ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:ཤ་བོ་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-20
ཀློག་གྲངས།:
ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ལ་རགས་ཙམ་དཔྱད་པ།
ཤ་བོ་ཐར། ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ།
【གནད་ཚིག】 ཆོས་མཐུན་སྦྱོར་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག ཚན་གསུམ་སྒྲུབ་ངག རྣམ་འབྱེད་རྗེས་དཔག
གླེང་གཞི།
དེ་ཡང་སློབ་དཔོན་ཆོས་གྲགས་ཀྱི་ཚད་མའི་བསྟན་བཅོས་དག་ལ་མཇལ་ན་སྒྲུབ་ངག་གི་ཡན་ལག་ལ་གཉིས་ལྡན་དུ་དགོས་པ་ནི་ཐེ་ཚོམ་མེད་ལ། ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གང་རུང་ལ་ཁྱབ་པ་སྟོན་པའི་རྗེས་སུ་དཔེ་བཀོད་དེ་སྒྲུབ་པ་ཡང་ཐེ་ཚོམ་མེད། ཡིན་ན་ཡང་སློབ་དཔོན་མཆོག་གི་རྟགས་ཀྱི་ཚུལ་གསུམ་གྱི་མཚན་ཉིད་དང་རྣམ་འགྲེལ་རིགས་ཐིགས་སོགས་ཀྱི་འགྲེལ་བ་དག་ལ་གཞིགས་ན་དཔེ་བཀོད་དེ་ཁྱབ་པ་སྒྲུབ་པ་ནི་གྲུབ་མཐའ་མི་མཐུན་པ་རྩོད་པ་དང་རང་གི་གདུལ་བྱ་བཀྲི་བའི་སྐབས་སུ་འགོད་པ་མ་གཏོགས་སྒྲུབ་ངག་ཐམས་ཅད་ལ་ནི་དེ་ལྟ་མ་རིགས་པས། སྒྲུབ་ངག་གི་གོ་རྟོགས་དེ་འཕེལ་རྒྱས་ཕྱིན་ནས་སློབ་དཔོན་ཆོས་གྲགས་ཀྱི་དུས་སུ་སླེབས་པ་ན་ཁྱབ་པ་སྒྲུབ་པའི་དཔེ་ནི་རྒོལ་བའི་ཁམས་དང་དབང་བོའི་རྟུལ་རྣོན་ལ་གཞིགས་ཏེ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་གཏན་ཚིགས་ཀྱི་ཡང་རྩེར་སོན་ཡོད། འོན་ཀྱང་ཁ་ཅིག་གིས་དཔེ་བཀོད་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ནི་དཔེ་ཆོས་ཅན་བཀོད་དེ་ཁྱབ་པ་སྒྲུབ་པའི་ཚན་གསུམ་སྒྲུབ་ངག་གི་མཇུག་སྡུད་རྣམ་དག་ཐོབ་མི་ནུས་པའི་ཕྱོགས་བསྡུས་རྗེས་དཔག་ཅིག་ཏུ་འདོད། དེ་ནི་བོད་བརྒྱུད་ཚད་མ་རིག་པའི་དཔེའི་ནུས་པ་དངོས་མ་ཡིན་ཏེ། ཚད་མ་རིག་པའི་དཔེའི་ནུས་པ་ནི་དཔེ་ཆོས་ཅན་བཀོད་དེ་ཁྱབ་པ་བརྗེད་ཟིན་དྲན་རུང་དུ་ཡོད་པ་དེ་དྲན་པར་བྱེད་པ་ལས་ཁྱབ་པ་མ་གྲུབ་པ་གྲུབ་པར་སྒྲུབ་པ་ནི་མ་ཡིན་པས། ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་ཕྱོགས་བསྡུས་རྗེས་དཔག༼归纳推理༽གི་རིགས་པ་ནི་མ་ཡིན་པར་རྣམ་འབྱེད་རྗེས་དཔག༼演绎推理༽གི་རིགས་པ་ཡིན་པར་དཔྱད་པར་བྱ་བ་ལ།
དང་པོ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག
ཀ ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་མཚན་ཉིད་དང་རྣམ་པ།
དེ་ཡང་རྟགས་ཆོས་གཉིས་དང་མཐུན་པའི་ཕྱོགས་ལ་མཐུན་དཔེ་དང་མི་མཐུན་པའི་ཕྱོགས་ལ་མི་མཐུན་དཔེ་ཞེས་སོ་སོར་བཀོད་དེ། རྟགས་ཆོས་གཉིས་དང་མཐུན་པའི་ཕྱོགས་ལ་མཐུན་དཔེ་བཀོད་དེ་སྒྲུབ་པའི་ངག་དེར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཟེར་ཏེ། ཚད་མ《རིགས་རྒྱན》ལས། “རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་སྟོན་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