་པོར་བསྡམས་ནས་ལག་རྗེས་བཞག་པ་དེ་ལ་མཆིལ་མ་བཏབ་སྟེ་ངར་གླུད་ཀྱི་མཐའ་སྐོར་དུ་སྐྱུར་བ་སོགས་བྱེད་པ་ཡིན།དེ་ནས་ཉི་མ་བཞུད་ཙམ་ལ་ནང་མི་ཚང་མ་རྒན་གཞོན་གོ་བབ་ཀྱི་གྲལ་ལ་འཁོད་པའི་དཀྱིལ་དུ་གྲེས་ཐག་སྒྲིམ་པོ་ལས་བཟོས་པའི་ཁོག་སྟེགས་སྒོར་མོ་བཞག་པའི་སྟེང་ཐུག་ཁོག་ཕབ།སྔར་སྲོལ་ལྟར་ན་བག་ཐུག་བླུག་དུས་སྒམ་ནན་ཧ་ཅང་ཆེན་པོ་བྱེད་པ་སྟེ།ནང་གི་ཨ་མའམ་ཡང་ན་མ་བྱན་གྱི་མིག་གཉིས་དར་རས་དཀར་པོས་བཀབ་ཐོག་ལག་གཡས་པར་ཟར་བུ་བཟུང་།ལོ་གཞོན་གཞན་དག་གིས་ནང་མིའི་ཕོར་པ་རྣམས་རེ་རེ་བཞིན་ཁོང་གི་ལག་གཡོན་མར་སྤྲད་མཚམས་ཟར་བས་དཀྲུག་སྐོར་ཐེངས་གསུམ་རེ་བས་ཏེ་ཕོར་པའི་ནང་བླུགས་པ་སོ་སོར་བཀྱེ།ཐུག་ཐེངས་དང་པོ་བླུག་ཟིན་རྗེས་མ་བྱན་གྱི་མིག་རས་བཀྲོལ་རྗེས་ཚང་མས་བག་ཐུག་ཟ་ཞིང་།སྔ་ཚུད་ནས་སྡེར་མ་གཉིས་ཁྱིམ་བདག་རྒན་རབས་ཀྱི་མདུན་དུ་བཞག་ཡོད་པས་སོ་སོའི་ཕོར་པའི་ནང་ནས་མཚོན་དོན་བཟང་ངན་རིགས་གང་ཐོན་པ་རྣམས་རྒན་རབས་ཀྱི་མདུན་དེར་འབུལ་དགོས།མཚོན་དོན་བཟང་བ་རྣམས་སྡེར་མ་གཡས་ཕྱོགས་དང་ངན་རིགས་རྣམས་གཡོན་ཕྱོགས་སྡེར་མའི་ནང་འཇོག་པ་མ་ཟད།ཐོན་རིམ་བཞིན་ཚང་མས་བཞད་གད་དང་གླེང་མོ་ད་དིར་དུ་སྒྲོག་པས་བཞུགས་གྲལ་བག་དྲོ་བར་འགྱུར་རོ།དེ་ལྟར་མི་རེས་ཉུང་མཐར་བག་ཚ་ཕོར་པ་དོ་རེ་འཐུང་དགོས་ཤིང་།རྗེས་མ་དེར་བཟའ་འཕྲོ་ཕྲན་བུ་བཞག་ནས་གླུད་ཀྱི་རྫ་ཁོག་ནང་དགུ་ཐིགས་བརྒྱབ་སྟེ་བླུག་དགོས།ཚང་མ་བག་ཐུག་བཟས་ཟིན་མཚམས་མཚོན་དོན་ངན་པ་བསགས་པའི་སྡེར་མ་དེའི་ནང་ཡོད་རྣམས་ཀྱང་གླུད་ཁོག་ནང་སྐྱུར་བ་དང་མཚོན་དོན་བཟང་གྲས་ཡོད་པའི་སྡེར་མ་དེ་ཡང་སྟེང་གོ་གོང་ལའི་ཐོག་སྐྱེལ་དགོས།གླུད་རྫོང་དངོས་གཞི་ནི།ས་སྲིབ་པ་དང་ནང་མི་གཞོན་གྲས་སྐྱེས་པ་གཉིས་ཀྱིས་སྐྱ་ཚེར་རམ།ཡང་ན་གྲོ་སོག་ཕོན་པོ་དབྱུག་པ་རིང་པོའི་མགོར་བསྡམས་པ་ལ་མེ་སྤར་ནས་ཁང་མིག་ཚང་མའི་ནང་ཞིབ་བཤེར་གྱིས་“ཤོག་མར”ཟེར་བའི་ང་རོ་དྲག་པོ་སྒྲོག་བཞིན་དུ་གདོན་འདྲེ་རྣམས་སྡོད་ཐབས་མེད་པ་ལྟ་བུའི་དྲག་འདེད་བྱེད་པ་དང་།བུད་མེད་གཞོན་གྲས་གཅིག་གིས་གླུད་ཁོག་ཁྱེར་ནས་ཕྱིར་ཐོན་པའི་རྗེས་སུ་མེ་ཚེར་གྱིས་འདེད་ཅིང་།ཁྱིམ་ཚང་ཆེ་བ་ཚོས་སྒོ་ཕྱིར་བོད་མདའ་ཡང་རྒྱག་སྲོལ་ཡོད།ནང་མི་རྒན་གྲས་ཚོས་ལག་གཉིས་ཀྱིས་བཟློག་པ་དྲག་པོ་རྡེབས་པ་དང་བཅས་གླུད་རྫོངས་པ་ཕྱིར་ཐོན་མ་ཐག་ཕྱི་སྒོ་དམ་པོར་གནོན་དགོས།གླུད་རྫོངས་སུ་འགྲོ་མཁན་རྣམས་ཀྱིས་གཟབ་ནན་བྱེད་དགོས་པ་ནི།ཕར་ལམ་ཚང་མས་རང་ཁྱིམ་ལ་ཕྱིར་བལྟས་སློག་རྒྱུ་མེད་པ་དང་།ཚུར་ལོར་སྐབས་གླུད་གཡུགས་ས་དེར་ཕྱིར་མིག་བལྟ་མི་རུང་བ་དེ་ནི་གདོན་བགེགས་རྣམས་ཁྱིམ་དུ་བསྐྱར་ལོག་མི་ཡོང་བའི་ཆེད་དུ་ཡིན་ཟེར།གླུད་ཁོག་དེ་ལམ་བཞི་མདོ་ཁར་གཡུགས་ཏེ་མི་ཚེར་ཡང་དེའི་ཐོག་ཏུ་སྤུངས།དུས་མཚུངས་ཉེ་འདབས་གྲོང་པ་ཡས་མས་ཀྱི་གླུད་རྫོངས་པ་རྣམས་ཀྱང་དེ་གར་མཉམ་འཛོམས་ཀྱིས་མེ་ཕུང་ཆེན་པོའི་མཐའ་སྐོར་ནས་དགྲ་བགེགས་ལས་རྣམ་པར་རྒྱལ་བའི་མཚོན་བྱེད་དུ་སྒོར་གཞས་ཀྱང་རྒྱག་སྲོལ་ཡོད།ཁྱིམ་ཚང་དུ་ཡོད་པའི་ནང་མི་ཚོས་སྒོ་ནང་དུ་སྐྱ་ཚེར་ཕུང་པོ་གཅིག་དང་།གཡས་གཡོན་དུ་རྩམ་པ་ཟོ་བ་གང་དང་ཆུ་ཟོམ་སྐྱོགས་བཅས་གྲ་སྒྲིག་བྱེད་དགོས།གླུད་ཁོག་རྫོངས་མཁན་རྣམས་ཚུར་འཁོར་ནས་སྒོ་འགྲམ་དུ་སླེབས་མཚམས་སྒོ་ཕྱེ་རོགས་ཞེས་ཟེར་སྐབས་ནང་ཕྱོགས་ནས་ང་ཚོའི་སྒོ་ལ་སྒོ་བཤད་དགོས་ཟེར་བར་ཕྱིར་ཡོད་རྣམས་ཀྱིས་སྒོ་བཤད་གདངས་དང་བཅས་ནས་གཏོང་སྲོལ་ཡོད།དེའི་གཞན་ཚིག་ནི་“སྒོ་ཕྱེ།སྒོ་ཕྱེ།ཡས་ཐེམ་སེར་པོའི་གསེར་ལ་བྱས་ཡོད།སྒོ་ཕྱེ། ××མས་ཐེམ་སྔོན་པོའི་གཡུ་ལ་བྱས་ཡོད།སྒོ་ཕྱེ། ××མེ་ལོང་ཙན་དན་དམར་པོས་བྱས་ཡོད།སྒོ་ཕྱེ།སྒོ་ཕྱེ།××དབྱེ་ཤིང་པོའི་དུང་ལ་བྱས་ཡོད།སྒོ་ཕྱེ།××” ཞེས་གཏོང་བ་ཡིན།སྐབས་དེར་སྒོ་ནང་གི་མི་ཚོས་ཚེར་ཕུང་ལ་མེ་སྤར།ཆུ་རྩམ་སོགས་གྲྭ་སྒྲིག་ལེགས་པར་བྱས་ཏེ་རྒྱ་སྒོ་ཕྱེ་མ་ཐག་ཕྱི་ཕྱོགས་ནས་ཕོ་གཞོན་མོ་གཞོན་ཚོས་གཅིག་རྗེས་གཉིས་མཐུད་མྱུར་སྟབས་ཀྱིས་མེ་ཕུང་ལ་འགམས་ནས་ནང་དུ་མཆོང་ཡོང་བར་ནང་མི་ཚོས་གཡས་ནས་རྩམ་པ་དང་གཡོན་ནས་ཆུ་བཅས་བྲེལ་འཚབ་ཆེན་པོས་བཤོ་སྲོལ་ཡོད།དེ་ནི་གདོན་འདྲེ་ཕྱི་བཞིན་འབྲངས་ཡོང་ན་འགོག་པའི་ཆེད་དུ་ཡིན་ཟེར།དེ་ནི་གདོན་འདྲེ་ཕྱི་བཞིན་འབྲངས་ཡོང་ན་འགོག་པའི་ཆེད་དུ་ཡིན་ཟེར།དེ་ནས་ནང་མི་ཡོངས་རྫོགས་གྲལ་ལ་འཁོད་པ་དང་།ཐོག་མར་དགུ་ཐུག་གི་མཚོན་དོན་བཟང་བ་ཐོན་རིགས་རྣམས་ལ་བུ་མོ་ཚོས་བསྟོད་ཚིག་གི་གཞས་དང་བཅས་ལེགས་ཆང་འདྲེན་པ་དང་།དེ་རྗེས་མཚོན་དོན་ངན་པ་ཐོན་རིགས་སོ་སོར་ཆད་ཆང་སྟེར་བ་མ་ཟད།ཁོང་ཚོ་རེ་རེ་བཞིན་ནས་ཁེར་རྐྱང་གིས་གཞས་སམ།རྣམ་ཐར།ཞབས་བྲོ་གང་རུང་ཞིག་འབུལ་དགོས།གལ་སྲིད་རྐང་བྲོ་གླུ་གཞས་རང་སྐྱ་འཕེར་བ་ཞིག་འབུལ་མ་ཐུབ་ན་བྱ་དེའམ་བོང་བུའི་སྐད་སོགས་རྒྱག་ཏུ་བཅུག་ཐོག་སླར་ཡང་ཆད་ཆང་སྟེར་སྲོལ་ཡོད།ད་དུང་ཁྱིམ་ཚང་རྩེད་འཇོ་ལ་དགའ་བ་ལ་ལར་ལན་ཆགས་རྒྱབ་ཁུར་ཐོན་མཁན་ལ་སྒལ་པར་སྔས་རིལ་བསྐུར་ནས་ཡར་འགྲོ་མར་འགྲོ་བྱེད་དུ་འཇུག་པ་དང་།ཟེ་མ་ར་མགོ་ཐོན་མཁན་གྱི་གདོང་ལ་ཁྲུ་ནག་བྱུགས་ཏེ་ཁ་རྩོད་རྒྱག་སྟངས་འཁྲབ་ཏུ་འཇུག་པ།ཙོང་ཐོན་མཁན་ལ་བསང་ཕོར་སྤྲད་ནས་བཞུགས་གྲལ་ལ་བསང་བདུགས་བྱེད་དུ་འཇུག་པ།ཤོག་བུ་ཐོན་མཁན་ལ་ཅོག་རྩེའི་སྟེང་ནས་དངུལ་ཛར་འཇབ་ནས་ལེན་དུ་འཇུག་པ་སོགས་ཀྱང་བྱེད་སྲོལ་བཅས་མདོར་ན་བཞུགས་གྲལ་ཡོངས་རྫོགས་ཧབ་ཆ་བཞད་གད་དང་གླུ་གཞས་ཀྱི་སྒྲས་གང་བཞིན་པར་ནམ་ཕྱེད་ཙམ་གྱི་བར་དགའ་རྩེད་ཀྱི་དཔལ་ལ་རོལ་བ་ཡིན་ནོ།ཁྱིམ་ཚང་ཚང་མས་རྒྱས་བསྡུས་ལ་མ་ལྟོས་པར་ལོ་མཇུག་གི་དུས་སྟོན་དེ་དགའ་སྐྱིད་ངང་སྐྱེལ་བའི་དམིགས་ཡུལ་ནི།རང་ཁྱིམ་དང་ནང་མི་ཡོངས་རྫོགས་ཀྱི་མི་འདོད་པའི་འགལ་རྐྱེན་མཐའ་དག་གཙང་མར་སེལ་ནས་ལོ་གསར་བ་དེ་དེ་བས་བདེ་སྐྱེད་དང་ཕུན་སུམ་ཚོགས་པ་ཞིག་ཡོང་བར་བསུ་བ་ཞུ་བ་དེ་ཡིན།
དམངས་སྲོལ་དུས་སྟོན་དེ་ལ་དཔྱད་ཙམ་བྱས་པ།
བྱ་རིམ་དེ་རྣམས་ལས་མེ་འོད་ལ་བརྟེན་ནས་གནོད་བྱེད་ཀྱི་དགྲ་བགེགས་མཐར་བསྐྲོད་པ་དེ་ནི།གདོད་མའི་དུས་སུ་གནའ་མི་ཚོས་སྟག་གཟིག་དོམ་དྲེད་ལ་སོགས་པ་གཅན་ཟན་གྱི་གདོན་པ་བྱུང་དུས་མེ་ཕུང་ཆེན་པོའི་འོད་ཀྱིས་རང་ཕྱོགས་སྲུང་བའམ།ལག་ཏུ་དཔལ་འབར་ཐོགས་ནས་ཕྱིར་འབུད་བྱེད་པའི་གོམས་སྲོལ་དེ་རྒྱུན་འཛིན་བྱས་པ་གསལ་པོར་མངོན་ཞིང་།མི་གཟུགས་ཀྱི་ངར་གླུད་བཅོས་ནས་རྫོངས་པ་དེ་ནི་གནའ་རབས་ཀྱི་བོན་ལུགས་དར་བ་ནས་བྱུང་བ་དང་།བླ་མ་དཀོན་མཆོག་དང་དམ་ཆོས་པུ་ཏི་ཟེར་བ་ནི་སངས་རྒྱས་ཆོས་ལུགས་དར་བ་ནས་བྱུང་བ་མཚོན་པ།བོད་མདའ་རྒྱག་པ་དེ་ནི་སྔ་དུས་རྒྱ་སོགས་སྤུན་ཟླ་མི་རིགས་ཀྱི་འབྲེལ་བ་བྱུང་བ་ལས་བསྣན་པ་བཅས་དུས་རབས་རིམ་བྱུང་དང་བསྟུན་ནས་འཕེལ་འགྱུར་བྱུང་བ་མཚོན་གྱི་ཡོད།འདིར་དམིགས་སུ་བཀར་ནས་དཔྱད་པ་བྱེད་འོས་པ་ཞིག་ནི།དགུ་ཐུག་ནང་བཟང་ངན་གྱི་མཚོན་དོན་དབྱིབས་རྫས་སྣ་ཚོགས་བཟོ་བའི་དམངས་སྲོལ་ཡ་མཚན་ཅན་དེ་ཡིན།ཕར་བལྟས་ན་དེ་དག་རྨོངས་འདུན་ནམ་བྱིས་པའི་རོལ་རྩེད་ལྟ་བུ་དགོད་བྲོ་བ་ཞིག་ཏུ་མཐོང་སྲིད་མོད།འོན་ཀྱང་ཞིབ་ཏུ་དཔྱོད་སྐབས