བོད་སྐད་ཀྱི་སྦྱོར་བ་ལས་སྐད་ཆའི་ནང་གི་གནས་སྐབས་བཤད་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-03
ཀློག་གྲངས།:
དོན་ཚན་བཞི་བ། ཚིག་གི་ཚོགས་པ་བཤད་པ།
ཚིག་གི་ཚོགས་པ་ཞེས་པ་ནི་ཚིག་གཉིས་ཡན་འདུས་པ་ལས་གྲུབ་ཅིང་། དོན་གྱི་ཆ་ནས་གཏན་ཚིགས་ཀྱི་འབྲེལ་བ་ཡོད་པ་དང་། བརྡ་སྤྲོད་ཀྱི་ཐད་ནས་སྒྲིག་གཞིའི་འབྲེལ་བ་ཡོད་པ།སྐད་ཆའི་འགྲོས་གོང་འོག་སྦྲེལ་བའི་ཚིག་གི་ཚོགས་པ་ཞིག་ལ་བྱ་ཞིང་། བརྡ་སྤྲོད་ཉེར་བདུན་གྱི་རྩ་འགྲེལ་དུ། བརྗོད་པ་ནི་ཚིག་གི་ཚོགས་སོ། །[16]ཞེས་གསུངས་པ་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ་དུ་བརྗོད་པ་ནི་ངག་སྟེ།[17]ཞེས་དང་། བརྗོད་བྱའི་ངོ་བོ་སྟོན་པ་ལ་མིང་དང་། ཁྱད་པར་སྟོན་པ་ལ་ཚིག་དང་། ཁོག་སྒྲིག་པ་ལ་ངག་གི་ཕྲེང་བ་རྣམས་མེད་དུ་མི་རུང་བས། གཞུང་དང་གདམས་པ་ཡང་ངག་ཚིག་མིང་གི་ཕྲེང་བ་ལས་མ་འདས།[18]ཞེས་གསུངས་པ་དང་། གསེར་ཏོག་སུམ་རྟགས་སུ། དོན་གྱི་ངོ་བོ་སྟོན་པ་མིང་། ཁྱད་པར་སྟོན་པ་ཚིག་དང་། དེ་ཉིད་དོན་ལྡན་ངག་གི་ཕྲེང་པ་དུ་མར་སྤེལ་བ་བརྗོད་པ[19]ཞེས་དང་། ཐུན་མོང་རིག་གནས་ཀྱི་རྣམ་བཞག་ཏུ། རྗོད་བྱེད་ངོ་བོ་མིང་ཚིག་ངག་གསུམ། །[20]ཞེས་གསུངས་ལ།མཁས་པ་རྣམས་འཇུག་པའི་སྒོ་རུའང་། ཡི་གེ་འདུས་པའི་བདག་ཉིད་ཅན། དོན་གྱི་ངོ་བོ་བརྡ་སྤྲོད་པ། མིང་ཡིན་དེའི་ཁྱད་པར་དག །སྟོན་པས་ཚིག་ཅེས་རབ་ཏུ་བཤད། །དེ་དག་ཕན་ཚུན་སྦྱར་པ་ལས། །བརྗོད་དོན་གསལ་བར་སྟོན་ཏེ་ངག །[21]ཅེས་གསུངས་པ་སོགས་ལས་ཤེས་ཐུབ་པ་ནི། ངག་དང་། བརྗོད་པ། ཚིག་གི་ཚོགས་པ་བཅས་ནི་དོན་གཅིག་ལྡོག་པ་ཐ་དད་པའི་མིང་གི་རྣམ་གྲངས་ཙམ་དུ་ཟད་དོ།། ཚིག་ཚོགས་དང་དོན་ཚན་ནི་ཆེས་ཆེ་བའི་བརྗོད་འབྲེལ་གནས་སྐབས་ཡིན་ཞིང་།ཚིག་ལས་ཆེ་བའི་སྐད་ཆའི་སྡེ་ཚན་ནི་ཚིག་ཚོགས་ཡིན་ལ། ཚིག་གི་ཚོགས་པ་འགའ་འདུས་པ་ལས་ལེའུ་དང་ས་བཅད་གྲུབ་པ་དང་། ཚིག་ཚོགས་དང་དོན་ཚན་གང་ཡིན་རུང་དོན་གྱི་སྟེང་དུ་སྒྲིག་གཞི་དང་འབྲེལ་བ་ཡོད་པར་མ་ངེས། སྐད་ཆ་གང་ཞིག་སྤྱད་རུང་སྐད་ཆའི་གནས་སྐབས་ངེས་ཅན་གྱི་ཁྲོད་དུ་བཤད་དགོས་ཤིང་།ཚིག་ཚོགས་དང་དོན་ཚན་སོགས་ནི་བརྗོད་འབྲེལ་གནས་སྐབས་ཤ་སྟག་ཡིན་པས། དེ་དག་གིས་སྐད་ཆའི་སྡེ་ཚན་གང་རུང་གི་དོན་ལ་ཤུགས་རྐྱེན་ངེས་ཅན་དང་གསལ་འདོན་གྱི་ནུས་པ་ཐོན་ངེས།དེ་བས། ཚིག་ཚོགས་དང་དོན་ཚན་གྱིས་སྐད་ཆའི་གནས་སྐབས་ཀྱི་ཞིབ་འཇུག་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད།
དེ་ཡང་མཁས་པ་འཇུག་པའི་སྒོའི་རྣམ་བཤད་འཆད་རྩོམ་གསལ་བའི་མེ་ལོང་དུ། ངག་ལ་དཔྱད་སྐབས་གཙོ་བོ་གཏན་ཚིགས་ཀྱི་ཐོག་ནས་དཔྱད་དགོས་ཏེ།ངག་ནི་ཚིག་དུ་མ་ལས་གྲུབ་སྟབས་ཚིག་སྔ་ཕྱི་གཉིས་ལ་འགལ་འབྲེལ་ཡོད་མེད་དང་།རྒྱུ་འབྲས་གང་དུ་འགྲོ་བ་གཏན་ཚིགས་ཀྱིས་དཔྱད་ན་གསལ་ཞེས་གསུངས་པ་ཤིན་ཏུ་མད། དེ་བས། ངག་གམ་ཚིག་ཚོགས་ནི་གཙོ་བོ་དོན་གྱི་ཐད་ནས་གནས་སྐབས་ཀྱི་འབྲེལ་བ་གྲུབ་པ་ཡིན་སྟབས། སྒྲིག་གཞི་དང་རྣམ་པའི་སྔ་ཕྱིའི་གོ་རིམ་མི་འཆོལ་བར་སྦྱོར་བ་དང་།བརྗོད་བྱ་གཅིག་ལ་བརྗོད་གཞི་གཅིག་གམ་དུ་མ་ལྡན་པར་བྱེད་རུང་ཞིང་། དོན་ཆ་ཚང་ཞིག་རྫོགས་པར་གསལ་བར་སྟོན་པ་ཡིན། ཚིག་ཚོགས་ནི་ཆེས་ཆེ་བའི་བརྡ་སྤྲོད་པའི་སྡེ་ཚན་ཞིག་ཡིན་ཅིང་། དེ་ནི་ཚིག་དུ་མ་ལས་གྲུབ་པས།ཚིག་གིས་དོན་ཅུང་ཆ་ཚང་ཞིག་སྟོན་པའི་དབང་དུ་བཏང་ན། ཚིག་ཚོགས་ཀྱིས་བརྗོད་དོན་རྙོག་དྲ་ཅན་དག་སྟོན་པ་ཡིན།དེ་བས་ཚིག་ཚོགས་ནི་དོན་གྱི་གནས་སྐབས་ལ་ལྟོས་ཏེ་གོ་བར་བྱེད་པ་ཡིན་ལ།དེའང་ཚིག་སྦྲགས་མ་དང་འདྲ་བར་གཏན་ཚིགས་ཀྱིས་སྦྲེལ་ཡོད་དེ། དོན་མཉམ་པར་སྟོན་པའི་ཚིག་ཚོགས། རིམ་བརྗོད་ཚིག་ཚོགས། སྟོབས་འཕེལ་ཚིག་ཚོགས། རྒྱས་བཤད་ཚིག་ཚོགས།གདམ་བསལ་ཚིག་ཚོགས།འགལ་དོན་ཚིག་ཚོགས། རྒྱུ་འབྲས་གསལ་བྱེད་ཀྱི་ཚིག་ཚོགས། ཆ་འཇོག་ཚིག་ཚོགས།དམིགས་གཏད་ཚིག་ཚོགས་སོགས་ཀྱིས་མཚོན་པའི་ཚིག་ཚོགས་འདི་དག་གིས་བརྗོད་དོན་རྙོག་དྲ་ཅན་དག་གདམ་བསལ་གྱི་སྒོ་ནས་སྟོན་ཐུབ་ཏེ།དཔེར་ན།ཚིག་ཚན་དུ་མས་བརྗོད་དོན་རིལ་བོ་ཞིག་གི་ཕྱོགས་འགའམ། ཕན་ཚུན་ལྟོས་མཉམ་ཅན་གྱི་དོན་དུ་མ་བརྗོད་པར་བྱེད་པ་ལ་སྤྱིར་བཏང་དུ་འདྲ་མཉམ་ཚིག་ཚོགས་ཀྱི་སྟོན་པར་བྱེད་སྟེ། དཔེར་ན། སེང