ལ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག”[1]ཅེས་གསུངས་ཤིང་། བསྟན་དོན་དྲིལ་ན། དཔེར་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ངག་ཡང་དག་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་དངོས་སུ་བརྗོད་དེ། གང་ཞིག་བྱས་པ་མ་ཡིན་ན་རྟག་པ་མ་ཡིན་པའི་ལྡོག་ཁྱབ་ཤུགས་ལ་བརྗོད་པའི་ངག་ལྟ་བུའི་དོན་ནོ། །དེ་བས་སློབ་དཔོན་ཆོས་གྲགས་ཀྱིས་རྟགས་ཡང་དག་ཅིག་ཡིན་ན་ཚུལ་གསུམ་ཀ་སོ་སོར་བརྗོད་མི་དགོས་པར་“ཚུལ་གསུམ་ཡིན་པ”་ཞེས་དགོངས་པ་ཡང་གནད་འདིའོ། །
ཚུལ་གསུམ་གྱི་མཚན་ཉིད་ལ《རིགས་ཐིགས》ལས། “རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །”[2]ཞེས་རྟགས་ཀྱི་ཚུལ་གསུམ་གྱི་མཚན་ཉིད་སོ་སོར་གསུངས། མཚན་ཉིད་ཀྱི་ཟུར་དུ“ངེས་པ”སྨོས་པས་ནི་རང་གི་མཚན་ཉིད་ཀྱི་བསྟན་དོན་ལ་ཐེ་ཚོམ་སོགས་གཅད་པའི་ཆེད་དེ། 《རྣམ་འགྲེལ》ལས། “གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །དེ་ཡི་མ་གྲུབ་བཟློག་དོན་དང་། །འཁྲུལ་བ་ཅན་གྱི་གཉེན་པོ་ནི། ། ངེས་པ་བརྗོད་པར་མཛད་པ་ཡིན། །”[3]ཞེས་གསུངས་པ་དང་། 《རྣམ་འགྲེལ་རང་འགྲེལ》ལས། “འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དེ། དེས་ན་དེ་ཉིད་སྟོན་པར་མཛད་པ་ནི་ངེས་པ་བཤད་པ་ཡིན་ནོ། །”[4]ཞེས་གསུངས་སོ། །ཡང་ཚིག་ཟུར་དུ་“དེ་ཉིད་” ཅེས་སྨོས་པ་ནི《རྣམ་འགྲེལ་རང་འགྲེལ》ལས། “ཁྱབ་པ་ནི་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ། ཡང་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པ་ཡིན་ནོ། །འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པར་ངེས་པ་དག་ཀྱང་བདག་ཉིད་ཇི་ལྟ་བུའི་ཚད་མ་བཤད་ལ། ཕྱོགས་ཆོས་ཀྱི་ཆོས་ཀྱང་བཤད་པ་ཡིན་ནོ། །”[5]ཞེས་གསུངས་པས།
རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ནི་ཡིན་ཁྱབ་མཉམ་གྱི་དོན་ལྡོག་ཅིག་ཡིན་ཏེ། རྗེས་ཁྱབ་གྲུབ་ན་ལྡོག་ཁྱབ་གྲུབ་པས་ཁྱབ་དང་། ལྡོག་ཁྱབ་གྲུབ་ན་རྗེས་ཁྱབ་གྲུབ་པས་ཁྱབ་པས་རྗེས་ཁྱབ་དངོས་སུ་བརྗོད་ན་ལྡོག་ཁྱབ་ཤུགས་ལ་འགྲུབ་པ་དང་། ལྡོག་ཁྱབ་དངོས་སུ་བརྗོད་ན་རྗེས་ཁྱབ་ཤུགས་ནས་སྟོན་པ་ཡིན། 《རྣམ་འགྲེལ》ལས། “དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། ། དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །”[6]ཞེས་གསུངས་པ་དང་། བསྟན་དོན་དྲིལ་ན། རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀྱི་འབྲེལ་བ་ངེས་ཟིན་པའི་རྒོལ་བ་ཞིག་ལ། རྗེས་ཁྱབ་དང་ལྡོག་གཉིས་ལས་གང་རུང་གཅིག་སྨོས་ཀྱང་། དོན་གྱི་གོ་བས་ཅིག་ཤོས་ལ་དྲན་པ་ཡང་དག་སྐྱེ་བར་འགྱུར་བ་ཡིན་ཞེས་པའི་དོན་ཡིན་ལ། དཔེར་ན་རྣམ་འགྲེལ་རང་འགྲེལ་ལས།“གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཡང་བྱས་པ་ཡིན།”[7]ཞེས་པ་ལྟ་བུ།
འདིའི་ཡན་ལག་དང་པོ་“གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ”ཞེས་པ་ནི་ཡོངས་ཁྱབ་ཀྱི་དོན་ལྡོག༼全称判断༽སྟེ། རྟགས་ཀྱི་ཚུལ་གསུམ་ལས་རྗེས་ཁྱབ་མཚོན་པར་བྱེད་ལ། དཔེ་“བུམ་པ”ནི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་ཞིང་། བྱེད་ལས་ནི་ཕྱོགས་བསྡུས་རྗེས་དཔག༼归纳推理༽ལ་བརྟེན་ནས་“གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ”ཞེས་པའི་དོན་རྟོག་དེ་ཡང་དག་པར་སྒྲུབ་པ་ཞིག་ཡིན། འདི་ལྟ་བུའི་རྗེས་དཔག་གི་རྣམ་པར་ཕྱི་ཚུལ་གཏན་ཚིགས་རིག་པས་ཡོད་ཚད་མི་འདུས་པའི་ཕྱོགས་བསྡུས་རྗེས་དཔག༼不完全归纳推理༽ཅེས་ཟེར་ཏེ། ཕྱི་རྒོལ་ནི་སྒྲ་བྱས་བར་ཚད་མས་ངེས་ནས་སྒྲ་རྟག་མིན་ལ་ཐེ་ཚོམ་ཟ་བ་ཞིག་དང་། མཐུན་དཔེ་བུམ་པའི་སྟེང་དུ་“གང་ཞིག་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ”་ངེས་པའི་གང་ཟག་ཅིག་ཡིན་གཤིས། མཐུན་དཔེ་བུམ་པའི་སྟེང་དུ་“བྱས་ན་མི་རྟག་པས་ཁྱབ་པའི་”ཁྱབ་པའི་རྟགས་ལ་བརྟེན་ནས་“གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་”ཞེས་པའི་མཇུག་སྡུད་དེ་སྒྲུབ་པར་བྱེད་པའི་རྣམ་པ་ཞིག་ཡིན། དེར་ཕྱི་ཚུལ་གཏན་ཚིགས་རིག་པས་ཕྱོགས་བསྡུས་རྗེས་དཔག༼归纳推理༽ཅེས་བརྗོད་ཅིང་། མཇུག་སྡུད་རྣམ་དག་ཅིག་ཐོབ་ནུས་པ་མ་ཡིན་ནོ། །
ཡན་ལག་གཉིས་པ་“སྒྲ་ཡང་བྱས”ཞེས་པ་ནི་རྐྱང་བརྗོད་ཀྱི་དོན་ལྡོག༼单称判断༽ཅིག་ཡིན་ལ། དེ་ནི་རྟགས་ཀྱི་ཚུལ་གསུམ་ལས་དང་པོ་ཕྱོགས་ཆོས་སྟོན་པ་ཡིན་པས། རྟགས་ཀྱི་ཚུལ་གསུམ་ལས་དང་པོ་ཕྱོགས་ཆོས་དང་གཉིས་པ་རྗེས་ཁྱབ་གཉིས་དངོས་སུ་བརྗོད་པས་ན་ཡན་ལག་གཉིས་ལྡན་ནི་གཞན་དོན་རྗེས་དཔག་གི་སྒྲུབ་ངག་ཅིག་ཡིན་པར་རྟོགས་ནུས་ཤིང་། སྒྲུབ་ངག་དེའི་རྟགས་དང་མཐུན་དཔེ་གཉིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་དངོས་སུ་སྟོན་པས་ན་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཅིག་ཡིན་པ་རྟོགས། དེ་ཡང་ཁ་ཅིག་གིས་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཅིག་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་མཐུན་དཔེ་གཉིས་དེ་སྒྲུབ་ཀྱི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་དང་ཆོས་མཐུན་པར་ཁས་ལེན་ཞིང་། དེ་ལྟར་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་ཡིན་པར་དངོས་སུ་སྟོན་པའི་ངག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞན་དོན་རྗེས་དཔག་གི་སྒྲུབ་ངག་གིས་ཀྱང་བསྒྲུབ་བྱ་དངོས་སུ་བརྗོད་པའི་ངག་ཡིན་པས་ཁྱབ་པར་ཐལ། འདོད་ན། “བསྒྲུབ་བྱ་དངོས་སུ་བརྗོད་པ་སྒྲུབ་ངག་གི་ཡན་ལག་མ་ཡིན་ནོ་”ཞེས་པའི་ཚད་མའི་གཞུང་དང་འགལ་ཞིང་། “བསྒྲུབ་བྱ་དངོས་སུ་བརྗོད་པ་སྒྲུབ་ངག་གི་སྐྱོན་དུ་ཁས་ལེན་པ”་དང་ཡང་འགལ་ཏེ། 