logo

བོད་སྐད་ཀྱི་སྦྱོར་བ་ལས་སྐད་ཆའི་ནང་གི་གནས་སྐབས་བཤད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-03 ཀློག་གྲངས།:
དོན་ཚན་གསུམ་པ།   སྤྱིར་བཏང་དང་དམིགས་གསལ་གྱི་སྐད་ཆའི་སྦྱོར་བ།
     ཚིག་ནི་སྐད་ཆའི་སྦྱོར་བ་ལས་སྐབས་དོན་རྫོགས་པར་བརྗོད་པའི་རྗོད་བྱེད་ཀྱི་སྒྲའི་སྡེ་ཚན་ཞིག་ཡིན་མོད།  དོན་མཚུངས་པའི་སྐད་ཆ་གཅིག་ཀྱང་འབྲེལ་འདྲིས་ཀྱི་ཁོར་ཡུག་མི་འདྲ་བའི་ཁྲོད་ཚིག་མི་འདྲ་བས་བརྗོད་ཆོག་ལ།  ཚིག་མི་འདྲ་བའི་དབང་གིས་བརྗོད་པའི་ནུས་པ་ཡང་མི་འདྲ་བ་རེ་ཐོན་ཕྱིར།  འབྲེལ་འདྲིས་མི་འདྲ་བའི་དགོས་མཁོ་དང་བསྟུན་དགོས།སྐད་ཆ་དངོས་སྤྱོད་ཀྱི་ཐད་ནས་བལྟས་ན།ཚིག་སྒྲོམ་གཅིག་པ་ལའང་། ཁ་གསབ་ཀྱི་འབྲུ་ཡོད་མེད་དང་འགྲུབ་རྒྱུ་མང་ཉུང་། མིང་དོན་གྱི་ཁྱད་པར།ཚིག་ཕྲད་ཀྱི་བྲི་སྣོན་སོགས་ཀྱིས་ཚིག་བརྗོད་ཀྱི་ནུས་པ་མི་འདྲ་བ་ཐོན་ངེས།  དེར་བརྟེན།  ཚིག་སྒྲོམ་ག་འདྲ་ཞིག་གདམ་རྒྱུ་ནི་འབྲེལ་འདྲིས་ཀྱི་དགོས་མཁོར་བལྟ་དགོས་ཤིང་།  ཚིག་གི་རིང་ཐུང་དང་།  སྒྲིག་གཞིའི་དམ་ལྷོད།མིང་གི་སྡེབ་སྟངས་སོགས་གནས་སྐབས་ལ་བརྟེན་ནས་དཀྲུགས་སྡེབ་བྱ་དགོས།དེའི་ཕྱིར།སྐད་ཆ་བཀོལ་སྤྱོད་དངོས་ཀྱི་ཁྲོད། རྒྱུན་དུ་སྤྱིར་བཏང་གི་སྐད་ཆའི་སྦྱོར་བ་ལས་བརྒལ་ཏེ་དམིགས་གསལ་དུ་སྦྱོར་བ་ནི་འབྲེལ་འདྲིས་མི་འདྲ་བའི་དགོས་མཁོ་ལ་བསྟུན་དགོས་པས་བྱས་སོ། །
     སྤྱིར་བཏང་གི་ཚིག་སྒྲོམ་ནི་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་པ་ཅུང་མང་ཞིང་རྒྱུན་ལྡན་དུ་སྤྱོད་པའི་ཚིག་སྒྲོམ་དང་།   དམིགས་གསལ་གྱི་ཚིག་སྒྲོམ་ཞེས་པ་ནི་དེ་ལས་ལྡོག་སྟེ།  སྤྱིར་བཏང་དུ་བཀོལ་པ་ཉུང་པའི་ཚིག་སྒྲོམ་ཀྱི་རྣམ་པ་ཞིག་ཡིན་ལ། རང་རེའི་བོད་སྐད་ལ་མཚོན་ན།སྤྱིར་བཏང་གི་ཚིག་སྒྲོམ་ནི་བརྗོད་གཞི་བྱ་ཡུལ་གསལ་བྱེད་བཅས་ཀྱི་རིམ་པར་སྤེལ་བ་ཤོས་ཆེ་ལ།(主-宾-谓)གལ་ཏེ་བྱ་ཡུལ་བརྗོད་གཞིའི་སྔོན་དུ་སྦྱར་ན་དམིགས་གསལ་གྱི་སྦྱོར་བ་ཅན་དུ་འགྲོ་ངེས་ཤིང་། དེ་ལྟར་བྱས་ན་བརྗོད་དོན་གྱི་གནད་བྱ་ཡུལ་གྱི་སྟེང་དུ་འབེབས་ཐུབ་ཏེ། དཔེར་ན།  དགེ་རྒན་གྱིས་སློབ་ཁྲིད་བྱེད་ལྟ་བུ་དང་། སློབ་ཁྲིད་དགེ་རྒན་གྱིས་བྱེད་ཞེས་པ་ལས་ཕྱི་མའི་དོན་གྱི་གནད་བྱ་ཡུལ་སློབ་ཁྲིད་ཀྱི་སྟེང་དུ་ཡོད་པས།བརྗོད་འདོད་ཀྱི་དགོས་མཁོ་ལྟར་ཚིག་གི་སྒྲོམ་གཞི་སྤྱི་བཏང་ལས་བརྒལ་ཏེ་སྦྱར་ན་བརྗོད་དོན་སྔར་ལས་གསལ་བར་སྟོན་ཞིང་དོན་གྱི་ནུས་པ་ཆེ་རུ་འབྱིན་ཐུབ་བོ། །
དང་པོ།   ཚིག་གི་ཆ་ཤས་ཀྱི་གནས་སྤོར།
     སྤྱིར་བཏང་གི་ཚིག་སྒྲོམ་ལས་ཚིག་གི་ཆ་ཤས་ལ་གནས་འགྱུར་བྱུང་ན།  དམིགས་གསལ་ཀྱི་སྒྲོམ་གཞི་སྣ་ཚོགས་སུ་འགྱུར་སྲིད།  དམིགས་གསལ་ཀྱི་ཚིག་སྒྲོམ་ནི་རྒྱུན་པར་སྐད་ཆའི་གནས་སྐབས་དང་བསྟུན་ནས་བྱུང་བ་ཡིན་ཡང་། སེམས་ཀྱི་འཕྲོ་འདུ་དང་།  ཁ་སྐད་ཀྱི་ཁྲོད་དུ་བརྗོད་པ་པོས་རྒྱུན་དུ་གནས་སྐབས་ལ་བརྟེན་ཏེ། གདངས་ཀྱི་མཐོ་དམའ། དལ་མྱུར། ལྕི་ཡང་།  ངལ་གསོ་སྡོད་མཚམས་སོགས་སྐད་གདངས་ཀྱི་རྒྱུ་རྐྱེན་ལ་ཚོད་འཛིན་བྱས་ཆོག་པར་མ་ཟད།  རྣམ་འགྱུར་དང་ལག་བརྡ།  ཚུགས་ཀ་སོགས་སྐད་ཆ་མ་ཡིན་པའི་བརྡ་ཐབས་ལ་བརྟེན་ཏེ་དོན་གྱི་གནད་འབུར་དུ་ཐོན་དུ་འཇུག་ཐུབ་མོད། ཡིག་སྐད་དུ་སྐད་གདངས་དང་སྐད་ཆ་མ་ཡིན་པའི་བརྡ་ཐབས་སོགས་ཀྱིས་དོན་གྱི་གནད་འབུར་དུ་ཐོན་པར་འཇུག་དཀའ།  དེ་བས་ཚིག་གི་སྒྲིག་གཞིའི་ཐད་ནས་དཀྲུགས་སྡེབ་མི་བྱེད་ཀ་མེད་ཡིན།  བོད་སྐད་ཀྱི་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རུ།  