་བློན་གྱིས་སློག་པ་ཞིག་རྒྱབ་ཏུ་གྱོན། ཐག་པ་ཞིག་སྐེད་ལ་བཅིངས།རལ་གྲི་ཞིག་གློ་ལ་གཟུར། ལྕགས་ཞྭ་ཞིག་མགོ་ལ་གྱོན་ནས་རྟ་རྐང་གྱོལ་ཞིག་ལ་ཞོན་ནས་ཡར་སོང་ངོ།། (《ཧོར་གླིང་གཡུལ་འགྱེལ》ལས) ཁྲི་བཙུན་གྱིས་བལ་ཡུལ་ནས་བཟོ་བོ་དུ་མ་བོས་ནས་སྟེང་ཁང་རྣམས་བཞེངས་པ་དང་དུས་མཚུངས་སུ་ཀོང་ཇོས་རྒྱའི་བཟོ་བོ་མཁས་པ་རྣམས་བཀུག་ནས་ར་མོ་ཆེའི་གཙུག་ལག་ཁང་བཞེངས།(《དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན》ལས།)ཞེས་པ་ལྟ་བུ་མཚོན་ལ། དེ་ནི་གཙོ་བོ་དོན་གྱི་འབྲེལ་བའི་གནས་སྐབས་ཀྱི་རྨང་གཞིའི་སྟེང་ནས་ད་གཟོད་བསྟན་དོན་འདྲ་མཉམ་གྱི་འབྲེལ་བ་གསལ་བར་བསྟན་ཏོ། །ཡང་དུས་ཀྱི་སྔ་ཕྱི་དང་གཏན་ཚིགས་ཀྱི་རིམ་པ་ལྟར་ཚིག་ཚན་དུ་མ་ལྷན་དུ་སྦྲེལ་ཞིང་། དེ་དག་གི་བསྟན་དོན་ལ་དུས་ཀྱི་ཁྱད་པར་ཤིན་ཏུ་གསལ་བས་ཚིག་ཚན་སྔ་ཕྱི་གོ་ལྡོག་མི་རུང་བ་སོགས་ནི་རིམ་བརྗོད་ཚིག་ཚོགས་ཀྱིས་སྟོན་པར་བྱེད་པ་དཔེར་ན།དུས་དེར་འབྲོམ་གྱིས་བོད་སྟོན་རྣམས་ལ། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི་ཞེས་སོགས་འཕྲིན་ཡིག་བརྫངས་པ་བཞིན་བསུ་བ་བྱོན། དེ་ནས་རིམ་གྱིས་གཡས་རུ་གཙང་གི་སའི་ཆར་ཕེབས་ཏེ།ཡོང་ཆོས་དབང་ལ་སོགས་པའི་སློབ་མ་ཁྱད་པར་ཅན་འགའ་སྨིན་པར་མཛད།(《དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན》ལས།) དེ་ལྟར་ཕ་རོལ་དགྲ་སྡེའི་གཡུལ་ངོར་འཇུག་པར་ཆས་པའི་དང་པོ་ཁོ་ནར་དགྲ་ལ་འཕེན་པའི་མཚོན་ཆ་ནང་དུ་ཟུག་སྟེ་རང་གི་བློན་པོ་རྗེ་བོ་ལ་གློ་བ་ཉེ་ཞིང་དྲང་པོར་སྨྲ་བ།དཔའ་བརྟུལ་ཅན་དེ་ལྟ་བུ་མ་རུང་བར་བྱས་སོ་ཞེས་སྐྱེ་བོ་ཐམས་ཅད་ཡིད་མ་རངས་ཤིང་། འདམ་བུ་སྟོན་པོ་བརྔས་པ་རྙིད་པ་ལྟར་སྒྱིད་ལུག་ཅིང་སེམས་ཁོང་དུ་ཆུད་ཅིང་གནས་སོ།།དེ་ནས་སྣང་བ་འབུམ་ལྡན་གྱི་དམག་དཔུང་དེ་རྣམས་རིམ་པས་སོང་བ་ལས། སྲིད་པའི་རྒྱན་གྱི་དཔུང་གི་ཚོགས་གནས་པའི་ལྗོངས་དེ་དང་ཅང་མི་རིང་བ་ཞིག་ཏུ་ཇེ་ཉེར་འདུས་པའི་ཚེ་བློ་ལྡན་དཔའ་བོ་དེ་ཉིད་ཞུམ་པ་མེད་པའི་གད་རྒྱངས་གསང་མཐོན་པོར་བསྒྲགས།(《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས།)ལྟ་བུའི་མཚོན་པའི་ཚིག་ཚོགས་འདི་རིགས་ཀྱིས་དུས་སྔ་ཕྱི་དང་བྱ་བའི་རིམ་པ་ལྟར་བརྗོད་དོན་གསལ་བར་བསྟན་པ་ལྟར་རོ།།
ཚིག་ཚན་སྔ་མ་ལ་བལྟོས་པས་ཕྱི་མ་ཕྱི་མའི་བསྟན་དོན་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འཕེལ་བའམ་ཤུགས་ཆུང་ངུར་སོང་སྟེ། གནས་སྐབས་ཀྱི་བརྗོད་དོན་དེ་ཆུང་བ་ནས་ཆེ་བ་དང་། དམའ་བ་ནས་མཐོ་བར་འཕེལ་བའམ།ཡང་ན་དེ་ལས་ལྡོག་པ་གང་རུང་གི་དོན་དང་ལྡན་པའི་ཚིག་ཚན་ལས་གྲུབ་པའི་ཚིག་ཚོགས་ཀྱིས་མཚོན་པ་ནི་དཔེར་ན། བླ་མ་རྔོག་པས་འབུལ་བ་རྣམས་ཕུལ་ནས། བླ་མ་རིན་པོ་ཆེ། སྤྱིར་གྱིས་བདག་རང་གི་སྒོ་གསུམ་བླ་མར་དབང་ལགས་ནའང་།ད་ལན་ཁྱད་པར་དུ་ཡུལ་ན་ར་མ་ཞོལ་མོ་རྐང་ཆག་མ་ཞིག་ཡོད་པ་དེ་སྤྱིར་གྱིས་ར་རྣམས་ཀྱི་ཕྱི་མོ་ཡིན་པས་རྒས་པ་དང་། ཁྱད་པར་རྐང་བ་ཆག་ནས་འདིར་འོང་མ་ཕེར་བར་ལུས།དེ་མིན་ནོར་ཡོད་དགུ་ཀུན་བླ་མ་ལ་འབུལ་བ་ལགས་པས། དབང་གདམས་ངག་ཟབ་ཁྱད་ཐོན་པ་ཀུན་དང་། ཁྱད་པར་སྙན་གྱི་ཤོག་རིལ་གྱི་གདམས་ངག་ཐུགས་རྗེ་འཛིན་པ་ཞུ་ཞུས། (《མི་ལ་རས་པའི་རྣམ་མགུར》ལས།) ཁོང་རང་སྐུ་མཆེད་བར་དུ་སེལ་འཇུག་བྱེད་པར་འགྲོ་ཉེན་འདུག་གཤིས་ཞུ་ཅི་ལ་ནུས། དེར་མ་ཟད་གཡོག་ཕོ་མོ་ཙམ་ལ་བཤད་ཀྱང་བུད་མེད་ནང་ཚགས་སུ་ཆགས་སྡང་བྱས་པ་ལྟ་བུ་ཡོང་བ་འདུག་དགོངས་ཏེ་ལན་ཅི་ཡང་མ་གསུངས་པར་བཞུགས།(《སྣང་ས་འོད་འབུམ་གྱི་རྣམ་ཐར》ལས།)ལྟ་བུའི་མཚོན་པའི་ཚིག་ཚོགས་འདི་རིགས་ཀྱིས་ཚིག་ཚན་སྔ་ཕྱིའི་བསྟན་དོན་སྐས་ཀྱི་ལྡང་རིམ་ལྟར་གོང་ནས་གོང་དུ་འཕེལ་པ་དང་བྱེ་བྲག་ལ་འཇུག་པ་སྟོན་བྱེད་དུ་སྤྱད་པ་ལྟ་བུའོ།།
ཚིག་ཚན་ཕྱི་མས་རང་གི་སྔ་ལོགས་ཀྱི་ཚིག་ཚན་སྔ་མའི་དོན་དེའི་རྣམ་གྲངས་དང་ངེས་ཚིག་སོགས་རྒྱས་པར་འགྲེལ་བར་བརྟེན། སྔ་མ་མདོར་བསྟན་དང་ཕྱི་མ་རྒྱས་བཤད་ཀྱི་ཚུལ་དུ་གནས་པ་སོགས་ནི་རྒྱས་བཤད་ཚིག་ཚོགས་ཀྱིས་སྟོན་པ་དཔེར་ན། ཁོ་མོ་ནི་དྲི་མ་མེད་པ་པད་དཀར་ལྟར་བསྔགས་འོས་ཀྱི་རིགས་རྒྱུད་སྣ་ཆེན་པོ་པདྨའི་མྱུ་གུ་ཞེས་བྱ་བ་དེའི་རིགས་ལས་བྱུང་བའོ།།མིང་དུ་བརྗོད་