《རྩོད་པའི་རིགས་པ》ལས། “སྒྲུབ་པར་བྱེད་པ་བསྟན་པར་འགྱུར་གྱི། བསྒྲུབ་པར་བྱ་བ་བསྟན་པ་ནི་མ་ཡིན་ནོ། །”[8]ཞེས་གསུངས་པ་ལྟ་བུ། དེའི་ཕྱིར་དེ་ནི་ཕྱོགས་གླང་ཡབ་སྲས་ཀྱི“ཆོས་མཐུན་ནི་གང་ཞིག་རྟགས་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་སྟོན་པར་བྱེད་པ”ཞེས་པའི་དགོངས་པ་དང་ཐ་དད་དོ། །དེ་བས་སྒྲུབ་ངག་ཡང་དག་ཅིག་ཡིན་ན་བསྒྲུབ་བྱ་དངོས་སུ་སྟོན་པར་མི་རིགས་ལ། གལ་ཏེ་དངོས་སུ་བསྟན་ན་ནི་ལྷག་པའི་སྐྱོན་དུ་ཟད་པས་སྒྲུབ་ངག་ལྟར་སྣང་ངོ་། །
ཁ ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་དཔེའི་བྱེད་ལས།
དེ་ཡང་གོང་དུ་ཚུལ་གསུམ་མཚན་ཉིད་ཀྱི་ཟུར་དུ་“ངེས་པ”་ཞེས་སྨོས་པས་སོ་སོའི་བསྟན་དོན་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་ཀྱང་ཚད་མའི་ལམ་ནས་ངེས་པ་རྙེད་པ་ཞིག་ཡིན་དགོས་ཞེས་བཤད་པ་བཞིན། དེ་བྱུང་འབྲེལ་དང་བདག་གཅིག་འབྲེལ་གྱི་འབྲེལ་བར་གྲུབ་པའི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ལ་ཡང་ཚད་མའི་ལམ་ནས་ངེས་པ་རྙེད་དགོས། གལ་ཏེ་རྒོལ་བས་རྟགས་ཆོས་ཀྱི་འབྲེལ་བར་ཚད་མས་ངེས་པ་རྙེད་པ་ཞིག་ཡིན་ན། སྔ་རྒོལ་གྱིས་སྒྲུབ་ངག་འགོད་པའི་སྐབས་སུ་ཕྱོགས་ཆོས་དང་། རྗེས་ལྡོག་གི་ཁྱབ་པ་གང་རུང་ཞིག་སྨོས་ཀྱང་ཆོག་ལ། འོན་ཀྱང་རང་དོན་བཀོད་ཀྱི་རྟགས་ལ་དཔེ་དངོས་སུ་བཀོད་དགོས་པ་ནི་མེད་དེ། དཔེར་ན《རིགས་ཐིགས》ལས།
༡ འདི་ནི་ཤིང་ཡིན་ཏེ། ཤིང་ཤ་པ་ཡིན་པའི་ཕྱིར།
༢ དེ་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར།[9]ཅེས་པ་ལྟ་བུ།
སྦྱོར་བ་འདི་ནི་རྒོལ་བ་རང་གིས་རང་ལ་རྟགས་ཀྱི་ཚུལ་གསུམ་གསལ་བོར་བཀོད་པའི་རང་དོན་གྱི་རྟགས་ཤིག་ཡིན་པས། དཔེ་ཆོས་ཅན་བཀོད་དེ་རྗེས་ལྡོག་གི་ཁྱབ་པ་སྒྲུབ་པའི་དགོས་པ་ནི་མེད། དེའི་ཕྱིར་སྦྱོར་བའི་ཁྲོད་དུ་དཔེའི་ཡན་ལག་འགོད་པ་མ་ཡིན་ནོ། །ཡིན་ནའང་གཞན་དོན་རྗེས་དཔག་གི་སྐབས་སུ་རྒོལ་བས་རྟགས་ཀྱི་ཚུལ་གསུམ་ལ་ངེས་པ་གསལ་བོ་ཞིག་རྙེད་ཕྱིར། མུ་མཐུད་ནས་དཔེ་བཀོད་དེ་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་སྒྲུབ་པ་ཡིན་ཏེ། དཔེར་ན། 《རིགས་ཐིགས》ལས།
༡ “གང་ཡོད་པ་དེ་ཐམས་ཅད་མི་རྟག་སྟེ། དཔེར་ན་བུམ་པ་བཞིན། སྒྲ་ཡང་ཡོད་དོ། །
༢ གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ། དཔེར་ན་ཚང་མང་བཞིན། འདི་ན་ཡང་དུ་བ་ཡོད་དོ། །”[10]ཞེས་གསུངས་པ་ལྟ་བུ།
མཚན་གཞིའི་རྗེས་ལྡོག་གི་ཁྱབ་པ“གང་ཡོད་པ་ཐམས་ཅད་མི་རྟག་པ་”དང་“གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད”གཉིས་སུ་དཔེ“བུམ་པ”དང“ཚང་མང”བཀོད་པར་གཞིགས་ན། དེའི་རྒོལ་བ་ནི་ཕྱོགས་ཆོས་ལ་ཚད་མས་ངེས་ཀྱང་། ཁྱབ་པར་ཚད་མས་ངེས་ནས་བརྗེད་ཟིན་དྲན་རུང་དུ་ཡོད་པ་ཞིག་ཏུ་མཐོང་སྟེ། དཔེ་ཆོས་ཅན“བུམ་པ”དང“ཚང་མང”གཉིས་ཀྱི་བྱེད་ལས་ནི“གང་ཡོད་པ་ཐམས་ཅད་མི་རྟག་པ”དང“གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད”ཅེས་པའི་ཁྱབ་པ་སྒྲུབ་པ་ལས་གཞན་ནི་དངོས་སུ་མེད་ལ། དེ་ཡང“ཡོད་པ”དང“མི་རྟག་པ”གཉིས་ཀྱི་བདག་ཉིད་གཅིག་པའི་འབྲེལ་བ་དང་། “མེ”དང“དུ་བ”གཉིས་ཀྱི་རྒྱུ་འབྲས་འབྲེལ་བ་མ་ངེས་པའམ་མ་དྲན་པའི་རྒོལ་བ་ཡང་དག་ལ་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་སྟོན་པར་བྱེད་པའི་གཞི་ཡིན་པ་ལས། དཔེ་ཆོས་ཅན་“བུམ་པ་”དང“ཚང་མང་”གཉིས་ཀྱི་ནུས་པར་བརྟེན་ནས་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཕྱི་རྒོལ་གྱི་རྒྱུད་ལ་སྔར་མ་གྲུབ་པ་སྒྲུབ་པ་ཞིག་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱིས《རྣམ་འགྲེལ་》ལས། “དཔེ་ལ་དེ་ཡི་ངོ་བོ་དང་། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །”[11]ཞེས་གསུངས་པ་དང་། དོན་སྙིང་བོར་དྲིལ་ན། དཔེའི་བསལ་བྱ་གཙོ་བོ་ནི་རྟགས་ཆོས་ཀྱི་འབྲེལ་བ་སྟེ་དེ་བྱུང་འབྲེལ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་མ་ངེས་པའི་གང་ཟག་ཞིག་ཡིན་ལ། གལ་ཏེ་རྟགས་ཆོས་ཀྱི་འབྲེལ་བ་གཉིས་ངེས་ཟིན་པའི་གང་ཟག་ལ་མཚོན་ན། གཏན་ཚིགས་འབའ་ཞིག་བརྗོད་པས་ཀྱང་བསྒྲུབ་བྱ་རྟོགས་པར་འགྱུར་བས། རྟགས་ཆོས་ཀྱི་འབྲེལ་བའི་རྟེན་གཞི་“དཔེ་”འགོད་པ་ལ་དགོས་པ་མེད་ཅེས་པའི་དོན་ཡིན། ཁ་ཅིག་གིས“གཏན་ཚིགས་འབའ་ཞིག་བརྗོད་པར་ཟད”ཅེས་པའི་དོན་ལ། ཕྱི་རྒོལ་གྱིས་གཏན་ཚིགས་དང་བསྒྲུབ་བྱའི་ཆོས་ཀྱི་ཁྱབ་འབྲེལ་ངེས་པའི་གང་ཟག་ཅིག་ཡིན་ན་གཏན་ཚིགས་འབའ་ཞིག་སྟེ་ཕྱོགས་ཆོས་ཁོ་ན་བརྗོད་པས་ཀྱང་བསྒྲུབ་བྱ་རྟོགས་པར་འགྱུར་ཞེས་བཤད་པས། དེ་ལྟར་ན། ཡན་ལག་གཅིག་ལྡན་གྱི་སྒྲུབ་ངག་དམ་བཅར་སོང་ལ། འོན་ཀྱང་《རྣམ་འགྲེལ》ལས། “གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད།།”[12]ཅེས་གསུངས་པས། ཡན་ལག་གཅིག་ལྡན་གྱི་སྒྲུབ་ངག་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ནོ། །
སྒྲུབ་ངག་དེ་འཕེལ་རྒྱས་ཕྱིན་ནས་སློབ་དཔོན་ཆོས་གྲགས་ཀྱི་དུས་སུ་སླེབས་པ་ན། དཔེ་ཡང་གནའ་བོའི་རྒྱ་གར་གྱི་ཡན་ལག་ལྔ་ལྡན་དང་ཡན་ལག་གསུམ་ལྡན་ལྟར་ནུས་པ་ཆེན་པོ་མེད་དེ།《རིགས་ཐིགས》ལས། “གཏན་ཚིགས་ཀྱི་མཚན་ཉིད་གསུམ་སྨོས་པ་དེ་ཙམ་གྱིས་དོན་རྟོགས་པས་དཔེ་ཞེས་བྱ་བ་སྒྲུབ་པའི་ཡན་ལག་ནི་ལོགས་ཤིག་ཏུ་ཅི་ཡང་མེད་དོ། །དེས་ན་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བརྗོད་དེ་དོན་གོ་བས་ཕྱིར་རོ།།”[13] ཞེས་གསུངས་པ་དང་། བསྟན་དོན་ཡང་རྟགས་ཀྱི་ཚུལ་གསུམ་བརྗོད་པའི་ངག་ཙམ་གྱིས་དཔེའི་ཡན་ལག་ནི་འདུས་པར་འདོད་པས། རྟགས་ཀྱི་ཚུལ་གསུམ་གསལ་བོར་བརྗོད་པས་ན་དཔེ་ཞེས་པའི་ཡན་ལག་དེ་འགོད་པའི་དགོས་པ་མེད་ལ། སྐབས་ཀྱི་དཔེ་ཞེས་པ་ནི་སྒྲུབ་པའི་ཡན་ལག་གི་ལོགས་ཤིག་ན་མེད་ཅེས་པའི་དོན་ཡིན་པ་མ་གཏོགས། དཔེ་གཏན་ནས་མེད་ཅེས་པའི་དོན་ནི་མ་ཡིན་ཏེ།《རིགས་ཐིགས་འགྲེལ་བ》ལས། “དཔེ་ཞེས་བྱ་བ་སྒྲུབ་པར་བྱེད་པའི་ཡན་ལག་ནི་ཚུལ་གསུམ་ལས་ལོགས་ཤིག་ནས་བསྟན་དགོས་པ་ཡང་མེད་དེ། གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་སྨོས་པ་དེ་ཙམ་གྱིས་དཔེ་ཡང་དག་གི་དོན་རྟོགས་པས་སོ། །དཔེ་མེད་ན་ཁྱབ་པ་ཇི་ལྟར་ངེས་ཞེ་ན། དཔེ་མེད་ཅེས་མི་ཟེར་གྱི་གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་ཕབ་པ་ལས་ལོགས་ཤིག་ན། དེར་མ་འདུས་པའི་བཤད་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །”[14]ཞེས་གསུངས་པས། རྟགས་ཀྱི་ཚུལ་གསུམ་གསལ་བོར་བརྗོད་པ་ན་དཔེ་འདུས་པར་འདོད། ཡིན་ནའང་གཞན་དོན་རྗེས་དཔག་གི་སྐབས་སུ་ད་དུང་དཔེ་བཀོད་པར་གཞིགས་ན། ཕྱི་རྒོལ་དེ་ནི་རྟགས་ཆོས་ཀྱི་འབྲེལ་བར་རྨོངས་པའི་དབང་རྟུལ་ཞིག་ཏུ་ངེས་ལ། གལ་སྲིད་གང་ཟག་དེ་ཚུལ་གསུམ་ངེས་པའི་རྒོལ་བ་ཡང་དག་ཅིག་ཡིན་ན་ངེས་པར་དུ་དཔེ་བཀོད་དེ་ཁྱབ་པ་སྟོན་པར་བྱེད་པའི་དགོས་པ་མེད་དེ། 《རྣམ་འགྲེལ་འགྲེལ་བ》ལས། “མེ་ལྟ་བུ་དུ་བའི་རྒྱུ་ཡི་དངོས་པོ་ཡིན་པ་དེ་དག་མི་ཤེས་པའི་རྒོལ་བ་རྣམས་ལ་རྗེས་སུ་འགྲོ་ལྡོག་གི་ཚུལ་ཚང་བང་དང་རྒྱ་མཚོ་ལ་བརྟེན་ནས་སྟོན་པ་ཙམ་ཡིན་ཏེ་དཔེ་སྟོབས་ཀྱིས་ཁྱབ་པ་སྒྲུབ་པ་མིན་ལ། དེའི་ཕྱིར་རྒོལ་བ་མཁས་པ་རྣམས་ལ་ནི་། དཔེ་སྟེང་དུ་གཏན་ལ་འབེབས་མི་དགོས་པར་གཏན་ཚིགས་འབའ་ཞིག་བརྗོད་པར་ཟད་དོ།།”[15]ཞེས་གསུངས་པའི་ཕྱིར། དེས་ན་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་གི་དཔེ་དེ་ཕྱི་རྒོལ་གྱི་ཁམས་དང་མོས་པ་ལ་གཞིགས་ཏེ་བཀོད་ཅིང་ཆོག་ལ་འདོར་ཡང་རུང་བར་སྣང་བས། རྟགས་ཆོས་ཀྱི་འབྲེལ་བ་ངེས་ཟིན་པའི་ཕྱི་རྒོལ་ཡང་དག་ཅིག་ལ་དཔེ་འགོད་པ་ནི་སྔ་རྒོལ་གྱི་སྐྱོན་དུ་འགྱུར་ཏེ། 《རིགས་ཐིགས་འགྲེལ་བ》ལས།“རྩོད་པས་སྐབས་སུ་ཕྱི་རྒོལ་གྱིས་ཕྱོགས་ཆོས་དང་ཁྱབ་པ་ཤེས་ཟིན་མ་བརྗེད་པ་ཡིན་ཀྱང་། རྒོལ་བས་དེ་ལྟར་མ་ཤེས་ན། སྒྲུབ་ངག་འགོད་དགོས་ལ། ཤེས་ཀྱང་སྒྲུབ་ངག་བཀོད་ན་གྲུབ་ཟིན་པ་སྒྲུབ་པས་རྒོལ་བའི་སྐྱོན་དུ་འགྱུར་རོ། །”[16]ཞེས་གསུངས་པའི་ཕྱིར། དེ་སྒྲུབ་ཀྱི་དཔེ་འགོད་པ་ཡང་རང་གི་གདུལ་བྱ་རྗེས་སུ་འཛིན་པ་དང་གྲུབ་མཐའ་མི་མཐུན་པ་རྩོད་པའི་སྐབས་སུ་བཀོད་པའི་ངག་ཡིན་ཏེ། 《རིགས་ཐིགས་འགྲེལ་བ》ལས། “སྔར་ཤེས་ཀྱང་བརྗེད་ན་དྲན་རུང་དུ་ཡོད་པ་ནི། སྒྲུབ་ངག་འགོད་པའི་ཡུལ་གཙོ་བོ་ཡིན་ལ། གྲུབ་མཐའ་མི་མཐུན་པ་རྩོད་པའི་སྐབས་དང་། རང་གི་གདུལ་བྱ་བཀྲི་བའི་སྐབས་གཉིས་ཀར་གསུམ་ཀ་གཞི་ནས་བསྒྲུབ་དགོས་པ་ཡང་སྲིད་དོ། །”[17]ཞེས་གསུངས། དེའི་ཕྱིར་སྒྲུབ་ངག་འགོད་པའི་ཡུལ་གཙོ་བོ་ནི་རྟགས་ཀྱི་ཚུལ་གསུམ་ཤེས་ཟིན་པ་ཡུལ་དུས་གང་རུང་གིས་བརྗེད་ཅིང་དྲན་རུང་དུ་ཡོད་པ་ཞིག་ཡིན་དགོས་པ་ལ། དཔེ་ལ་བརྟེན་ནས་ཁྱབ་པ་སྒྲུབ་པའི་གཞན་དོན་རྗེས་དཔག་གི་སྒྲུབ་ངག་ཡོད་ཚད་ནི་གྲུབ་མཐའ་མི་མཐུན་པ་རྩོད་པའི་སྐབས་དང་རང་གི་གདུལ་བྱ་རྗེས་སུ་འཛིན་པའི་སྐབས་སུ་འགོད་པ་གཙོ་བོ་བྱེད་པས། སློབ་དཔོན་ཆོས་གྲགས་ཀྱི་གཞན་དོན་རྗེས་དཔག་གི་རྟེན་དུ་གྱུར་བའི་སྒྲུབ་ངག་ཡོད་ཚད་ནི་དཔེ་བཀོད་དེ་བསྒྲུབ་བྱ་སྒྲུབ་པའི་རྣམ་པ་ཁོ་ན་ཞིག་མ་ཡིན་ནོ། །དེའི་ཕྱིར་གཞན་དོན་རྗེས་དཔག་གི་རྟེན་དུ་གྱུར་བའི་སྒྲུབ་ངག་གི་དཔེའི་བྱེད་ལས་ནི་ཡན་ལག་ལྔ་ལྡན་དང་ཡན་ལག་གསུམ་ལྡན་གྱི་དཔེ་དང་མི་འདྲ་བར་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བར་སྣང་བས། དཔེ་བཀོད་དེ་ཁྱབ་པ་སྒྲུབ་པ་ནི་ཕྱི་རྒོལ་དབང་རྟུལ་གྱི་རིགས་ཡིན་པ་ལས། སྒྲུབ་ངག་ཡོད་ཚད་ལ་དཔེ་བཀོད་དེ་ཁྱབ་པ་སྒྲུབ་པ་ནི་མ་ཡིན་ནོ། །
ག ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་ཚན་གསུམ་སྒྲུབ་ངག་བསྡུས་མ་ཅན་གཉིས་བསྡུར་ནས་བཤད་པ།
དེ་ཡང་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག“གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས།”ཞེས་པ་ལས། དང་པོ“གང་བྱས་ན་མི་རྟག་པས་ཁྱབ།”ཅེས་པ་ནི་རྗེས་ཁྱབ་སྟོན་པའི་ཡོངས་ཁྱབ་ཀྱི་དོན་རྟོག༼全称判断༽ཅིག་ཡིན་ལ། “སྒྲ་ཡང་བྱས”ཞེས་པ་ནི་ཕྱོགས་ཆོས་སྟོན་པའི་རྐྱང་བརྗོད་དོན་རྟོག༼单称判断༽ཅིག་ཡིན་མོད། འོན་ཀྱང་ཕྱི་ཚུལ་གཏན་ཚིགས་རིག་པས་ཕྱོགས་ཆོས་མཚོན་པའི་རྐྱང་བརྗོད་དོན་རྟོག༼单称判断༽ཀྱང་ཡོངས་ཁྱབ་ཀྱི་དོན་རྟོག༼全称判断༽ཏུ་ངེས་འཛིན་ཆོག་སྟབས་ཚད་མ་རིག་པ་དང་འདྲ་བ་མ་ཡིན། ཇི་ལྟར་ཞེ་ན། “ཤེས་བྱ་ནི་རྟག་པ་ཡིན”་ཞེས་པའི་དོན་རྟོག་ལ་མཚོན་ན་ཡོངས་ཁྱབ་དོན་རྟོག༼全称判断༽ཏུ་ངེས་བཟུང་ཚེ་ཤེས་བྱའི་བྱེ་བྲག་གྱུར་བའི་བུམ་པ་ཡང་རྟག་པར་འགྱུར་བས་སོ། །དེ་བཞིན་དུ་རྗེས་ཁྱབ་དང་ཕྱོགས་ཆོས་གཉིས་དངོས་སུ་བརྗོད་པ་ལ་ཕྱི་ཚུལ་གཏན་ཚིགས་རིག་པའི་ཚན་གསུམ་སྒྲུབ་ངག༼三段论༽གི་སྒྲུབ་བྱེད་ཆེ་ཆུང༼大小前提༽གཉིས་དང་ཀུན་ནས་མཚུངས་ན་ཡང་། ཚད་མ་རིག་པས་བསྒྲུབ་བྱ་དངོས་སུ་སྟོན་པ་ནི་ལྷག་པའི་སྐྱོན་དུ་ངེས་ཏེ། 《རྣམ་འགྲེལ》ལས། “བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །”[18]ཅེས་གསུངས། དེའི་ཕྱིར་རྟགས་ཀྱི་ཚུལ་གསུམ་ལ་བརྟེན་ནས་བསྒྲུབ་བྱ་སྒྲུབ་པ་ལ་དམ་བཅའ་ནི་སྔ་རྒོལ་ལ་ཚད་མས་གྲུབ་ཀྱང་ཕྱི་རྒོལ་ལ་ཤེས་འདོད་དང་ཐེ་ཚོམ་གྱིས་ཞུགས་པས། དངོས་སུ་བསྟན་པར་དགོས་པ་མེད་དོ། །གཞན་བསྒྲུབ་བྱས་རང་གཞན་གྱི་དོན་གང་སྒྲུབ་པར་མི་ནུས་ཏེ།《རྣམ་འགྲེལ》ལས། “ཕྱོགས་ཀྱི་ཚིག་དེ་སྨྲ་བ་པོའི། །བསམ་པ་སྟོན་པར་བྱེད་པ་ན། །ཚད་ཡིན་དེ་ལས་ཐེ་ཚོམ་དག །སྐྱེས་ཕྱིར་དངོས་སུ་སྒྲུབ་བྱེད་མིན། །”[19]ཞེས་གསུངས་པ་དང་། ཡང《རྣམ་འགྲེལ》ལས། “ཁྱབ་སྔོན་ཅན་ལ་དེ་མེད་ཀྱང་། །སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང་། །དོན་གྱི་དེ་ནི་འཇིག་བློར་འགྱུར། །”[20]ཞེས་གསུངས་པའི་ཕྱིར་རོ། །