་དེ་ནི་གླེན་རྨོངས་ཅོལ་ཆུང་གི་སྲོལ་རྙིང་ཙམ་ཁོ་ན་མ་ཡིན་པར་བསམ་ཞིབ་བྱ་དགོས་པའི་རྒྱུ་རྐྱེན་མི་ཉུང་བ་ཞིག་འདུག་སྙམ།དེ་ཡང་སྤྱི་ཚོགས་ཧྲིལ་པོས་གཙིགས་ཆེན་བྱེད་པའི་དམངས་སྲོལ་གྱི་དུས་སྟོན་དེ་ལྟ་བུའི་གོ་སྐབས་དང་བསྟུན་ནས་རང་རེའི་གནའ་དུས་ཀྱི་མེས་པོ་ཚོས་བསམ་གཞིགས་ནན་ཏན་གནང་སྟེ་བབ་ཆགས་ལ་གོ་བ་ལོན་བདེ་བའི་སྒོ་ནས་དགོས་པ་ཅན་གྱི་ཡུལ་སྲོལ་དེ་ལྟ་བུ་ཞིག་གཏོད་པ་ཚོར་གྱིན་འདུགའདི་ནི་སྐྱེ་བོ་བྱེ་བྲག་པ་ལ་དམིགས་པ་ཞིག་མིན་པར་སྤྱི་ཚོགས་ཡོངས་ཀྱི་བསམ་བློ་དང་ཀུན་སྤྱོད་ལེགས་སྤེལ་ཉེས་འགོག་ཡོང་བའི་བྱ་ཐབས་ཁྱད་པར་བ་ཞིག་ཡིན་སྙམ།གཞི་རྐང་ཚང་མས་ཤེས་གསལ་ལྟར།མཚོན་དོན་བཟང་ངན་དེ་དག་སུ་ལ་ཐོན་པ་དེ་ནི་སྟེས་དབང་ཞིག་ལས་བདེན་འཛིན་གྱི་གཞི་གང་ཡང་མེད་པ་ལོས་ཡིན།འོན་ཀྱང་ཡུལ་སྲོལ་གྱི་བག་ཆགས་ཟབ་མོ་དང་སྤྱི་ཚོགས་ཀྱི་མི་ཚང་མས་དོ་གལ་ཆེན་པོ་བྱེད་པའི་ཤུགས་རྐྱེན་འོག་མི་རྣམས་ལ་རང་གི་ཕོར་བའི་ནང་བག་ཚ་བླུག་སྐབས་རེ་དོགས་གཉིས་ལྡན་གྱི་འཚབ་ཤ་སྙིང་ག་གཡུག་པ་ཙམ་ཞིག་སྐྱེ་བ་མ་ཟད།མཚོན་དོན་བཟང་ངན་གང་རུང་ཐོན་དུས་སྐབས་ཤིག་རིང་དོན་དངོས་ཀྱི་རྒྱལ་ཕམ་བྱུང་བ་ལྟ་བུའི་དགའ་ཚོར་རམ།ཡང་ན་ངོ་གནོང་བའི་བསམ་པ་ཞིག་དབང་མེད་དུ་འཆར་བ་དེས་དྲན་ཤེས་ཀུན་གཞིའི་ངོས་སུ་བསུབ་དཀའ་བའི་ཤུལ་རྗེས་ཤིག་འཇོག་པ་དང་།ཐ་ན་ལ་ལར་འཁྲུལ་སྣང་བདེན་འཛིན་གྱི་དགའ་སྐྱོ་ཡང་འཆར་སྲིད་པ་བཅས་ལ་བརྟེན་སྐབས་རེ་བྱ་བ་དངོས་དང་འཕྲད་སྐབས་བསམ་པའི་ཤུགས་རྐྱེན་དེ་རིགས་ཀྱིས་ནུས་པ་བཟང་པོའང་ཐོན་ཐུབ་པ་ཡིན།དཔེར་ན་གཉེན་སྒྲིག་བྱ་རྒྱུ་ཡིན་པའི་དམན་ཤར་ཞིག་ལ་“ལན་ཆགས་རྒྱབ་ཁུར་” ཟེར་བ་དེ་ཐོན་ན་རྒྱུ་མཚན་མེད་ཀྱང་སྐབས་དེ་རང་ལ་ངོ་ཚ་དང་ཞེད་སྣང་ཆེན་པོ་སྐྱེ་བ་མ་ཟད།རྗེས་སུ་སྐྱེས་པ་གཞན་གྱིས་ཁ་མཚར་དང་རྩེད་འཇོ་བྱེད་སྐབས་མཚོན་དོན་དེ་དྲན་ནས་དོགས་ཟོན་དང་བཅས་གཡོལ་ཐབས་བྱ་རྒྱུར་དྲན་བསྐུལ་འབྱུང་སྲིད་པ་དང་།དེ་བཞིན་མི་ཞིག་ལ་“བླ་མ་དཀོན་མཆོག་” ཟེར་བའི་མཚོན་དོན་དེ་ཐོན་ནས་ནང་མི་ཚོས་བསྟོད་བསྔགས་བྱེད་སྐབས་རང་ཉིད་དྲང་བདེན་ཅན་མཚོན་པའི་དགའ་སྤྲོ་སྐྱེ་ཞིང་།ནམ་ཞིག་ལུགས་འགལ་སྒེར་ཕན་གྱི་གོ་སྐབས་ཡ་མཚན་ཞིག་དང་ཕྲད་སྐབས་ཁོས་གཡོ་ཁྲམ་ཚུལ་མིན་གྱི་བྱ་ངན་ལ་མི་འཇུག་པར་རང་ཚུགས་བཟུང་རྒྱུར་ཕན་པ་ཡོང་སྲིད།ཡང་སྐབས་རེ་རྐུ་མ་རྩག་རྩིག་རྐུ་མྱོང་བའི་མི་ཞིག་ལ་“བག་ཚའི་ནང་ཤོག་བུ་བཅུག་པ” དེ་ཐོན་ན་མནོང་ཐོག་ཏུ་འཁེལ་བས་གཞན་དང་མི་འདྲ་བའི་ངོ་ཚ་དང་བློ་འགྱོད་སྐྱེ་ངེས་ཤིང་།དེས་རྐྱེན་པས་སླད་སྤྱོད་ངན་དེ་སྤོང་རྒྱུར་བསྐུལ་མ་ཐེབས་པའང་ཡོང་སྲིད་པ་སོགས་ནི་དཔེ་མཚོན་ཙམ་ཡིན་ཅིང་།དེ་དང་དེ་འདྲ་བའི་གནས་བབ་དང་ཆ་རྐྱེན་འོས་འཚམ་ཞིག་འཛོམས་པའི་སྐབས་མཚོན་དོན་དེ་རིགས་ཀྱིས་མ་བསྐུལ་རང་རྟོགས་ལ་ཕན་པ་སྣ་ཚོགས་ཐོན་སྲིད་པ་མ་ཟད།དེ་བས་གལ་ཆེ་བ་ནི་རིག་གནས་དང་སློབ་གསོ་དར་ཁྱབ་ཞན་པའི་བོད་རྙིང་པའི་ནང་ཀུ་རེ་དང་བཞད་གད་ཀྱི་རྣམ་པའི་ཁྲོད་དུ་ལོ་ཆུང་རྣམས་ལ་བསྟོད་འོས་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་གང་དང་གང་ཡིན་པ་དང་།སྨད་པར་འོས་ཤིང་ངོ་ཚ་དགོས་པའི་སྤྱོད་ཚུལ་གང་དང་གང་ཡིན་པ་བཅས་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་སློབ་ཚན་གསོན་པ་ཞིག་གི་ནང་དུ་ལུས་ངག་ཡིད་གསུམ་རང་འགུལ་ངང་འཇུག་པའི་མངོན་མེད་སློབ་གསོའི་ཐབས་མཁས་ཀྱི་བྱ་བ་ཞིག་ཡིན་པ་མཐོང་ཐུབ།ཁོ་བོས་དེ་ལྟར་བརྗོད་པ་ནི་རིག་གནས་སློབ་གསོ་དང་ཚན་རིག་གི་ལག་ལེན་སོགས་འཕེལ་རྒྱས་ཆེ་ཙམ་བྱུང་བའི་དེང་རབས་སུ་དུས་ལས་ཡོལ་ཟིན་པའི་གནའ་རབས་ཀྱི་བྱ་ཐབས་དེ་རིགས་དར་སྤེལ་གཏོང་དགོས་ཟེར་བ་རྩ་བ་ནས་མ་ཡིན་པས་གོ་བ་དེ་ལྟ་བུ་ལེན་ག་ལ་རུང་།འདིར་བཤད་པའི་དགོས་པ་དངོས་ནི་རང་རེས་མི་རིགས་ཀྱི་དམངས་ཁྲོད་ཡུལ་སྲོལ་ད་ལྟའང་མང་ཚོགས་ཀྱི་ནང་ཁྱབ་གདལ་དུ་གནས་པ་རྣམས་ལ་ཞིབ་འཇུག་བྱེད་སྐབས་དབྱེ་ཞིབ་ཅི་ཡང་མ་བྱས་པར་ཚང་མ་རྨོངས་དད་དང་གླེན་རྟགས་འབའ་ཞིག་རེད་ཅེས་སྟབས་བདེའི་སྡོམ་ཚིག་བཟོ་རྒྱུ་མེད་པར་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་འཛིན་གང་ཐུབ་བྱས་ཏེ་སྤྱིར་ན་མི་རིགས་སོ་སོའི་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དོ་མི་སྙོམས་པ་དང་།ལོ་རྒྱུས་ཀྱི་དུས་རབས་རིང་པོའི་ནང་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་སྤྱི་ཚོགས་ཀྱི་བག་ཆགས་ཀྱང་རྙོག་འཛིངས་ཆེ་བ་བཅས་ལ་བརྟེན་དུས་སྐབས་དེ་དང་དེའི་ཡུལ་དུས་དངོས་ལ་དཔགས་ཏེ་ཆགས་པའི་དམངས་སྲོལ་གྱི་ཁྲོད་ནས་སྤྱོད་གོ་ཆོད་ལ་ཕན་འབྲས་ཐོན་པའི་རིགས་ཀྱི་འབྱུང་རྐྱེན་ལ་དབྱེ་ཞིབ་བརྟག་དཔྱད་བྱས་ན་རང་རེས་དམངས་སྲོལ་འཚོལ་ཞིབ་དང་།གྲོས་བསྡུར།ཞིབ་འཇུག་སོགས་བྱེད་པའི་ལས་ཀར་ཕན་འབྲས་དངོས་སུ་ཐོན་པ་མ་ཟད།བོད་རིགས་པར་ཞིབ་འཇུག་དང་སྤྱི་ཚོགས་ཀྱི་སློབ་གསོའི་བ་གཞག་གཉེར་མཁན་རྣམས་ལ་དཔྱད་གཞི་བཟང་པོ་མཁོ་འདོན་བྱེད་ཐུབ་པ་བཅས་ཀྱི་དོན་དུ་ཡིན།འོན་ཀྱང་རང་གི་ཤེས་ཚད་དམན་པའི་དབང་གིས་ནོར་འཁྲུལ་དང་སྐྱོན་ཆ་ཅི་རིགས་ཡོང་རྒྱུ་ནི་གཡོལ་ཐབས་མེད་པར་བརྟེན་མཁས་དབང་རྣམ་པ་དང་འབྲེལ་ཡོད་བློ་མཐུན་ཚང་མས་ཡོ་སྲོང་གི་སློབ་སྟོན་ཡོད་པ་ཞུ་རྒྱུ་ཡིན་ནོ།།