logo

བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོའི་ཟིན་བྲིས།

རྩོམ་པ་པོ།:ལྡོང་ཡོན་ཏན་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-02 ཀློག་གྲངས།:
    ཡང་འགའ་རེས་འཇིག་རྟེན་སྲིད་ལུགས་ཀྱི་ངོས་ནས་བཤད་ན་ལོ་རྒྱུས་འདི་ཤེས་གལ་ཆེ་བའི་ཚུལ་བདེན་དུ་ཆུགས་ཀྱང་། ཐར་བ་དོན་དུ་གཉེར་བའི་གང་ཟག་ལ་མཁོ་གལ་མི་ཆེ་བར་སྙམ་ན་དེ་ཡང་མི་འགྲིགས་ཏེ། རྒྱལ་བའི་གསུང་རབ་ཡན་ལག་བཅུ་གཉིས་ནང་གི་གླེང་གཞི་དང་། རྟོགས་བརྗོད། སྐྱེས་རབས་སོགས་ཀྱང་ལོ་རྒྱུས་རིག་པའི་ཁོངས་སུ་བསྡུ་ཆོག་ལ་དེ་དག་ཐར་བ་དོན་གཉེར་གྱི་གང་ཟག་ལ་མི་མཁོ་ཞེས་སུ་ཞིག་གིས་སྨྲ། གཞན་མདོ་རྒྱུད་རིག་གནས་གང་ཡིན་ཡང་དེ་དང་དེའི་བྱུང་འཕེལ་སོགས་ཁུངས་བཙུན་པའི་ཚུལ་ལེགས་པར་ཤེས་ན་གཞུང་དེ་ལ་ལྷག་པར་དད་ཅིང་སྦྱོང་འདོད་ཆེ་བ་དང་། ཕྱི་སྣོད་འཕོ་འགྱུར་དང་ནང་བཅུད་ཀྱི་བདེ་སྡུག་སོགས་སྔོན་ཅི་བྱུང་གི་ལོ་རྒྱུས་ངག་ནས་བརྒྱུད་པ་ཐོས་པའམ་གླེགས་བམ་དུ་བསྡེབས་པ་མཐོང་བ་ལས་འཇིག་རྟེན་མི་རྟག་པའི་རང་གཤིས་དང་འཁོར་བ་སྡུག་བསྔལ་བའི་རང་བཞིན་དུ་ངེས་ཤེས་རྙེད་པ་ལའང་ཤིན་ཏུ་ཕན་པ་ཡིན་ཏེ། མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་བོ་དཔག་ཏུ་མེད། །ཅེས་སྔོན་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་དང་བརྒྱད་ཁྲི། དྲུག་ཁྲི། བཞི་ཁྲི་ལ་སོགས་པ་ཐུབ་མྱོང་ཡང་མཐར་ཚེ་ལོ་བཅུ་ལས་མི་ཐུབ་པའི་དུས་འབྱུང་བའི་ཚུལ་ལ་བསམ་སྟེ་འཛམ་བུ་གླིང་གི་ཚེ་ལ་ངེས་པ་མེད་པར་ཤེས་པ་དང་། མི་རྟག་པའི་ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་བ་སྨོས་ཅི་དགོས། །ཞེས་སྒྲིབ་གཉིས་སྤངས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་འཛམ་གླིང་རྒྱན་དྲུག་མཆོག་གཉིས། རྒྱ་གར་གྲུབ་ཆེན་བརྒྱད་ཅུ་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་བྱོན་མྱོང་ཡང་ད་ལྟ་གཅིག་ཀྱང་མི་བཞུགས་པའི་ཚུལ་ལ་བསམ་སྟེ་འཆི་བདག་ངེས་པར་འོང་ཞིང་དེ་ཡང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པའི་ངེས་ཤེས་རྙེད་དགོས་ནའང་དེ་དང་དེའི་ལོ་རྒྱུས་མི་ཤེས་ཐབས་མེད་ཡིན་པ་བཞིན་ནོ། །དེའི་ཕྱིར་མདོ་སྨད་ཆོས་འབྱུང་ལས་ཀྱང་། ལུགས་གཉིས་དཔལ་གྱིས་མཐོ་བ་སྔོན་རབས་ཀྱི། །ཕྲེང་བ་ཡངས་པའི་ས་ཆེན་མཛེས་པའི་རྒྱན། །དུས་ཀྱི་རིམ་པས་གནས་སྐབས་གཞན་གྱུར་བ། །ཀྱེ་མ་མི་རྟག་སྟོན་པའི་སློབ་དཔོན་ཉིད། །ཅེས་གསུངས་སོ། །
བཞི་བ། གནའ་དེང་ལོ་རྒྱུས་ཀྱི་གཞུང་ལུགས།
     འོ་ན་དེ་ལྟ་བུའི་སྔོན་རབས་ལོ་རྒྱུས་སྟོན་པའི་གཞུང་གྲགས་ཆེ་བ་བོད་གངས་ཅན་གྱི་ལྗོངས་འདིར་ཅི་ཙམ་ཡོད་ཅེ་ན། མཐའ་དག་པ་འདིར་བརྗོད་ག་ལ་ནུས་ཏེ་མི་ནུས་མོད། གཙོ་ཆེ་བ་འགའ་ངོ་སྤྲོད་པར་བྱའོ།། དེ་ཡང་ས་སྒང་རིལ་མོ་འདིར་འཁོད་པའི་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་དེ་དང་དེ་ལ་རང་རང་གི་བྱུང་འཕེལ་དང་བསྟུན་པའི་ངག་ཐོག་དང་ཡིག་ཐོག་གི་ལོ་རྒྱུས་རྒྱས་བསྡུས་ཅི་རིགས་རེ་ནི་ངེས་པར་དུ་ཡོད་ལ། དེ་ཡང་བསྐལ་བ་ཡ་ཐོག་གི་ལྷ་སྒྲུང་དང་གཏམ་རྒྱུད། གཏམ་དཔེ། རྩེད་རིག་དང་གླུ་ཤགས་སོགས་ཀྱིས་མཚོན་པའི་ངག་ཐོག་ལོ་རྒྱུས་དང་གཞུང་ལུགས་ཀྱི་རྣམ་པའི་ཡིག་ཐོག་ལོ་རྒྱུས་སོགས་མང་བོ་ཞིག་བྱུང་བ་ལས།
    བོད་ཀྱི་དབང་དུ་བྱས་ན། འགྲོ་བ་མིའི་བྱུང་ཚུལ་དང་རུས་གྱེས་སྟངས། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་། མ་སངས་སྒྲུང་། མཆིལ་བའི་སྒྲུང་སོགས་ལྷ་ཀླུ་གཉན་གསུམ་སོགས་དང་འབྲེལ་བའི་ངོ་མཚར་བའི་གཏམ་རྒྱུད་དང་། སྲིད་པ་ཆགས་གླུ། སྲིད་པའི་བ་ཆུང་བཤའ་གླུ། ཨ་མཚར་མཚར་དགུ། ཨ་ཆགས་ཆགས་དགུ། གཉའ་ཁྲིའི་ཡབ་ཀྱི་ལོ་སྟོད་ལྷ་རབས་དང་། ཁོང་གི་སྒྲུང་། གྲི་གུམ་དང་བློན་པོ་མགར་གྱི་སྒྲུང་སོགས་ལོ་རྒྱུས་མཚོན་པའི་ངག་ཐོག་གི་སྒྱུ་རྩལ་ཆེས་མང་བོ་ཞིག་བྱུང་ལ། གཞུང་ལུགས་ཀྱི་རྣམ་པའི་ལོ་རྒྱུས་སྔ་ཤོས་ནི། ཅན་ལྔ་སྟེ། ཡོ་ག་༼ཡི་གེ།༽ལྷ་གྱེས་ཅན་དང་། ༼གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་མི་ཡུལ་དུ་བབས་པར་བཤད་པའི་བོན་པོའི་ལོ་རྒྱུས་ཀྱི་གཞུང་ཞིག༽ཟངས་མ་གཞུག་རལ་ཅན། ༼སྤུན་པའམ་སྤུན་མོ་ཅན་ཞེས་པའང་འདུག་སྟེ། བླ་ན་བཞུགས་པ་བཅོ་བརྒྱད་ཀྱི་བཤད་པ་ཡབ་འབངས་ཀྱིས་བརྩམས་པ་ཞིག་ཡིན་ཚུལ་གསལ།༽ལྟབ་མ་༼འདབ་མ༽དགུ་བརྩེགས་ཅན། ཟིང་པོ་མགོ་སྔོན་ཅན། ༼སྣ་ཚོགས་ཅན་ཞེས་པ་འདུག་སྟེ་ལོ་རྒྱུས་ཟང་ཟིང་སྣ་ཚོགས་བསྟན་པ་ཞིག་ཡིན་པར་གསུངས།༽གསང་བ་ཕྱག་རྒྱ་ཅན་བཅས་ཡོད་ཚུལ་དུས་རབས་བཅུ་གཉིས་པའི་ནང་དུ་བརྩམས་ངེས་པའི་ལོ་རྒྱུས་ཏེ་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་དང་ཉང་རལ་ཆོས་འབྱུང་། སྦ་བཞེད་སོགས་སུ་གསལ་ལ་མཁར་རྨེའུ་བསམ་གཏན་གྱིས་དེ་དག་གི་བཤད་པ་ཞིག་ཀྱང་བྲིས་འདུག
    གཞན་བོད་ཀྱི་རྒྱལ་རབས་སོ་གཉིས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་མ་ཎི་བཀའ་འབུམ་དང་བཀའ་ཆེམས་ཀ་ཁོལ་མ། བློན་པོས་བཀོད་པའི་ཟླ་བ་འདོད་འཇོ། བཙུན་མོས་བཀོད་པའི་དཀར་ཆག་དར་དཀར་གསལ་བ་རྣམས་ནི་ཆེས་སྔ་ཤོས་ཀྱི་ལོ་རྒྱུས་ཡིག་ཆར་བགྲངས་སོ། ། ༼ཕྱི་མ་གསུམ་སྤྱི་ལོ ༡༠༤༨ ལོར་མཉམ་མེད་ཇོ་བོ་རྗེས་ལྷ་སའི་གཙུག་ལག་ཁང་གི་ལྷ་ཁང་ཀ་བ་ཤིང་ལོ་ཅན་གྱི་གསེབ་ནས་བཏོན།༽
    གཞན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གསུངས་ཤིང་ཕྱིས་སུ་སྤྱི་ལོ ༡༢༨༥ ལོར་ཡབ་རྗེ་ཨོ་རྒྱན་གླིང་བས་བསམ་ཡས་གཙུག་ལག་ཁང་དུ་གཏེར་ནས་བཏོན་པའི་བཀའ་ཐང་སྡེ་ལྔ། ༼བཀའ་ཐང་ལ་ཡར་རྗེ་ཨོ་རྒྱན་གླིང་བའི་བཀའ་ཐང་སྡེ་ལྔ་དང་། ཡར་རྗེ་ཨོ་རྒྱན་གླིང་བའི་བཀའ་ཐང་ཤེལ་བྲག་མའམ་པད་མ་བཀའ་ཐང་། སངས་རྒྱས་གླིང་བའི་བཀའ་ཐང་གསེར་གླིང་མ། མངའ་བདག་ཉིང་ཉི་མའི་འོད་ཟེར་གྱི་བཀའ་ཐང་ཟངས་གླིང་མ་བཅས་རིགས་འགའ་ཡོད།༽སད་མི་མི་བདུན་གྱི་ཡ་གྱལ་སྦ་གསལ་སྣང་ངམ་སྦ་ཡེ་ཤེས་དབང་བོས་མཛད་པའི་སྦ་བཞེད་དམ་བསམ་ཡས་ཀྱི་དཀར་ཆག་ཆེན་མོ། ༼འདི་ལ་རིགས་འགའ་ཞིག་དང་དག་མ་དག་གི་བཤད་པའང་མང་བོ་ཡོད།༽ དུས་རབས་བཅུ་གཅིག་པའི་ནང་དུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པའི་ལོ་རྒྱུས་ཆེན་མོ། སྤྱི་ལོ ༡༠༥༡ ལོར་མཉམ་མེད་ཇོ་བོ་རྗེས (༩༨༢-༡༠༥༤) མཛད་པའི་བསྟན་རྩིས། སྤྱི་ལོ ༡༡༡༧ ལོར་རྔོག་བློ་ལྡན་གྱི་སློབ་མ་ཞང་ཚེ་སྤོང་ཆོས་ཀྱི་བླ་མས་མཛད་པའི་བསྟན་རྩིས། ཉང་ཉི་མ་འོད་ཟེར་གྱིས ༼༡༡༢༤-༡༡༩༢༽ མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད། ལྡེའུ་སྟོན་ཆོས་འབྱུང་། སྤྱི་ལོ ༡༡༤༣ ལོར་ཉང་བྲན་ཆོས་ཀྱི་ཡེ་ཤེས་ཀྱིས་མཛད་པའི་བསྟན་རྩིས། སྤྱི་ལོ ༡༡༨༤ ལོར་དགེ་བཤེས་ནམ་མཁའ་བློ་གྲོས་ཀྱིས་མཛད་པའི་བསྟན་རྩིས། དུས་རབས་བཅུ་གཉིས་པའི་ནང་ལྡེའུ་ཇོ་སྲས་ཀྱི་ལྡེའུའི་ཆོས་འབྱུང་། མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང་རྒྱས་པ། ས་ཆེན་གྲགས་པ་རྒྱལ་མཚན་གྱི་རྒྱལ་རབས། སྤྱི་ལོ ༡༢༤༢ ལོར་སྙེ་ཐང་བ་གྲགས་པ་སེང་གེས་མཛད་པའི་བསྟན་རྩིས། དུས་རབས་བཅུ་གསུམ་པའི་ནང་བློ་གྲོས་ཐོགས་མེད་ཀྱིས་མཛད་པའི་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱིས་མཛད་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་ཇོ་ནང་བའི་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར། སྤྱི་ལོ ༡༢༥༧ ལོར་བཅོམ་ལྡན་རིག་རལ་གྱི་སློབ་མ་འཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་བསྟན་རྩིས། སྤྱི་ལོ ༡༢༧༥ ལོར་འཇམ་དབྱངས་བློ་གྲོས་སེང་གེས་མཛད་པའི་བསྟན་རྩིས་མདོ་རྒྱུད་ལུང་གསལ། སྤྱི་ལོ ༡༢༧༥ ལོར་འགྲོ་མགོན་འཕགས་པས ༼༡༢༣༥-༡༢༨༠༽མཛད་པའི་བོད་ཀྱི་རྒྱལ་རབས་བསྡུས་པ། སྤྱི་ལོ ༡༢༨༦ ལོར་བྱང་ཇི་སྟོན་པ་ཤེས་རབ་འབུམ་གྱིས་མཛད་པའི་རྒྱལ་རབས་དཔག་བསམ་ལྗོན་ཤིང་། སྤྱི་ལོ ༡༣༢༢ ལོར་བུ་སྟོན་རིན་ཆེན་གྲུབ་(༡༢༩༠-༡༣༦༤) ཀྱིས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་དང་ཡང་ཁོང་གི་དུས་འཁོར་ཆོས་འབྱུང་། སྤྱི་ལོ ༡༣༢༨ལོའམ་ཡང་ན ༡༣༨༨ ལོར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པར་གྲགས་པའི་རྒྱལ་རབས་གསལ་བའི་མེ་ལོང་། སྤྱི་ལོ ༡༣༤༣ ལོར་ནེལ་པ་པཎྡི་ཏ་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པའི་ནེལ་པ་ཆོས་འབྱུང་། ནེལ་པ་པཎྡི་ཏས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། ཚལ་བ་ཀུན་དགའ་རྡོ་རྗེས་༼༡༣༠༩-༡༣༦༤༽མཛད་པའི་དེབ་ཐེར་དམར་བོ། ༼གཞུང་འདི་སྤྱི་ལོ ༡༣༤༦ ལོར་བརྩམ་འགོ་བཟུང་ཚུལ་གསལ་བ་ལས་ནམ་གྲུབ་ཀྱི་ལོ་ཚིགས་གསལ་ཞིབ་ཅིག་མ་རྙེད། ཁོང་ལ་དེབ་ཐེར་དཀར་བོ་ཞེས་པ་ཞིག་ཀྱང་ཡོད་སྣང་།༽སྤྱི་ལོ ༡༣༥༥ ལོར་རྒྱལ་ལྷ་ཁང་བ་བློ་གྲོས་སེང་གེས་མཛད་པའི་བསྟན་རྩིས་མདོ་རྒྱུད་ལུང་གསལ། སྤྱི་ལོ ༡༣༦༢་ལོ་ཡས་མས་སུ་ཀུན་མཁྱེན་ཀློང་ཆེན་པས་བརྩམས་པར་གྲགས་པའི་ཆོས་འབྱུང་། ལོ་དེར་ཏཱ་སིབྱང་ཆུབ་རྒྱལ་མཚན་གྱིས་སྣེ་གདོང་བསྟན་འགྱུར་བཞེངས་པའི་དཀར་ཆག་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། སྤྱི་ལོ ༡༣༧༡ ལོར་ཆོས་སྒོ་བ་ཤཱི་བ་བྷ་དྲས་མཛད་པའི་ཆོས་འབྱུང་མཐོང་བ་དོན་ལྡན། སྤྱི་ལོ ༡༣༧༦ ལོར་ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་སྡེས་མཛད་པའི་ཡར་ལུང་ཆོས་འབྱུང་།
    སྤྱི་ལོ ༡༤༡༧ ལོར་སྤྱན་སྔ་དོན་གྲུབ་དཔལ༼༡༣༦༤-?༽གྱིས་མཛད་པའི་ཀམ་ཀམ་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད། སྤྱི་ལོ ༡༤༡༩ ལོར་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཕག་གྲུའི་ཆོས་འབྱུང་མིག་འབྱེད་འོད་སྟོང་། སྤྱི་ལོ ༡༤༣༤ ལོར་སྟག་ཚང་བ་དཔལ་འབྱོར་བཟང་བོས་མཛད་པའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སྤྱི་ལོ ༡༤༤༦ ལོར་རྟ་ཚག་དཔོན་ཚང་ཚེ་དབང་རྒྱལ་གྱིས་མཛད་པའི་ལྷོ་རོང་ཆོས་འབྱུང་། སྤྱི་ལོ ༡༤༧༤ ལོར་དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པའི་ཆོས་འབྱུང་ཐོས་པའི་རྒྱ་མཚོ་དད་པའི་ངང་མོ་རྣམ་པར་རྩེ་བ། སྤྱི་ལོ ༡༤༧༦ ལོར་འགོས་ལོ་གཞོན་ནུ་དཔལ ༼༡༣༩༢-༡༤༨༡༽གྱིས་དེབ་ཐེར་སྔོན་པོ་རྩོམ་འགོ་བཟུང་ཞིང་༡༤༧༨ ལོར་གྲུབ། སྤྱི་ལོ ༡༤༩༤ ལོར་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག༼བསྟན་རྩིས་ལ་ལར་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ཞེས་ཀྱང་འབྱུང་། གཞན་པཎ་ཆེན་ཡེ་ཤེས་རྩེ་མོའི་བཀའ་གདམས་ཆོས་འབྱུང་དང་། དབུས་པ་བློ་གསལ་གྱི་བཀའ་གདམས་ཆོས་འབྱུང་སོགས་ཡོད་ཀྱང་གོང་གི་གཞུང་དེ་རྒྱས་ཤོས་སུ་འདུག༽ ལོ་དེར་བྱ་ཡུལ་སྣ་རྣམ་པ་སྐལ་བཟང་ཆོས་ཀྱི་རྒྱ་མཚོས་མཛད་པའི་སྟོན་པ་བདེ་བར་གཤེགས་པའི་སྤྱོད་པ་མཆོག་གི་གཏེར།
    སྤྱི་ལོ ༡༥༡༦ ལོར་དགའ་ལྡན་ཁྲི་རབས་བཅུ་བཞི་བ་རིན་ཆེན་འོད་ཟེར་༼༡༤༥༣-༡༥༤༠༽གྱིས་མཛད་པའི་བསྟན་རྩིས་གསལ་བའི་སྒྲོན་མེ། སྤྱི་ལོ ༡༥༢༣ ལོར་རི་བོ་ཆེ་ཆོས་རྗེ་དབང་ཕྱུག་གིས་མཛད་པའི་མ་ཐང་ཆོས་འབྱུང་མུ་ཏིག་ཕྲེང་བ། སྤྱི་ལོ ༡༥༢༩ ལོར་དགའ་ལྡན་ཁྲི་རབས་བཅོ་ལྔ་བ་པཎ་ཆེན་བསོད་ནམས་གྲགས་པས་༼༡༤༧༨-༡༥༥༤༽མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དང་། ༡༥༣༨ ལོར་བརྩམས་པའི་དེབ་ཐེར་དམར་བོ་གསར་མའམ་མིང་གཞན་རྒྱལ་རབས་འཕྲུལ་གྱི་ལྡེ་མིག གཞན་ཡང་ཁོང་གི་འདུལ་བའི་ཆོས་འབྱུང་། སྤྱི་ལོ ༡༥༦༤ ལོར་དཔའ་བོ་གཙུག་ལག་ཕྲེང་བ་༼༡༥༠༤-༡༥༦༦༽མཆོག་གིས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན། སྤྱི་ལོ ༡༥༦༦ ལོར་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་༼༡༥༢༣-༽མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད། སྤྱི་ལོ ༡༥༨༡ ལོར་འབྲུག་པ་པད་མ་དཀར་བོས་༼༡༥༢༧-༡༥༩༦༽མཛད་པའི་བསྟན་པ་རྒྱས་པའི་ཉིན་བྱེད། སྤྱི་ལོ ༡༥༨༧ ལོར་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་བསྟན་རྩིས།
    སྤྱི་ལོ ༡༦༠༦ ལོར་ཞང་ཞུང་བ་བཤེས་གཉེན་དཔལ་འབྱོར་གྱིས་མཛད་པའི་ཆོས་འབྱུང་མཁས་པའི་ཡིད་འཕྲོག སྤྱི་ལོ༡༦༠༨ ལོར་ཇོ་ནང་ཏཱ་ར་ནཱ་ཐས་༼༡༥༧༥-༡༦༣༤༽མཛད་པའི་རྒྱ་གར་ཆོས་འབྱུང་དང་༡༦༣༡ ལོར་མཛད་པའི་འཇིགས་བྱེད་ཆོས་འབྱུང་། གཞན་ཁོང་གིས་མཛད་པའི་མྱང་ཆོས་འབྱུང་། སྤྱི་ལོ༡༦༠༨ ལོར་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ། སྤྱི་ལོ ༡༦༡༤ ལོར་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་གྱིས་མཛད་པའི་བསྟན་རྩིས། སྤྱི་ལོ ༡༦༢༩ ལོར་ས་སྐྱའི་བདག་ཆེན་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་དང་༡༦༤༡ ལོར་མཛད་པའི་མགོན་པོ་གུར་གྱི་ཆོས་འབྱུང་། སྤྱི་ལོ ༡༦༤༠ ལོར་ཕན་བདེ་སྤྲུལ་སྐུ་ཤཱཀྱ་ལྷ་དབང་གིས་མཛད་པའི་ཞལ་སྔ་བཀའ་བརྒྱུད་ཀྱི་ཆོས་འབྱུང་། སྤྱི་ལོ ༡༦༤༣ ལོར་རྒྱལ་དབང་ལྔ་བ་ཆེན་མོས༼༡༦༡༧-༡༦༨༢༽མཛད་པའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། སྤྱི་ལོ ༡༦༨༥ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་༼༡༦༥༣-༡༧༠༥༽མཛད་པའི་བཻ་དཀར་དང་༡༦༨༩ ལོར་མཛད་པའི་གཡའ་སེལ། ༼གཞུང་འདི་གཉིས་ཀྱི་ནང་དུ་སྐར་ནག་རྩིས་ཀྱི་ལོ་རྒྱུས་སོགས་ཤིན་ཏུ་མང་།༽གཞན་ཡང་ལོ་དེར་མཛད་པའི་བཀའ་འགྱུར་དཀར་ཆག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད། ཡང་ཁོང་གིས་༡༦༩༨ ལོར་མཛད་པའི་བཻ་སེར་རམ་དགེ་ལྡན་ཆོས་འབྱུང་། ཤར་སྐལ་ལྡན་རྒྱ་མཚོའི་མདོ་སྨད་ཆོས་འབྱུང་ཚིགས་བཅད་མ།
    སྤྱི་ལོ ༡༧༡༤ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པས་༼༡༦༤༨-༡༧༢༡༽མཛད་པའི་འཇིགས་བྱེད་ཆོས་འབྱུང་དང་༡༧༡༥ ལོར་མཛད་པའི་བསྟན་རྩིས་རེའུ་མིག སྤྱི་ལོ ༡༧༣༣ ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་༼༡༧༠༠-༡༧༧༤༽ ཀྱིས་མཛད་པའི་སྡེ་དགེའི་བཀའ་འགྱུར་དཀར་ཆག སྤྱི་ལོ ༡༧༤༤ ལོར་ཕུར་ལྕོག་ངག་དབང་བྱམས་པ་རིན་པོ་ཆེས་༼༡༦༨༢-༧༦༢༽མཛད་པའི་གདན་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཀྱི་དཀར་ཆག སྤྱི་ལོ ༡༧༤༩ ལོར་སུམ་པ་མཁན་ཆེན་༼༡༧༠༤-༧༨༨༽གྱིས་མཛད་པའི་རྒྱ་གར་དང་རྒྱ་ནག་སོག་ཡུལ་བོད་བཅས་ཀྱི་ལོ་རྒྱུས་འཁོད་པའི་བསྟན་པ་སྤྱིའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཡང་ལོ་དེར་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་༼༡༦༩༧-༧༧༤༽གྱིས་མཛད་པའི་སྡེ་དགེའི་བསྟན་འགྱུར་དཀར་ཆག སྤྱི་ལོ ༡༧༤༩ ལོར་ཀཿཐོག་རིག་འཛིན་ཆེན་མོ་ཚེ་དབང་ནོར་བུས་༼༡༦༩༨-༧༥༥༽མཛད་པའི་མངའ་རིས་གུང་ཐང་གི་རྒྱལ་རབས། སྤྱི་ལོ ༡༧༦༠ ལོར་གུ་ཤྲྀ་ཆོས་ཀྱི་བློ་བཟང་དོན་འགྲུབ་ཀྱིས་མཛད་པའི་བསྟན་རྩིས། སྤྱི་ལོ ༡༧༧༠ ལོར་ལྕང་སྐྱ་རོལ་བའི་རྡོ་རྗེས་༼༡༧༡༧-༧༨༦༽མཛད་པའི་རི་བོ་རྩེ་ལྔའི་དཀར་ཆག ཡང་ཁོང་གིས་མཛད་པའི་ཙན་དན་ཇོ་བོའི་ལོ་རྒྱུས། སྤྱི་ལོ ༡༧༧༣ ལོར་ཀུན་མཁྱེན་འཇིགས་མེད་དབང་བོས་༼༡༧༢༨-༧༩༡༽ མཛད་པའི་ཅོ་ནེའི་བསྟན་འགྱུར་དཀར་ཆག གཞན་ཁོང་གི་དགེ་ལྡན་ཆོས་འབྱུང་ནོར་བུའི་ཕྲེང་བ་རྩོམ་འཕྲོ་ཅན། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ། སྤྱི་ལོ ༡༧༨༢ ལོར་འཇོག་རི་ངག་དབང་བསྟན་འཛིན་༼༡༧༤༨-?༽མཛད་པའི་གུང་ཐང་དཔལ་གྱི་བྱུང་རབས་དང་བཅས་པའི་དཀར་ཆག་འགྲོ་མགོན་ཞལ་ལུང་བདུད་རྩིའི་ཆུ་རྒྱུན། སྤྱི་ལོ ༡༧༨༩ ལོར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་༼༡༧༡༣-༡༧༩༣༽གྱིས་མཛད་པའི་འདུལ་བའི་ཆོས་འབྱུང་དང་གཞན་ཡང་ཁོང་གིས་བརྩམས་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།
    དུས་རབས་བཅུ་དགུ་བའི་ནང་རག་ར་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན། སྤྱི་ལོ ༡༨༠༣ ལོར་འབྲི་གུང་བསྟན་འཛིན་པད་མའི་རྒྱལ་མཚན་གྱིས་བྲིས་པའི་འབྲི་གུང་གདན་རབས་གསེར་ཕྲེང་། སྤྱི་ལོ ༡༨༢༢ ལོར་དབལ་མང་དཀོན་མཆོག་རྒྱལ་མཚན་༼༡༧༦༤-༡༨༥༣༽གྱིས་མཛད་པའི་རྒྱ་བོད་ཧོར་གསུམ་གྱི་ལོ་རྒྱུས་དང་ཡང་ཁོང་གིས་བརྩམས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན། སྤྱི་ལོ༡༨༣༠ ལོར་བཙན་པོ་ནོ་མིན་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད། སྤྱི་ལོ ༡༨༣༢ ལོར་གསེར་ཏོག་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་མཛད་པའི་སྐུ་འབུམ་གདན་རབས། སྤྱི་ལོ ༡༨༦༥ ལོར་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས༼༡༨༠༡-?༽ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་ངམ་དེབ་ཐེར་རྒྱ་མཚོ། སྤྱི་ལོ ༡༨༧༣ ལོར་སྟག་དགེ་མཁན་ཆེན་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་སྔ་འགྱུར་ཆོས་འབྱུང་། སྤྱི་ལོ ༡༨༧༩ ལོར་དཔའ་རིས་སྔོ་ཁོ་ངག་དབང་ལེགས་བཤད་ཉི་མས་མཛད་པའི་དན་ཏིག་དགོན་གྱི་དཀར་ཆག སྤྱི་ལོ ༡༨༨༩ ལོར་སོག་པོ་དམ་ཆོས་རྒྱ་མཚོས་མཛད་པའི་ཧོར་གྱི་ཆོས་འབྱུང་། སྤྱི་ལོ༡༨༩༣ ལོར་རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་༼༡༨༦༦-༡༩༤༨༽མཛད་པའི་བཀྲ་ཤིས་འཁྱིལ་ཀྱེེ་རྡོར་གྲྭ་ཚང་གི་གདན་རབས།
    སྤྱི་ལོ ༡༩༡༠ ལོར་འཇུ་མི་ཕམ་༼༡༨༤༦-༡༩༡༢༽གྱིས་མཛད་པའི་བསྟན་རྩིས་ཉེར་མཁོ། སྤྱི་ལོ ༡༩༤༦ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་༼༡༩༠༣-༡༩༥༡༽གྱིས་མཛད་པའི་དེབ་ཐེར་དཀར་བོ་སོགས་མང་དུ་ཡོད་དོ།།༼གོང་གསལ་གྱི་ལོ་ཚིགས་དག་ནི་མཁས་དབང་དུང་དཀར་ཚང་གི་ལོ་ཚིགས་དྭངས་ཤེལ་མེ་ལོང་གཞིར་བཞག་པའོ།།༽
    གཞན་ཡང་དུས་རབས་ཉི་ཤུ་བའི་དུས་དཀྱིལ་སྟེ་བཅོས་བསྒྱུར་ཡར་སྔོན་དུ་བརྩམས་ངེས་ཀྱང་རྩོམ་པ་བོའམ་ཡང་ན་བརྩམས་དུས་སོགས་གསལ་ཞིབ་ཏུ་མ་ངེས་པའི་བ་རིའི་ཆོས་འབྱུང་། ལ་དྭགས་རྒྱལ་རབས། མུ་ལི་ཆོས་འབྱུང་། ཕག་གྲུའི་གདན་རབས། ལྕང་གླིང་བ་རོལ་བའི་རྡོ་རྗེའི་ཕོ་བྲང་ཡུམ་བུ་བླ་སྒང་གི་དཀར་ཆག ཆོས་འབྱུང་རིན་ཆེན་སྤུངས་པ་ངོ་མཚར་སྣང་བའི་དགའ་སྟོན། འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ། རྗེ་བཙུན་རཏྞའི་རྒྱལ་རབས་མེ་ལོང་གསལ་བྱེད་ཉུང་ངུ་རྣམ་གསལ། ཀློང་རྡོལ་རིན་པོ་ཆེའི་བསྟན་འཛིན་གྱི་སྐྱེས་བུ་རྒྱ་བོད་དུ་བྱོན་པའི་མིང་གི་རྣམ་གྲངས། ཡར་ལུང་བ་ཨ་འབུམ་གྱི་རིན་ཆེན་སྤུངས་པའི་གདུང་རབས། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་། དཔལ་ལྡན་ཆོས་ཀྱི་བཟང་བོའི་གཡས་རི་བྱང་བའི་རྒྱལ་རབས་རིན་པོ་ཆེ་བསྟར་བ། འགྱུར་མེད་རྣམ་རྒྱལ་གྱི་ལྷ་ཐོག་དཔོན་གྱི་གདུང་རབས། ཐུབ་བསྟན་ཆོས་འཕེལ་བཟང་བོའི་འབུམ་གྱི་དཀར་ཆག་ངོ་མཚར་གཏམ་གྱི་གླིང་བུ། ཅོ་ནེ་བློ་བཟང་རྒྱ་མཚོའི་ལྷ་སའི་བཀའ་འགྱུར་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག མཁའ་སྤྱོད་འབྲས་མོ་ལྗོངས་ཀྱི་རྒྱལ་རབས་གསལ་བར་བཀོད་པ་དྭངས་ཤེལ་མེ་ལོང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་ལེགས་བཤད་བང་མཛོད། དཔལ་ཚུལ་གྱི་བོན་གྱི་བསྟན་འབྱུང་ཕྱོགས་བསྒྲིགས། གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དང་ཙན་དན་ཇོ་བོའི་ལོ་རྒྱུས། ཉི་ལྡེ་ནམ་མཁའ་བཟང་བོའི་ལོ་རྒྱུས་ངོ་མཚར་ཆུན་པོ།འབྲུག་བསྟན་འཛིན་ཆོས་རྒྱལ་གྱི་ལྷོའི་ཆོས་འབྱུང་སྨོན་མཐའི་ཕྲེང་བ། བལ་བཟའ་དགེ་བཤེས་ཀྱི་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་ལམ་རེབ་གོང་རུས་མཛོད། ཁྲི་ག་བསྟན་འཛིན་གྱི་དཔའ་རིས་རུས་མཛོད། བོད་ཀྱི་རུས་མཛོད་ཆེན་མོ། རུས་མཛོད་ཟ་འོག་མ། ཅོ་ནེ་དཔོན་ཚང་གི་རུས་མཛོད། ༼རྒྱ་ཡིག༽སྨན་རི་སློབ་ཟུར་བསྟན་འཛིན་རྣམ་དག་གི་འབེལ་གཏམ་ལུང་གི་སྙིང་བོ་སོགས་མཐའ་ཡས་པ་ཞིག་ཡོད་ཀྱང་གོང་དུ་བཀོད་པ་དག་ནི་བདག་གིས་དངོས་སུ་མཇལ་བའམ་ཐོས་པའི་སྐོར་ཙམ་ཡིན་ལ། གཞན་མཁས་གྲུབ་ལོ་པཎ་དག་གི་རྣམ་ཐར་དང་རྟོགས་བརྗོད། དགོན་སྡེ་སོ་སོའི་གདན་རབས་དང་བྱུང་འཕེལ་སོགས་ནི་པོད་སྟོང་ཕྲག་དུ་མ་ལས་བརྒལ་བ་ཞིག་ཡོད་ངེས་ཀྱང་འདིར་ཡི་གེའི་ཚོགས་ཤིན་ཏུ་ཆེ་བར་བསམ་སྟེ་མ་བྲིས་སོ། །
    བོད་ཀྱི་ལོ་རྒྱུས་རྒྱུ་ཆའི་སྐོར་ལའང་། རྒྱལ་མཆོག་བཅུ་གསུམ་པའི་ལྷ་ལྡན་གཙུག་ལག་ཁང་ཉམས་གསོའི་དཀར་ཆག བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས། བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཕྱོགས་བསྒྲིགས། དབོན་ཞང་དབུ་སྙུང་རྡོ་རིང་གི་ཡི་གེ། མཁས་པ་ཁག་ཅིག་གིས་སྔ་ཕྱིར་རྒྱ་ཡིག་ནས་བསྒྱུར་བའི་ཐང་ཡིག་གསར་རྙིང་། ཏུན་ཧོང་ནས་རྙེད་པའི་ཡིག་ཆ་ཁག བཀའ་བློན་བཤད་སྒྲ་བ་དོན་གྲུབ་རྡོ་རྗེ་སོགས་ཀྱིས་བརྩམས་པའི་ལྕགས་སྟག་ཞིབ་གཞུང་། གཞན་ཡང་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དངོས་མཚོན་པའི་ཕོ་བྲང་པོ་ཏཱ་ལའི་མདུན་ཞོལ་གྱི་རྡོ་རིང་དང་། དབོན་ཞིང་རྡོ་རིང་ངམ་རྒྱ་བོད་མཐུན་སྒྲིལ་རྡོ་རིང་། དེ་བཞིན་བསམ་ཡས་དང་འབྲི་གུང་ཞལ་ལྷ་ཁང་། སྐར་ཆུང་རྒྱལ་སྡེ། འཕྱོངས་རྒྱས་ཟམ་སྣེ། མཚུར་ཕུ་སོགས་ཀྱི་རྡོ་རིང་ཁག་དང་། ཞོལ་གྱི་རྡོ་རིང་ཉེ་འགྲམ་ཁང་སེར་ནང་གི་རྡོ་ཡིག ཅོང་ངོས་ལ་བྲིས་པའི་ཡི་གེ། ཆངས་ཡིག གྲོས་ཆོད། དབྱིན་བོད་དམག་འཁྲུག་སྐབས་ཀྱི་གནས་ལུགས་གསལ་བར་བརྗོད་པ། མདོ་མཁར་བའི་མི་དབང་རྟོགས་བརྗོད། མདོ་མཁར་བའི་རང་རྣམ། རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་རང་རྣམ་སོགས་མཐའ་ཡས་པ་ཡོད་དོ། །
     དུས་རབས་ཉི་ཤུ་བའི་དུས་དཀྱིལ་གྱི་རྗེས་ཏེ་བོད་ལ་བཅོས་བསྒྱུར་ཞེས་པ་བྱས་ཕྱིན་གྱི་བོད་ཀྱི་ལོ་རྒྱུས་སྐོར་ལ་ཡང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་རྡོ་རྗེས་མཛད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་དང་། གོང་ས་བཅུ་བཞི་བ་ཆེན་པོའི་ངོས་ཀྱི་ཕ་ཡུལ་དང་ངོས་ཀྱི་མི་མང་། མདོ་སྨད་པ་ཡོན་ཏན་རྒྱ་མཚོའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས་དང་དགེ་ལྡན་ཆོས་འབྱུང་ཆེན་མོ། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོའི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་དང་། བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ། བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་སྐོར་རགས་ཙམ་གླེང་བ། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བསྟན་རྩིས་ཀུན་ལས་བཏུས་པ་དང་དེའི་ཟུར་རྒྱན་ཉེས་རྡུལ་སྤྲུགས་པའི་རྔ་ཡབ། བོད་ཀྱི་རྒྱལ་རབས་ལོ་ཚིགས་ལ་དཔྱད་པ་ས་ཆེན་དགོངས་རྒྱན། མཁས་དབང་དུང་དཀར་རིན་པོ་ཆེའི་ལོ་ཚིགས་དྭངས་ཤེལ་མེ་ལོང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ནོར་བྲང་ཨོ་རྒྱན་གྱི་བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་དང་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་འགྲེལ་བ་ཡིད་ཀྱི་དགའ་སྟོན། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བོད་སོག་ཆོས་འབྱུང་། མི་རྗེ་བློ་བཟང་ཚེ་རིང་གིས་བྲིས་པའི་ཨ་བློ་སྤུན་མཆེད་ཀྱི་ལོ་རྒྱུས། ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང་དང་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བུའི་དོ་ཤལ། མི་ཉག་མགོན་པོའི་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས། དོན་རྡོར་དང་བསྟན་འཛིན་ཆོས་གྲགས་ཀྱིས་བསྡུ་སྒྲིག་བྱས་པའི་གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ། ཨ་ལགས་ཙ་ཡུས་ཚང་གི་བདག་གི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས། སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་གྱི་གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་། ངག་དབང་ཡོན་ཏན་བཟང་བོའི་རྗེ་ཇོ་ནང་བ་ཆེན་པོའི་ཆོས་འབྱུང་གསལ་བྱེད་ནོར་བུའི་མེ་ལོང་། ངག་དབང་བློ་གྲོས་གྲགས་པའི་ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ཡ་ཧན་ཀྲང་གི་ཏཱ་ལའི་བླ་མའི་རྣམ་ཐར་དང་པཎ་ཆེན་ཨེར་ཏི་ཎིའི་རྣམ་ཐར། ཨ་ཁུ་བཤད་སྒྲུབ་ཀྱི་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་ལོ་རྒྱུས་རེག་ཟིག་ཏུ་བཀོད་པ་ངོ་མཚར་ནོར་བུའི་མེ་ལོང་རྩོམ་འཕྲོ་ཅན། བཤེས་གཉེན་ཚུལ་ཁྲིམས་ཀྱིས་བསྒྲིགས་པའི་ལྷ་སའི་དགོན་ཐོ་རིན་ཆེན་སྤུངས་རྒྱན། དོན་གྲུབ་རྒྱལ་གྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གྲུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ་དྲི་མེད་དངུལ་གྱི་མེ་ལོང་། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱི་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་དང་། དེ་གཉིས་ཀྱིསབསྒྱུར་བའི་ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། དོན་གྲུབ་དབང་རྒྱལ་དང་ནོར་སྡེ་གཉིས་ཀྱི་ཡུལ་མགོ་ལོག་གི་ལོ་རྒྱུས་དེབ་ཐེར་པད་མ་དཀར་བོའི་ཆུན་པོ། ཆ་རིས་སྐལ་བཟང་ཐོགས་མེད་ཀྱི་བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ། ཤེས་རབ་བསྟན་དར་གྱི་བོད་ཀྱི་བསྐལ་བ་ཡ་ཐོག་གི་ལོ་རྒྱུས་དང་ལོ་རྒྱུས་ངག་གི་མེ་ལོང་། རྒྱལ་མོ་འབྲུག་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཐུབ་བསྟན་ཕུན་ཚོགས་ཀྱི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་ར་གའི་ལྡེ་མིག