དེ་ཡང་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ལ་ཕྱི་ཚུལ་གཏན་ཚིགས་རིག་པ་ལྟར་སྔོན་འགྲོ་ཆེ་ཆུང་གཉིས་བཀོད་པ་ལས་གཞན། མཐུན་དཔེ་ཞིག་བཀོད་ཡོད་ལ། དཔེ་ནི་ཚད་མ་རིག་པ་གཅིག་པུ་ལས་ཕྱི་ཚུལ་གཏན་ཚིགས་རིག་པའི་ཚན་གསུམ་སྒྲུབ་ངག་ལ་གཏན་ནས་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན། དེ་བས་དཔེ་ནི་ཕྱི་རྒོལ་གྱི་མོས་པར་བསྟུན་ཏེ་རྗེས་ལྡོག་གི་ཁྱབ་པ་སྒྲུབ་པ་ཡིན་ལ། སྒྲུབ་ཚུལ་ནི་ཕྱོགས་བསྡུས་རྗེས་དཔག་དང་རྣམ་འབྱེད་རྗེས་དཔག་གཉིས་ཀྱི་རིགས་པར་བརྟེན་ནས་རྗེས་སུ་དཔག་པའི་རྣམ་པ་ཞིག་ཡིན། རྣམ་པ་འདི་ལ་ཕྱི་ཚུལ་གཏན་ཚིགས་རིག་པས་མཇུག་སྡུད་རྣམ་དག་ཐོབ་མི་ནུས་ཞེས་བརྗོད་དེ། རྒྱུ་མཚན་ནི་བྱེ་བྲག་གི་ཆོས་“བུམ་པ་”གཅིག་པུས་“གང་བྱས་པ་ཐམས་ཅད་མི་རྟག་པས་ཁྱབ་”ཅེས་པའི་ཡོངས་ཁྱབ་དོན་རྟོག་ཅིག་སྒྲུབ་པའི་ཕྱོགས་བསྡུས་ཀྱི་རྣམ་པ་ཞིག་ཡིན་ལ། དེར་དཔེ་ཆོས་ཅན་ཅི་ཙམ་མང་ན་བསྒྲུབ་བྱ་སྒྲུབ་པའི་ནུས་པ་དེ་ཙམ་གྱིས་ཆེ་རུ་འགྲོ་བས། འཇིག་རྟེན་གྱི་ཤེས་བྱར་མཐའ་ཡས་ཤིང་གྲངས་ལ་མུ་མེད་པས་ཐམས་ཅན་མཁྱེན་པའི་ཡེ་ཤེས་མ་ཐོབ་པར་དུ“གང་བྱས་པ་ཐམས་ཅད་མི་རྟག་པར”རྟོགས་པའི་གང་ཟག་ནམ་མཁའི་མེ་ཏོག་ལྟ་བུར་སྣང་། དེས་བས་དཔེ་མེད་པའི་ལག་གཉིས་ལྡན་ནི་མཇུག་སྡུད་རྣམ་དག་ཐོབ་ངེས་པའི་རྣམ་འབྱེད་རྗེས་དཔག་ཅིག་ཡིན་ཡང་། རྟགས་ཆོས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་དཔེ་བཀོད་པའི་ངག་ནི་དང་པོ་ཕྱོགས་བསྡུའི་རྣམ་པ་དང་ཕྱིས་སུ་རྣམ་འབྱེད་བྱེད་པའི་སྦྲེགས་མའི་རྗེས་དཔག་ཅིག་ཏུ་འཁུམས། དེའི་ཕྱིར་གདུལ་བྱ་རྗེས་སུ་འཛིན་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་དེ་མཇུག་སྡུད་རྣམ་དག་ཅིག་ཐོབ་ངེས་པ་མ་ཡིན་ཏེ་ཐོབ་སྲིད་པ་ཞིག་ཡིན། ཞིབ་ཏུ་དཔྱད་ན། སློབ་དཔོན་ཆོས་གྲགས་ཀྱིས་ཡན་ལག་གཉིས་ལྡན་གྱི་དཔེ་དེ་ཡན་ལག་གཅིག་ཏུ་མི་བརྩི་བར། དེ་བསྒྲུབ་བྱ་དང་རྟགས་གཉིས་ཀྱིས་གྲུབ་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ཅིག་ཏུ་ཁས་ལེན་ཏེ། རྒྱུ་མཚན་ནི་རྟགས་ལ་ངེས་པར་ཚུལ་གསུམ་ཚང་དགོས་ལ། ཚུལ་གསུམ་ལས་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་བརྗོད་པར་དཔེ་ནུས་པ་ཡོངས་སུ་འདུས་པས་ཡན་གར་བའི་དཔེའི་ཡན་ལག་ཅིག་འགོད་པའི་དགོས་པ་ནི་མ་མཆིས། གལ་ཏེ“གང་བྱས་ན་མི་རྟག་པས་ཁྱབ་པ”མི་ངེས་པའི་ཕྱི་རྒོལ་གྱི་ངོར“བྱས་པའི་”་རྟགས་ཀྱིས་“སྒྲ་མི་རྟག་པར”སྒྲུབ་པའི་སྒྲུབ་ངག་གིས“སྒྲ་མི་རྟག་པ”ཚད་མའི་ལམ་ནས་རྟོགས་མི་ནུས་པས། ཕྱི་རྒོལ་དེས་ངེས་པར་དུ“སྒྲ་བྱས་པ་ཡིན། གང་བྱས་ན་མི་རྟག་པས་ཁྱབ་པ”ངེས་པ་ཞིག་ཡིན་དགོས་པར་མ་ཟད། དེ་ཡང་ཡུལ་དུས་གང་རུང་ཞིག་གི་དབང་གིས་བརྗེད་ནས་དྲན་རུང་དུ་ཡོད་པ་ཞིག་ཡིན་དགོས་ཏེ། 《སྡེ་བདུན་རྒྱན》ལས། “མདོར་ན། སྒྲུབ་ངག་གི་བྱེད་ལས་ནི་ཚུལ་གསུམ་ཤེས་ཟིན་དྲན་པར་བྱེད་པ་ཡིན་གྱི། མ་ཤེས་པ་ཤེས་པར་བྱེད་པ་མ་ཡིན།”[21] ཞེས་གསུངས་པའི་ཕྱིར་ཞེས་གསུངས་སོ། །
འབྲེལ་ཡོད་འོས་སྦྱོར།