པ་ནི་མཛེས་སྡུག་མེ་ཏོག་ཏུ་གྲགས་སོ།།ན་ཚོད་ནི་བརྒྱད་གཉིས་བཅུ་དྲུག་གི་ལང་ཚོར་བདོ་བ་སྟེ། ཕ་མའི་ཁྱིམ་དུ་རྩེད་འཇོས་དུས་འདའ་བར་བྱེད་པ་ལས་ཁྱིམ་གྱི་འཁོས་ཀ་འཛིན་པའི་ངལ་བ་མ་མཆིས་སོ།།(《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས།)ཁྱོད་དུས་རྟག་ཏུ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་བ་ཉིད་སྒོམས།དཔེར་ན་དུག་གི་བུམ་པ་ཞིག་གི་ནང་དུ་བདུད་རྩི་བཅུད་ལེན་གྱི་ཐིགས་པ་ཞིག་བླུགས་ན་ཐམས་ཅད་བདུད་རྩིར་འགྱུར་ནས་འགྲོ་བ་ཡིན།(《བཀའ་བདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས》ལས།)མཁས་པ་ཞེས་བྱ་བ་ལ་གཉིས་ཡོད་དེ། འཇིག་རྟེན་གྱི་བླང་དོར་གྱི་ཚུལ་ལ་མ་འདྲེས་པར་འབྱེད་པ་ལ་མཁས་པ་དང་། དམ་པའི་ཆོས་ཀྱི་བླང་དོར་གྱི་ཚུལ་མ་འདྲེས་པར་འབྱེད་པ་ལ་མཁས་པ་སྟེ་རྣམ་པ་གཉིས་སུ་གསུངས། (《དགེ་ལྡན་ལེགས་བཤད》ལས།)ལྟ་བུའི་ཚིག་ཚོགས་འདི་རིགས་ཀྱིས་ཚིག་ཚན་ཕྱི་མ་དག་གིས་སྔ་མའི་དོན་དེ་གསལ་བར་བྱེད་པའམ་རྒྱས་བཤད་བྱས་པས་སོ།།ཡང་སྔ་མའི་ཚིག་དག་གིས་དོན་རྣམས་ཕྱི་མའི་ཚིག་གཅིག་གིས་བརྗོད་དོན་བསྡུ་བའམ་མདོར་བསྟན་པ་ནི་དཔེར་ན། ཆོས་ཐམས་ཅད་ནམ་མཁའི་མདུད་པ་ལྟ་བུ་ཡིན་གསུང་སྐད་ན་ནམ་མཁའི་མདུད་པ་དེ་གཞན་གང་གིས་ཀྱང་གྲོལ་བར་མི་ནུས་པར་ནམ་མཁའི་ངང་དུ་གྲོལ་བ་བཞིན། ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ངང་དུ་བཞག་ན་རྣམ་པར་གྲོལ་བ་ཡིན། ཆོས་ནི་མདུད་པ་ལྟ་བུ་ཡིན་གསུངས། སྔགས་ལ་རྒྱུད་སྡེ་རྣམ་བཞི་ཡོད་དེ། མི་རིགས་རྣམ་པ་བཞི་ལ་གསུངས། ཧྲིལ་གྱིས་དྲིལ་ན་མ་སྨིན་པ་སྨིན་པར་བྱེད་པ་དང་། སྨིན་པ་གྲོལ་བར་བྱེད་པ་གཉིས་སུ་མི་འདུག་པ་གཅིག་ཀྱང་མེད།(《བཀའ་བདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས》ལས།)ལྟ་བུའོ།།
ཚིག་ཚན་ཕྱི་མས་སྔ་མ་ལས་ལྡོག་པའི་དོན་ཞིག་བསྟན་ཏེ་བསྟན་དོན་སྔ་ཕྱི་འགལ་བར་གྱུར་ཅིང་། གནས་སྐབས་ཀྱི་བརྗོད་དོན་གཙོ་བོ་ཚིག་ཕྱི་མར་འབབ་པའི་ཚིག་ཚོགས་ནི་དཔེར་ན། རྒྱལ་པོ་ཟླ་བའི་བློ་གྲོས་ཡབ་སྲས་འདི་སྙམ་དུ་རང་གི་བློན་པོས་ཀྱང་གཤེ་ཞིང་སྤྱོད་བར་བྱེད་པ་འདི་ནི་ཤིན་ཏུ་མི་རིགས་མོད། འོན་ཀྱང་འུ་ཅག་གི་ངང་ཚུལ་ལ་བརྟགས་ན།བྱ་བ་དང་བྱེད་པ་ཐམས་ཅད་དྲན་པ་དང་བཅས་པས་མ་ཟིན་པ།ལྟར་སྣང་ཉི་ཚེ་བའི་དོན་འགྲུབ་པ་ལ་དགའ་ཆེས་ཏེ། ཡུན་གྱི་བྱ་བ་སླར་འོང་བ་མཐའ་མ་རྟོགས་པ་དུ་མ་ཞིག་བགྱིས་པས་འགྱོད་ཅིང་ནོངས།བློན་པོས་གང་བརྗོད་པ་དེའང་བདེན་མཆིས་སྙམ་ནས་ཅང་མི་སྨྲ་བར་གྱུར།(《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལས།)ལྟ་བུའོ།།
བརྟག་པ་མཐའ་གཟུང་གི་སྒོ་ནས་ཚིག་ཕྱི་མས་སྔ་མས་བསྟན་པའི་དོན་དེར་གཞིར་་བཅོས་ཏེ། འོས་མི་འོས་དང་། ངེས་མ་ངེས། བྱེད་མ་བྱེད་ཅི་རིགས་སྟོན་པར་བྱེད་པ་ནི་ཆ་འཇོག་ཚིག་ཚོགས་ཀྱིས་མཚོན་ཡོད་པ་དཔེར་ན། རྒྱལ་པོས་ཁྱོད་ལ་དོན་འདི་འདྲི་བར་གྱུར་ན། བདག་བདེན་ནོ་ཞེས་སྨོས་ཞིག་དང་བྱ་དགའ་སྟེར་རོ། །གལ་ཏེ་དེ་ལྟར་མི་བྱེད་ན་ཁྱོད་འཁོར་དང་བཅས་པ་གཏན་ནས་རླག་པར་བྱེད་དོ་ཞེས་སྨྲས་སོ།།(《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ལས།) ལྟ་བུའོ།།
སྔ་མ་རྒྱུ་རྐྱེན་དང་གཏན་ཚིགས་བརྗོད་པ་ལ་བརྟེན་ནས་ཕྱི་དོན་ངེས་པར་བྱེད་པའམ། སྔ་མར་བསྟན་པའི་དོན་དེ་ཕྱི་མ་རྒྱུ་མཚན་བརྗོད་པའི་ཚིག་གིས་གསལ་བར་བྱེད་ཅིང་། ཚིག་ཚན་སྔ་ཕྱིའི་བར་ལ་རྒྱུ་དང་འབྲས་བུའི་འབྲེལ་བ་གྲུབ་པ་ནི་རྒྱུ་འབྲས་ཚིག་ཚོགས་ཀྱིས་སྟོན་པ་དཔེར་ན། ང་ཚོ་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཞིག་རེད། དེར་བརྟེན་ང་ཚོར་སྐྱོན་ཡོད་ན། མི་ཚོས་སྐྱོན་རྗོད་བྱེད་པ་དང་སྟོན་པར་སྐྲག་མི་དགོས། ལྟ་བུའོ།།
དགོས་པ་ཞིག་ལ་ཉེ་བར་དམིགས་ནས་བྱ་བ་ཞིག་བྱས་པ་སྟོན་ཆེད། ཚིག་སྔ་ཕྱིའི་བར་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད་པར་སྒྲུབ་པ་ནི་དམིགས་གཏད་ཚིག་ཚོགས་ཀྱིས་སྟོན་པ་དཔེར་ན།ཁ་བ་ཅན་གྱི་མི་རྣམས་འདུལ་དོན་དུ། ཁྱོད་ཀྱིས་བུ་མོའི་སྤྱོད་ལམ་འདི་བཞིན་གྱིས། ལྟ་བ་ཡངས་ཤིང་སྤྱོད་ལམ་ཞིབ་བར་མཛོད། ཕྱི་ནང་བྱ་བ་ཀུན་ལ་མཁས་པར་མཛོད། (《རྒྱལ་རབས་གསལ་མེ》ལས།) ལྟ་བུའོ།།