དགེ་འདུན་རྒྱ་མཚོའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་བློ་གསལ་འཇུགས་ངོགས། རེབ་གོང་རྡོ་རྗེ་རྒྱལ་གྱི་དེབ་དཀར་ཁ་སྐོང་དེབ་དཀར་ཞབས་བཏགས་མ། རིན་ཆེན་ནོར་བུའི་བོད་ཀྱི་ལོ་རྒྱུས་སློབ་གཞི་བློ་གསལ་འཇུག་པའི་འབབ་སྟེགས། ཕུན་ཚོགས་ཚེ་རིང་གི་དེབ་ཐེར་ཀུན་གསལ་མེ་ལོང་། འཇམ་དབྱངས་ནོར་བུའི་དེབ་ཐེར་ནག་པོ། ཕྱོགས་སྟོན་གྱི་བོད་ཀྱི་ལོ་རྒྱུས་ལ་དབྱེ་ཞིབ་བྱས་པའི་ཐོག་མའི་དཔྱད་གཏམ་སོགས་བགྲང་གིས་མི་ལོངས་པ་ཡོད་དོ།།
    བོད་ཀྱི་ལོ་རྒྱུས་རྒྱུ་ཆའི་སྐོར་ལའང་། ཀུན་གཟིགས་བཅུ་བ་ཆེན་མོའི་ཡིག་འབྲུ་ཁྲི་བདུན་མའི་སྙན་ཞུ། བོད་རང་སྐྱོང་ལྗོངས་ཆབ་གྲོས་རིག་གནས་ལོ་རྒྱུས་རྒྱུ་ཆ་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི་བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས། བསོད་ནམས་སྐྱིད་དང་འབྲུག་རྒྱལ་གྱིས་བསྒྲིགས་པའི་ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། སྟག་འཚེར་རིན་པོ་ཆེའི་བོད་ནི་བདག་གི་མེས་རྒྱལ་ཡིན། ཤཱཀྱ་ཚེ་རིང་གི་གངས་རིའི་འདབས་ཀྱི་མེ་ལྕེ། མཁས་དབང་དུང་དཀར་རིན་པོ་ཆེའི་བོད་ཀྱི་དཀར་ཆག་རིག་པ་དང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྐོར་བཤད་པ། དུང་དཀར་ཚིག་མཛོད། ཁོང་དང་དར་མདོ་བཀྲ་ཤིས་དབང་འདུས་གཉིས་ཀྱིས་བསྒྲིགས་པའི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་རེའུ་མིག་ངོ་མཚར་ཀུན་སྣང་། ཕུན་ཚོགས་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་༼འདིའི་ལོ་ཚིགས་ཆེས་མང་བོ་ཞིག་ནོར་འདུག་པས་ཟུར་ཞིག་ཏུ་དཔྱད་པར་འདོད།༽བཀྲ་ཤིས་དབང་འདུས་ཀྱིས་བསྒྲིགས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བསྡུས། མཁར་རྨེའུ་བསམ་གཏན་གྱི་མདའ་དང་འཕང་། ༼འདི་ནི་དེབ་ཕྲེང་གཉིས་ལས་གྲུབ་པའི་ཁོའི་གསུང་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན་ལ། བོད་ཀྱི་ལོ་རྒྱུས་གྱི་སྐོར་ཤིན་ཏུ་མང་ཞིང་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན།༽ལི་ཡུལ་ནས་ཐོན་པའི་ཁྲམ་ཤིང་། ཁྲིམས་ཡིག་ཞལ་ལྕེ་ཁག ཆིངས་ཡིག་ཁག བོད་ཞི་བའི་བཅིང་གྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་པ། ཁྲིན་ཆིན་དབྱིན་གྱི་འགྲོ་མགོན་འཕགས་པའི་རྣམ་ཐར། ལྷ་ཀླུ་ཚེ་དབང་རྡོ་རྗེའི་རང་གི་བྱུང་བ་བརྗོད་པ། སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་རང་གི་བྱུང་བ་བརྗོད་པ། ནུས་བློའི་ནགས་ཚང་ཞི་ལིའི་སྐྱིད་སྡུག བློ་བཟང་བསྟན་འཛིན་གྱི་རྡུལ་འོག་གི་མེ་ཏོག་རྐང་གཅིག རིན་བཟང་གི་ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ། ངའི་ཕ་ཡུལ་དང་གཟབ་ཉན། འོད་ཟེར་གྱི་གངས་སེང་དཀར་མོའི་ངར་སྒྲ། རྩོམ་པ་བོ་སྐོར་ཞིག་གིས་བྲིས་པའི་བཙན་པོའི་སྙིང་སྟོབས་སོགས་ཆེས་མང་བོ་ཞིག་ཡོད་ལ། གཞན་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་དང་། དགོན་པ་དང་ཚོ་བ་བྱེ་བྲག་པ། བླ་སྤྲུལ་དང་མཁས་དབང་སོ་སོའི་མཛད་རྣམ། རིག་གནས་ཆེ་ཆུང་བཅུའི་དར་ཚུལ། བོད་ཡིག་གི་བྱུང་འཕེལ། གནའ་དེང་རྩོམ་རིག་ལོ་རྒྱུས། རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་ཀྱང་མཐའ་མེད་པ་ཞིག་ཡོད་པས་དངོས་ཡོད་ལོ་རྒྱུས་མཚོན་ཞིང་ཕྱོགས་ལྷུང་དང་གཡམ་རྒྱུགས་སུ་མ་གྱུར་བ་དག་ལ་སློབ་སྦྱོང་དང་ཞིབ་འཇུག་ལེགས་པོ་བྱེད་གལ་ཆེའོ།།
ལྔ་བ། དེབ་དཀར་མཛད་པ་བོའི་ཆེ་བ།
    ཉེ་རབས་བོད་ཀྱི་ལོ་ཙཱ་བ་དང་བསམ་བློ་བ་ཆེན་མོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་མདོ་སྨད་རེབ་གོང་ཞོ་འཕོང་༼༡༩༠༣-༡༩༥༡༽དུ་ཡབ་རྡོ་རྗེ་རྒྱལ་མཚན་༼ཡབ་ཀྱི་མཚན་ལ་ལོ་རྒྱུས་སྨྲ་བ་ཚོས་སྣ་ཚོགས་ཤིག་བྲིས་འདུག༽དང་ཡུམ་པད་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་ཞིབ་འཇུག་གི་ལས་ལ་སྤྲོ་བ། གཞན་དང་མི་མཐུན་པའི་རང་གཤིས་མཚར་བོ་ཅན་ཞིག་ཀྱང་ཡིན་པར་གྲགས། ཁོང་ལ་དུས་སྐབས་དེའི་བོད་རིགས་བྱིས་པ་ཕལ་ཆེར་དང་མི་མཚུངས་པའི་གོ་སྐབས་བཟང་བོ་ཞིག་སྟེ་ཕྱིས་སུ་གྲགས་སྙན་གྱིས་ས་ཆེན་ཁྱབ་པའི་རྒྱུ་རྐྱེན་གཙོ་ཤོས་ནི་ཡབ་ཀྱིས་དགུང་ལོ་བཞིའི་སྟེང་ནས་ཡི་གེ་སྦྱོར་ཀློག་དང་བྲིས་སོགས་ཁྲིད་ཅིང་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་གང་ལེགས་བསྩལ་བ་དེ་ཡིན་ངེས།