ཚིག་གི་གནས་འགྱུར་ཞེས་པ་ནི། སྐད་ཆའི་སྦྱོར་བ་དངོས་ཀྱི་ནང་དུ།བསྟན་དོན་འགྱུར་མི་འགྱུར་གང་རུང་གི་གནས་ཚུལ་འོག་ཚིག་གི་འགྲུབ་རྐྱེན་སོ་སོའི་གོ་གནས་སྔ་ཕྱིར་བརྗེ་བསྣོལ་དང་། འབྲུ་ཉུང་ངུར་བསྡུས་པ་དེ་ལ་བྱ་ཞིང་།  དེ་ཡང་གཙོ་ཆེར་སྒྱུ་རྩལ་རྩོམ་རིག་དང་ཁ་སྐད་དུ་རྒྱུགས་ཆེ་བའི་ཚིག་གི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་པ་དང་། དེ་ལ་དོན་མཚུངས་གནས་འགྱུར་དང་དོན་འགྱུར་གནས་འགྱུར་གཉིས་ཡོད།[15]ཞེས་བསྟན་ཡོད་པ་དང་། ཚིག་གི་སྒྲིག་གཞིའི་འགྱུར་སྟངས་ཁ་ཤས་བརྗོད་ན།           
༡  གསལ་བྱེད་ཀྱི་སྒྲ་སྔོན་དུ་སྤོར་བ། སྤྱིར་བཏང་དུ་ཚིག་ཆ་ཚང་ཞིག་བརྗོད་པ་ལ་བརྗོད་གཞི་ཚིག་གི་མགོའམ་སྔོན་དུ་སྦྱར་དགོས་ཤིང་།   དེའི་གཞུག་ཏུ་བརྗོད་གཞིའི་དོན་དེ་ཉིད་གསལ་བར་བྱེད་ཅིང་ཚིག་གི་གྲུབ་ཆ་གཙོ་བོར་གྱུར་ཡོད་པའི་གསལ་བྱེད་ཀྱི་སྒྲ་ཡོད་ལ།  སྐབས་འགར་བརྗོད་འདོད་ཀྱི་དབང་གིས་གསལ་བྱེད་ཀྱི་སྒྲ་བརྗོད་གཞིའི་སྔོན་དུ་སྤོར་པའང་ཡོད་དེ།  དེ་ནི་སྐད་ཆའི་གནས་སྐབས་ཀྱི་དགོས་མཁོ་སྐོང་ཕྱིར་ཡིན་ཏེ།  དཔེར་ན།  ཡིད་འགྱུར་དྲག་ཏུ་འཕེལ་བའི་ངང་ཚུལ་གསལ་བར་མཚོན་ཕྱིར།མཚོ་སྔོན་པོའི་ཁ་དོག་འདི་ཧ་ཅང་སྔོའོ། །ཞེས་པའི་ཆ་ཤས་སྔ་ཕྱི་གོ་ལྡོག་སྟེ།ཧ་ཅང་སྔོའོ།  །མཚོ་སྔོན་པོའི་ཁ་དོག་འདི་ཞེས་བརྗོད་པ་ནི་བརྗོད་འདོད་ཀྱི་དབང་གིས་གསལ་བྱེད་ཀྱི་སྒྲ་སྔོན་དུ་སྦྱར་རྗེས།  བརྗོད་གཞིས་ཁ་གསབ་བ་ནི་གནས་སྐབས་ཀྱི་དབང་དུ་བྱས་པ་དང་། གོང་དུ་བརྗོད་པ་བཞིན་རྩོམ་རིག་བརྩམས་ཆོས་སོགས་སུ་འདིའི་སྐོར་མང་དུ་འབྱུང་སྟེ། བསམ་བློའི་བརྩེ་དུང་ཤུགས་དྲག་ཏུ་སྟོན་ཕྱིར་གསལ་བྱེད་ཀྱི་སྒྲ་སྔོན་དུ་བརྗོད་ཡོད་དེ།དཔེར་ན། སྣང་སས།སྐྱབས་སུ་མཆིའོ་བླ་མ་དཀོན་མཆོག་གསུམ།།བྱིན་གྱིས་རློབས་ཤིག་ཡི་དམ་མཁའ་འགྲོའི་ཚོགས།།བར་ཆད་སོལ་ཅིག་ཆོས་སྐྱོང་སྲུང་མ་རྣམས།།བུ་མོའི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག།ལྟ་བུས་མཚོན་པ་དང་།( 