ཚིག་དུ་མས་རང་སར་དོན་འགའ་བསྟན་པའི་ནང་ནས་གཅིག་གདམ་དུ་འཇུག་པའམ། གཅིག་ཡིན་པར་ཐག་བཅད་པའམ། ཡང་ན་དོན་དེ་དག་ཞིབ་བསྡུར་བྱེད་པའི་ཕྱིར་ཕྲེང་བར་བསྟར་པའི་སྐབས་སུ་གདམ་བསལ་ཚིག་ཚོགས་ཀྱིས་སྟོན་པ་ནི་དཔེར་ན། བུ་རང་རེ་མ་སྨད་པས་སྡུག་པ་ས་ཐོག་ན་མེད་པ་ལ་ཁྱོད་གླུ་ལེན་པ་དྲན་པ་རང་འདུག་གམ། ང་མ་རྒན་མོ་ནི་བསམ་མནོ་གཏོང་གིན་ཡི་མུག་པ་དང་ངུ་བྲོ་བ་མིན་པ་མི་འདུག་ཟེར། (《མི་ལ་རས་པའི་རྣམ་མགུ་》ལས།) ལྟ་བུ་སོགས་སོ།།
མདོར་ན། སྐད་ཆའི་ནང་གི་གནས་སྐབས་ནི་རྩོམ་དང་ངག་སྦྱོར་ཁྲོད་ཀྱི་བརྗོད་གཞིའི་ཚིག་གོང་འོག་དང་བརྗོད་པ་གོང་འོག་ཡིན་པས། སྤྱིར་བཏང་ཏུ། ངག་གི་ཕྲེང་བ་སྤེལ་པའི་དོན་གྱི་གོ་བ་ནི་ཚིག་གོང་མར་བརྟེན་ཏེ།ཉན་པ་པོ་དང་ཀློག་པ་པོས་ཐབས་ཅི་རིགས་ཀྱིས་རིགས་འདེད་བྱེད་པ་དང་། བརྗོད་པ་པོས་གོམ་གང་མདུན་སྤོས་སྒོས་གསལ་བཤད་བྱེད་པ་སོགས་ནི་ཉན་པ་པོས་བརྗོད་པ་པོའི་དགོངས་གཞི་རྟོགས་བྱེད་ཀྱི་བརྟེན་གཞིར་གྲུབ་ཡོད། ཚིག་འོག་མ་དང་བརྗོད་པ་འོག་མས་གོང་མར་ཁ་གསབ་དང་། དག་བཅོས། གསལ་བཤད། དགག་པ་སོགས་ཀྱི་ནུས་པ་ཐོན་ཐུབ། ཉན་པ་པོས་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་བར་མེད་པར་ཆ་འཇོག་དང་། བརྡར་ཤ་གཅོད་པ། དགག་པ་དང་སྒྲུབ་པ་སོགས་ལ་བརྟེན་ནས་དོན་གྱི་དབྱེ་བ་འབྱེད་པའོ།།
མིང་དང་ཚིག་གི་དོན་ནི་བརྡ་དག་ཚིག་མཛོད་སོགས་ལ་བལྟས་ཏེ་གོ་ཐུབ་པར་མ་ངེས་ཏེ། དེ་ནི་བརྗོད་པ་གོང་འོག་དང་སྦྲེལ་ན་ད་གཟོད་རྟོགས་ཐུབ་ཞིང་།སྒོས་སུ་མིང་དང་ཚིག་གཅིག་ལ་དོན་གྱི་རྣམ་གྲངས་མང་བ་སོགས་ཀྱི་རྐྱེན་ལས་བརྗོད་པ་གོང་འོག་ལ་བརྟེན་དགོས་པ་མངོན་གསལ་དོད་པོ་ཡིན་པ་འདི་རིགས་ནི་གཙོ་བོ་སྐད་ཆའི་ནང་གི་གནས་སྐབས་རག་ལས་པའི་ཕྱིར་རོ། །སྐད་ཆའི་ནང་གི་གནས་སྐབས་ནི་ངག་གི་ཕྲེང་བ་སྤེལ་པའི་སྐབས་ཀྱི་བརྗོད་དོན་ལ་བཀག་རྒྱ་དང་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་སྐད་ཆའི་ནང་གི་རྒྱུ་རྐྱེན་ཏེ། མིང་དང་། མིང་ཚོགས། ཚིག བརྗོད་པ། དོན་ཚན། ལེའུ་སོགས་སྐད་ཆ་གྲུབ་རྐྱེན་གྱི་ཆ་ཤས་སོ་སོའོ། །སྐད་ཆའི་ནང་གི་གནས་སྐབས་ཀྱིས་མིང་དང་ཚིག་གི་དོན་ལ་ཤུགས་རྐྱེན་ཐེབས་པ་དང་བརྗོད་དོན་གཏན་ལ་འབེབས་ཐུབ་པའི་རྒྱུ་ནི་མིང་ཕན་ཚུན་གྱི་བར་དུ་ལྟོས་གྲུབ་འབྲེལ་བ་ཆགས་པའམ། ཡང་ན་ཕན་ཚུན་གྱི་དོན་ལ་བཀག་རྐྱེན་ཐེབས་ཐུབ་པའི་ནུས་པ་དང་ལྡན་པའི་ཕྱིར་རོ།།སྐད་ཆའི་ནང་གི་གནས་སྐབས་ནི་རྩོམ་ཧྲིལ་བོ་དང་། ཡང་ན་བསྟན་བཅོས་རིལ་བོ། ཐ་ན་སྤྱི་ཚོགས་ཀྱི་རིག་གནས་རྒྱབ་ལྗོངས་ཡོངས་ལ་ཁེབས་ཆོག་པས། ང་ཚོས་མིང་དང་ཚིག་གི་གོ་བ་ལེན་པར་དུས་དང་རྣམ་པ་ཀུན་ཏུ་མིང་དང་ཚིག་གི་ངོ་གདོང་ལས་འདས་པའི་རྒྱབ་ལྗོངས་དང་རྒྱུ་ཆ་སྣ་ཚོགས་གོ་བ་ལ་བརྟེན་དགོས་སོ།།
ལུང་ཁུངས།
[1]སྒྲ་སྦྱོར་བམ་པོ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་། 2003.12 P71
[2][6][7][9][10][12][15]བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ།[M] ལྕགས་ཐར་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008.2 P24 P32 P P34 P39 P40 P42
[3][8]བོད་ཀྱི་བརྡ་སྤྲོད་རག་པའི་དོན་འགྲེལ་ཕྱོགས་བསྒྲིགས།[M] དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P99 P153
[4][5][13][14][21]མཁས་པ་འཇུག་པའི་སྒོ།[M] ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། P23 P24 P20 P20 P12
[11]བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས།ལྔ་བ། [M]ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།P204
[16]བརྡ་སྤྲོད་ཉེར་བདུན་གྱི་རྩ་འགྲེལ།[M] གཤེན་མཁས་གྲུབ་ཀྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1980 p98
[17][18]པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1980 p12
[19]གསེར་ཏོག་སུམ་རྟགས།[M] གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་། 1995 p5
[20]ཐུན་མོང་རིག་གནས་ཀྱི་རྣམ་བཞག[M] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981 p36

འབྲེལ་ཡོད་འོས་སྦྱོར།