    དགུང་ལོ་བདུན་པར་བྱ་བཏང་ཞབས་དཀར་བའི་གདན་ས་སྟེ་རྙིང་དགོན་གཡའ་མ་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་དགེ་འདུན་བསྟན་པ་ཚང་སློབ་དཔོན་དུ་བསྟེན་ནས། འདོན་ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་དང་ཞོར་ལ་ཁོང་གི་མདུན་ནས་ལྷ་རིས་འབྲི་ཚུལ་ཡང་བསླབས། དགུང་ལོ་བདུན་ཙམ་ནས་ཡབ་སྐུ་གཤེགས་པས་རྗེ་བཙུན་མི་ལ་ལྟ་བུའི་དཀའ་ཁག་མང་བོར་འཕྲད་མྱོང་ལ་དཀའ་ཚེགས་དེས་གང་ལའང་དཔའ་མི་ཞུམ་པའི་སྙིང་སྟོབས་ཤིག་ཀྱང་བསྩལ་ཡོད་སྲིད། ཕྱིས་སུ་ཡར་རྟིང་དགོན་པའི་རིག་འཛིན་འོད་གསལ་རྡོ་རྗེ་སྙིང་བོ་ཞེས་པའི་མདུན་ནས་ཡི་གེའི་ཐོབ་ཐང་དང་ལྷ་རམས་པ་ཚུལ་ཁྲིམས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་རྒྱས་བསྡུས་མང་བོར་སྦྱངས་ཤིང་དགུང་ལོ་དགུ་ཙམ་ནས་བརྗོད་བྱ་རྗོད་བྱེད་གཉིས་ཆར་དྲན་དབང་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་འོས་པའི་སྙན་རྩོམ་མང་དུ་སྤེལ་བར་གྲགས།
    དགུང་ལོ་བཅུ་བཞི་བར་ཁ་གྱའི་གཏེར་སྟོན་བླ་མའི་མདུན་ནས་རྙིང་ཕྱོགས་ཀྱི་དབང་ལུང་མན་ངག་མང་བོ་གསན། དགུང་ལོ་བཅོ་ལྔ་བར་དྷཱིཿ་ཚ་བཀྲ་ཤིས་ཆོས་སྡིངས་ནས་དགེ་བའི་བཤེས་གཉེན་བིས་པ་འཇམ་དབྱངས་གྲགས་པ་ཚང་སློབ་དཔོན་དུ་བསྟེན་ཏེ་ཚད་མ་རིག་པས་གཙོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་བོར་སྦྱངས་པ་གནང་སྟེ་ལོ་བཞིར་བཞུགས། དབྱངས་ཅན་མའི་སྐུ་སོགས་མང་དུ་བྲིས་པ་ལེགས་པའི་ཚད་དུ་བྱེད། ཁོང་ལ་ཐལ་དྲགས་པའི་བསྟོད་པ་བྱེད་མཁན་ཚོས། དགེ་འདུན་ཆོས་འཕེལ་ནི་ཆུང་དུས་ནས་ཅི་ཡང་བསླབ་མི་དགོས་པའི་རིག་པ་རང་གྲོལ་ཞིག་དང་རྟོགས་པ་ཀློང་རྡོལ་ཞིག་ཡིན་སྐད་དུ་བརྗོད་པ་ནི་གནས་ལུགས་ལས་རིང་དུ་གར་ཞིང་བསྟོད་ཚུལ་མ་ཤེས་པའི་བསྟོད་པ་ཞིག་སྟེ། དྷཱིཿ་ཚར་བཞུགས་སྐབས་ཀྱི་གནས་ཚུལ་ཁོང་རང་གིས་གསུངས་པ་ལ་གཞིགས་ན། འཛིན་སྐྱོར་སྦྱོང་། དཔེ་ཁྲིད་དཔེ་ཀློག འཕྲོས་པ་དོགས་གཅོད་བྱས་ཚུལ་སོགས་བློས་མི་དཔོག་པའི་ཚོད་དུ་ཡོད།
    དགུང་ལོ་བཅུ་དགུ་བར་དྷཱིཿ་ཚའི་མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐྱེ་ཕྲེང་དྲུག་པའི་མདུན་ནས་རབ་ཏུ་བྱུང་བར་མཚན་ལ་དགེ་འདུན་ཆོས་འཕེལ་དུ་གསོལ། ཁོང་གི་ཆུང་དུས་ཀྱི་མཚན་ལ་རིག་འཛིན་རྣམ་རྒྱལ་དུ་འབོད་ཅིང་། རྡོ་བྲག་སྤྲུལ་སྐུ་དང་ཨ་ལགས་དྷཱིཿ་ཚ། རྡོ་བྲག་མཁན་པོ། ཨ་ལགས་རིག་ལོ། དགེ་འདུན་ཆོས་འཕེལ་སོགས་ཀྱི་གྲགས་དཀར་ཡང་གནས་དེ་ནས་མཆེད་ཅིང་རིམ་གྱིས་བོད་ཆོལ་ཁ་གསུམ་དང་ཡ་གླིང་ཤར་རྒྱུད་ཀྱི་ཡུལ་གྲུ་སོ་སོར་ཁྱབ་ལ། ད་ལྟའང་འཛམ་གླིང་རང་བཞིན་གྱི་ཡུལ་སྐོར་བ་ཞིག་ཏུ་བརྫུས་ནས་ཡོད། ལོ་དེར་མཁས་གྲུབ་བྱེ་བའི་བསྟི་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་གཞུང་བརྒྱ་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོའི་ཚུལ་ཁྲིམས་ཚང་སོགས་ཀྱི་མདུན་ནས་ལོ་ཡི་འཁོར་མོ་དྲུག་ལ་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་འོག་མའི་བར་གསན་སྦྱངས་ཞིབ་རྒྱས་གནང་ཞིང་མཛོད་འདུལ་དབུ་གསུམ་ལའང་སྦྱངས་པས་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་ལ་རིགས་པ་སྨྲ་བ་མང་བོ་ཧ་ལས་དགོས་པའི་ཚོད་ལྟ་བུར་གྱུར། སྦྱངས་པའི་གནས་ཀུན་རིག་པ་དཔེ་ཐོག་དང་གོ་བ་ཚིག་ཐོག་ཙམ་དུ་མ་སོང་བར་ཀུན་ལ་སྒྲོ་འདོགས་ཆོད་པར་བྱས། སྐབས་འདི་ཤེད་དུ་གློག་རྣམ་པར་རོལ་བའི་སྙན་ངག་ཅེས་པའི་དབྱངས་ཅན་མའི་བསྟོད་པ་ཞིག་བྲིས་ཞེས་རེབ་གོང་རྡོ་རྗེ་རྒྱལ་གྱིས་བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་སུ་བཀོད་འདུག་སྟེ་སྙན་པའི་ཚད་དུ་བྱེད་ཆོག་པ་ཞིག་རེད། དྷཱིཿ་ཚ་སྐམ་པོ་ཞེས་པ་ཕལ་ཆེར་བླ་བྲང་ནས་ཐོགས་པར་མངོན་ལ་ཁོང་གི་འཛིན་གྲྭར་ཐ་སྙད་འཛིན་གྲྭ་ཞེས་པའི་མིང་ཐོགས།

འབྲེལ་ཡོད་འོས་སྦྱོར།