《སྣང་ས་འོད་འབུམ་གྱི་རྣམ་ཐར》ལས།) ཡང་། གཡུ་སྦྲང་པདྨའི་ངག་སྙན་ནས།།ལགས་སོ་ལགས་སོ་སྙིང་སྡུག་ཁྱོད་བདེན།།བདེན་བདེན་ནོ་ཡིད་འཛིན་སྙིང་གཏམ།།སྙིང་གཏམ་སྙིང་གི་བཅུད་དུ་བཏབ་པ།།སྙིང་ལ་འཆི་མེད་བདུད་རྩི་དེ་ལགས།། (《གཏམ་པདྨའི་ཚལ་གྱི་ཟློས་གར།》ལས།)ཞེས་པའི་ཚིག་འདིའི་ནང་གི་ལགས་སོ་ལགས་སོ་དང་བདེན་ནོ་བདེན་ནོ་ཞེས་པ་གཉིས་ནི་གསལ་བྱེད་ཀྱི་སྒྲ་ཡིན་པ་དང་། སྤྱིར་བཏང་གི་ཚིག་གི་སྒྲིག་གཞི་ལྟར་ན། སྙིང་སྡུག་ཁྱོད་བདེན་པས་ལགས་སོ་ལགས་སོ། །ཡིད་འཛིན་སྙིང་གཏམ་བདེན་ནོ་བདེན་ནོ་ཞེས་བྲི་དགོས་ཀྱང་།ཚིག་འདིའི་གནས་སྐབས་ཀྱི་ནང་དུ་གསལ་བྱེད་ཀྱི་སྒྲའི་གནས་འགྱུར་བྱུང་པས། གཡུ་སྦྲང་གིས་གསེར་སྦྲང་གི་སྙིང་གཏམ་ལ་ཧ་ཅང་ཡི་རངས་པའི་བསམ་པ་དེ་འབུར་དུ་དོད་དེ་མངོན་པར་མཚོན་ཡོད།
༢ བྱ་ཡུལ་སྔོན་དུ་སྤོར་བ།བྱ་ཡུལ་ནི་གསལ་བྱེད་ཀྱི་སྒྲ་དང་སྦྲེལ་ནས་བརྗོད་གཞི་དེ་ཅི་ཡིན་པ་དང་ཅི་ཞིག་བྱས་པ་སྟོན་པ་ལ་བྱ་ཞིང་། སྤྱིར་བཏང་དུ་བྱ་ཡུལ་བརྗོད་གཞིའི་གཞུག་ཏུ་ཡོད་མོད། བརྗོད་འདོད་ཀྱི་དབང་གིས། བྱ་ཡུལ་བརྗོད་གཞིའི་སྔོན་དུ་སྤོར་བའམ།ཡང་ན་ཚིག་རིལ་བོའི་མགོར་བཞག་ཏེ་བརྗོད་ཆོག་པ་དཔེར་ན། རྣམ་འབྱོར་དཔོན་གཡོག་གཉིས་ལ་འཚོ་བ་དང་ཡོན་འབུལ་དབང་ཆ་བདག་ལ་མེད།ཕར་གི་ན་བཞུགས་པའི་ཨ་ལྕེ་ན་བཟའ་སྨུག་འཁྲིག་འཁྲིག་ཞལ་རས་སྣུམ་འཚེར་འཚེར་ཡོད་པ་དེ་ལ་ཞུས་ཤིག་ཅེས་སྣང་སས་ཕྱག་མཛུབ་བཙུགས་ནས་བསྟན།(《སྣང་ས་འོད་འབུམ་ལས།》)ཞེས་པའི་ཚིག་ལས་བྱ་ཡུལ་ནི་བརྗོད་གཞི་སྣང་ས་ཡི་སྔོན་དུ་མཆིས་པས་ཕྱག་མཛུབ་བཙུགས་ནས་བསྟན་ཞེས་པའི་བསྟན་བྱའི་ཡུལ་འབུར་དུ་དོད་དེ་གསལ་བར་མཚོན་པ་ལྟ་བུ་དང་། ཡང་། སློབ་སྤྱིས་དགེ་རྒན་རྣམས་ལ་གསུང་བཤད་གལ་ཆེན་གནང་ཞེས་པའི་ཚིག་འདིའི་ནང་གི་བྱ་ཡུལ་དགེ་རྒན་རྣམས་ལ་ཞེས་པ་ཚིག་གི་མགོར་བཞག་ཏེ།དགེ་རྒན་རྣམས་ལ་སློབ་སྤྱིས་གསུང་བཤད་གལ་ཆེན་གནང་ཞེས་བརྗོད་ན་དོན་གྱི་གནད་དགེ་རྒན་རྣམས་ཞེས་པའི་སྟེང་དུ་བབས་ཡོད་ལ།  དགེ་རྒན་རྣམས་ཞེས་འབུར་དུ་ཐོན་སྲིད། མདོར་ན།  བྱ་ཡུལ་སྔོན་དུ་སྤོར་བ་ཡང་གནས་སྐབས་ཀྱི་དགོས་མཁོ་དང་བསྟུན་པ་དང་། རྗོད་པ་པོའི་བརྗོད་འདོད་ཀྱི་ཕྱིར་དུ་ཡིན་ནོ། །
༣ ཁྱད་འདོན་གྱི་སྒྲ་སྔོན་དུ་སྤོར་བ།ཁྱད་འདོན་གྱི་སྒྲ་ནི་གསལ་བྱེད་ཀྱི་སྒྲའི་ཁྱད་པར་འདོན་པ་སྟེ། གཙོ་བོ་ཤུགས་འདོན་པའི་མིང་གིས་བྱེད་ཅིང་།  གསལ་བྱེད་ཀྱི་སྒྲའི་སྔོན་ལ་སྦྱོར་རོ། །ཞེས་བསྟན་ཀྱང་། སྐད་ཆའི་གནས་སྐབས་ངེས་ཅན་ཀྱི་ཁྲོད།བརྗོད་འདོད་ཀྱི་དགོས་མཁོ་ལྟར་དུ་ཁྱད་འདོན་གྱི་སྒྲ་ཚིག་རིལ་བོའི་སྔོན་དུ་སྦྱར་བའམ་བརྗོད་གཞིའི་སྔོན་དུ་སྦྱར་བའང་ཡོད།དཔེར་ན།ཡོངས་གྲགས་ཀྱི་ཚིག་འགྲོས་ལྟར་ན།  ཟླ་བའི་དཀྱིལ་འཁོར་རིམ་གྱིས་རི་བོའི་སྤོ་ནས་ཤར་ལྟ་བུ་ལས་རིམ་གྱིས་ཞེས་པའི་ཁྱད་འདོན་གྱི་སྒྲ་འདི་གསལ་བྱེད་ཀྱི་སྒྲ་ཤར་སོགས་ཀྱི་སྔོན་དུ་སྦྱར་ཡོད་པ་དང་། བརྗོད་འདོད་ཀྱི་དབང་གིས་རིམ་གྱིས་ཟླ་བའི་དཀྱིལ་འཁོར་རི་བོའི་སྤོ་ནས་ཤར་ལྟ་བུའི་ཁྱད་འདོན་གྱི་སྒྲ་ཚིག་རིལ་བོའི་སྔོན་དུ་སྦྱར་བས་དོན་གྱི་ཁྱད་པར་སྔར་ལས་གསལ། ཡང་ན། གློ་བུར་མི་རྟག་འཆི་བ་བྱུང་ལགས་ཀྱང་།འདས་ལོག་བྱས་པས་སླར་ཡང་བུ་མོ་ང་། །དྲིན་ཆེན་ཕ་མ་མཇལ་བར་ངོ་མཚར་ཆེ། ། (《སྣང་ས་འོད་འབུམ་གྱི་རྣམ་ཐར》ལས།)ཞེས་པ་འདི་ལས།ཡོངས་གྲགས་ཀྱི་ཚིག་འགྲོས་ལྟར་ན།སླར་ཡང་ཞེས་པ་ནི་མཇལ་པ་ཞེས་པའི་སྔོན་དུ་སྦྱར་དགོས་མོད། འདིར་རྩོམ་པ་པོས་བརྗོད་གཞི་བུ་མོ་ང་ཞེས་པའི་སྔོན་དུ་སྦྱར་བས་ཚིག་གི་སྡེབ་ལེགས་ཤིང་། བསམ་པའི་བརྩེ་དུང་སྔར་ལས་ལྷག་པའི་སྒོ་ནས་གསལ་བར་མཚོན་ཡོད།
གཉིས་པ། ཚིག་གི་ཆ་ཤས་རྗེས་སུ་སྤོར་བ།
     ཆོས་བརྗོད་ཀྱི་སྒྲ་རྗེས་སུ་སྤོར་བ།ཆོས་བརྗོད་ཀྱི་སྒྲ་ནི་བརྗོད་གཞི་གང་ལ་བལྟས་ཏེ། དེའི་ཁྱད་ཆོས་སུ་བརྗོད་པའི་སྒྲ་ཡིན་ཞིང་། སྤྱིར་བཏང་དུ་གཞི་དེའི་སྔོན་དུ་སྦྱོར་བ་ཡིན་མོད་། བརྗོད་འདོད་ཀྱི་དགོས་མཁོ་ལྟར་བརྗོད་གཞིའི་རྗེས་སུ་སྤོར་པ་དང་།  མང་ཆེ་བར་ཚིག་རིལ་བོའི་མཇུག་ཏུ་སྦྱོར་བ་སོགས་ཀྱང་ཡོད་པ་དཔེར་ན། དུས་ནམ་ཞིག་ན་རྒྱལ་རྩེ་རི་ནང་ཚོ་ཆེན་དུ་དཔོན་པོ་སྒྲ་ཆེན་པ་བྱ་བ་མེ་ཆེན་ལས་དབལ་ཆེ་བ།ཆུ་ཆེན་ལས་རླབས་དྲག་པ།རྟ་རྔ་ལས་ཉག་ཕྲ་བ།རྒྱ་གཡེར་ལས་ཁ་བེར་བ།སྲན་མ་ལས་རྡོག་འགྲིལ་བ།བག་ཕྱེ་ལས་རྩིས་ཞིབ་པ་ཞིག་ཡོད། (《སྣང་ས་འོད་འབུམ་གྱི་རྣམ་ཐར》ལས།)ལྟ་བུའི་ཚིག་འདིའི་ཆོས་བརྗོད་ཀྱི་སྒྲ་རྣམས་བརྗོད་གཞིའི་རྗེས་སུ་བརྗོད་པ་དང་།ཡང་དཔེར་ན། གཞན་ཡང་དཔའ་མཛངས་དཀྱེལ་ཆེ་སྙིང་སྟོབས་དང་ལྡན་པ་ནི་འདི་ལྟ་སྟེ།དཔའ་བའི་དབང་།འཇིགས་མེད་དཔུང་འཇོམས།འབུམ་ཕྲག་དོ་ཟླ་གཅིག་པ།འཇིགས་མེད་བརྟུལ་ཞུགས་ལྡན། (《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས།)ཞེས་པ་ལས།  ཆོས་བརྗོད་ཀྱི་སྒྲ་དཔའ་བའི་དབང་། འཇིགས་མེད་དཔུང་འཇོམས།འབུམ་ཕྲག་དོ་ཟླ་གཅིག་པ། འཇིགས་མེད་བརྟུལ་ཞུགས་ཞེས་པ་སོགས་ཚིག་གི་མཇུག་ཏུ་སྦྱར་བས། དོན་གསལ་ཞིང་བརྣན་པའི་ནུས་པ་ཞིག་ཐོན་ཡོད།
གསུམ་པ།  ཚིག་གི་སྒྲིག་གཞི་ཐུང་ངུར་གཏོང་བ།
     ཚིག་རྐྱང་པའི་སྒྲིག་གཞི་ཐུང་ངུར་གཏོང་པ་ནི་གཙོ་བོ་རྒྱན་གྱིས་སྤུད་པའི་ཆ་དང་། ཁ་གསབ་ཀྱི་ཆ་རྣམས་སྦས་པའམ་བསྡུས་པ་སོགས་ཀྱིས་མཚོན་པ་དང་། ཚིག་སྦྲགས་མའི་སྒྲིག་གཞི་ཐུང་ངུར་བཟོ་བ་ནི་ཚིག་རྐྱང་པའི་རྣམ་པས་ཚིག་སྦྲགས་མའི་དོན་མངོན་པ་ཡིན། ༡ ཚིག་རྐྱང་པའི་སྒྲིག་གཞི་ལ་གནས་སྐབས་ཀྱིས་ཤན་ཤུགས་ཐེབས་ལ། ཚིག་ཁ་ཤས་གནས་སྐབས་དང་བྲལ་ནའང་དོན་ཆ་ཚང་ཞིག་སྟོན་ཐུབ། འགའ་ཤས་ཤིག་གནས་སྐབས་དང་བྲལ་ན་དོན་ཆ་ཚང་སྟོན་མི་ཐུབ་ཅིང་།ཚིག་ཐུང་ངུ་བཏང་རྗེས།   སྒྲིག་གཞི་ཇི་ལྟར་སྟབས་བདེ་ན་གནས་སྐབས་ལ་དེ་ལྟར་བརྟེན་པའི་ཤུགས་ཆེ། སྤྱིར་ཚིག་ཆ་ཚང་ཞིག་ལ་མ་མཐའ་ཡང་བརྗོད་གཞི་དང་གསལ་བྱེད་ཀྱི་ཆ་གཉིས་ངེས་པར་དགོས་ཀྱང་། སྐབས་འགར་བརྗོད་འབྲེལ་གྱི་གནས་སྐབས་དང་།  ཀུན་སློང་གི་ཁྱད་པར་སོགས་ལས་དེ་གཉིས་ཀྱི་ཅིག་ཤོས་ལས་མེད་ཀྱང་སྐབས་དོན་གསལ་བར་བྱེད་པ་ལ་ཚིག་ཐུང་ངུ་ཞེས་བྱ།ཞེས་བསྟན་པ་ལྟར།དཔེར་ན།ཐོག་ཁང་འདི་ནི་ཧ་ཅང་མཐོ་ལྟ་བུའི་ཚིག་ལ་བརྗོད་གཞི་དང་གསལ་བྱེད་ཀྱི་སྒྲ་ལྡན་པས།  ལྷུག་པར་བརྗོད་པ་དང་། གསལ་བཤད་བྱེད་པ།བརྡར་ཤ་གཅོད་པ།ལན་གདབ་པ་སོགས་སུ་སྤྱོད་རུང་ལ། ཐོག་ཁང་མཐོ་ལྟ་བུ་ལ་བརྗོད་གཞི་དང་གསལ་བྱེད་ཀྱི་སྒྲ་ལྡན་པས།  སྔ་མ་ལྟར་དུ་སྤྱད་ཆོག་མོད། མཐོ་ཞེས་པར་བརྗོད་གཞི་མི་ལྡན་པས་ལན་གདབ་པའི་སྐབས་མ་གཏོགས་དོན་སྟོན་མི་ཐུབ། དཔེ་འདི་ལས་མཐོང་ཐུང་པ་ནི།  ཆེས་སྟབས་བདེ་བའི་ཚིག་ཐུང་ངུའི་རྣམ་པ་ནི་མིང་གཅིག་གིས་མཚོན་པ་དང་། དེ་ནི་གནས་སྐབས་ཁོ་ནར་བརྟེན་ཏེ་དོན་སྟོན་ཞིང་།  སྤྱིར་བཏང་དུ་རྩོམ་རིག་བརྩམས་ཆོས་དང་རྒྱུན་ལྡན་གྱི་ལབ་གླེང་བྱེད་པའི་སྐབས་སུའང་འབྱུང་། ༢ ཚིག་སྦྲགས་མ་ཐུང་ངུར་གཏོང་བ་ནི་གོང་དུ་བཤད་པ་བཞིན་ཚིག་རྐྱང་བའི་རྣམ་པས་སྦྲགས་མའི་དོན་སྟོན་ཡིན་པས། དེ་ལ་ཚིག་གི་སྒྲིག་གཞིའི་འབྲེལ་བ་ལས་གཏན་ཚིགས་ཀྱི་དོན་གྱི་འབྲེལ་བའང་ཡོད། ཚིག་སྦྲགས་མ་ཐུང་ངུར་གཏོང་བ་ནི་གཏན་ཚིགས་གི་འབྲེལ་བའི་ཆ་ནས་བལྟ་དགོས་སོ།།

འབྲེལ་ཡོད་འོས་སྦྱོར།