logo

བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པའི་གལ་ཆེའི་རང་བཞིན་གླེང་བ།

རྩོམ་པ་པོ།:བཀྲ་ཤིས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-11 ཀློག་གྲངས།:

གཉིས་པ། བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པའི་སྐོར།

      རིག་གནས་གང་ཞིག་ཡུལ་གཞན་ཞིག་ནས་ཡུལ་གཞན་ཞིག་ཏུ་དར་བར་ཡུལ་དེའམ་མི་རིགས་དེ་ལ་སྔ་མོ་ནས་རིག་གནས་དེ་དང་ཆ་མཐུན་པའི་གནས་མང་པོ་མངའ་དགོས་པ་ཡིན་ཏེ། དེ་ལྟར་མ་བྱུང་ན་རིག་གནས་དེ་ནང་འདྲེན་བྱས་པ་ཙམ་ལས་ཡུལ་དེར་ཕན་པ་འབྱུང་བ་ཧ་ཅང་གི་དཀའ་མོ་རེད། དེས་ན་རིག་གནས་དེ་མ་དར་བའི་གོང་རོལ་ན་ཡུལ་ལམ་མི་རིགས་དེ་ལ་སྔོན་ཚུད་ནས་ཆ་རྐྱེན་དེ་ཚང་དགོས་ལུགས་ལ་བོད་ཀྱི་དེང་རབས་རྩོམ་རིག་སྨྲ་བ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྒན་བུ་བཞི་དོན་གྲུབ་ལགས་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས་སུ་ཁོང་གིས་“མི་རིགས་ཤིག་ལ་རིག་གནས་གསར་པ་ཞིག་དར་དགོས་ཚེ་དེ་ལ་རྒྱུ་དང་རྐྱེན་ངེས་ཅན་ཞིག་ཚང་དགོས་པ་སྟེ། རིག་གནས་དེ་དང་ལེན་དང་རྐང་ཚུགས་པའི་སྤྱི་ཚོགས་ཀྱི་རྨང་གཞི་དང་རིག་གནས་ཁོར་ཡུག  ཤེས་རིག་ཆུ་ཚད་སོགས་མཐུན་རྐྱེན་ཚང་དགོས་པའང་ཧ་ཅང་གལ་ཆེ་བར་སྣང་།”⑦ཞེས་གསུངས་འདུག
      དེ་ཡང་རང་རེའི་བོད་ཀྱི་ཡུལ་དུ་དུས་སྔ་མོ་ཞིག་ནས་རྩོམ་རིག་གི་ལག་ལེན་ཡོད་ལ་མི་རིགས་རང་གི་སྒེར་ཚུགས་ལྡན་པའི་རྩོམ་སྲོལ་ཞིག་ཏུ་ཆགས་ཤིང་ད་བར་གྱི་རྩོམ་རིག་ཁྱབ་ཁོངས་ན་མར་རྩམ་གྱི་དྲི་མ་འཐུལ་བཞིན་མཆིས་ཏེ། ང་ཚོས་བོད་བཙན་པོའི་དུས་སུ་ཡིག་ཐོག་ཏུ་ཕབ་པའི་དུས་སྔ་མོའི་ངག་རྩོམ་དག་ལ་བལྟ་ཀློག་རོ་མྱོང་བྱས་ཚེ་སེམས་སུ་མཐུན་སྣང་ཞིག་དང་རང་རེའི་ཨ་མྱེས་ཡབ་མེས་རྣམས་ལ་མངོན་མེད་ཀྱི་དད་སེམས་ཤིག་ངང་གིས་འབྱུང་བ་ནི་སོ་སོའི་སེམས་སུ་ཁྲིགས་ཁྲིགས་རེད། རང་རེར་ཡིག་ཐོག་གི་ལམ་ནས་བྱུང་བའི་རྩོམ་པའི་གཞུང་ལུགས་སམ་ཤེས་བྱ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་སུ་༧ས་པཎ་གྱིས་མཛད་པའི《མཁས་པ་རྣམས་འཇུག་པའི་སྒོ》དང་དེའི《རང་འགྲེལ》བྱུང་བ་ནས་མགོ་ཚུགས་ཤིང་ལྷག་པར་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྤྱི་ལོ༡༢༧༧ལོར་ས་སྐྱའི་གཙུག་ལག་ཁང་དུ་ལོ་ཙྰ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་མཆོག་གིས་རྒྱ་གར་སྙན་གཞུང་བོད་དུ་བསྒྱུར་བ་དང་དེའི་བོད་འགྲེལ་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་ཐོན་པ་ལས་བོད་ཀྱི་རྩོམ་རིག་གཞུང་ལུགས་སམ་རྩོམ་པའི་ཤེས་བྱ་ཞེས་བྱ་བ་གྲངས་ཀྱིས་ཚད་དུ་འགོད་ནུས་པ་བྱུང་བ་རེད་ལ《སྙན་ངག་མེ་ལོང་མའི་》བོད་འགྲེལ་དེ་དག་བོད་ཀྱི་འགྲེལ་བྱེད་མཁན་པོ་ཚོས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་མི་རིགས་རང་གི་གཤིས་དང་མཐུན་པའི་འགྲེལ་རྩོམ་མམ་རྩོམ་པའི་གཞུང་ལུགས་ལར་ཞེན་གྱི་ལྷག་བསམ་དང་བཅས་ཏེ་ཕྱི་རབས་པ་རྣམས་ལ་འཇིག་རྟེན་མཐོ་སྒང་འདིའི་འཚོ་རྟེན་དུ་བཞག་གནང་བ་ཡིན་མོད་ང་ཚོས《རྐང་ལམ་ཕྲ་མོའི》ནང་གི་རྒན་རྒོན་ལོ་ལོན་ཚོ་དང་སྒྲུང་པ། མགར་བ་བཅས་ཀྱི་གཤིས་སུ་བཟུང་སྟེ་སྔོན་བྱོན་མཁས་པ་ཚོར་སྡིགས་མོ་དང་འཁང་ར་བྱས་ཏེ་ལམ་ཁ་ཤོ་སྣ་རལ་དུ་གྱུར་པ་ནི་རང་ཅག་གིས་བཟོས་པ་ལས་དེ་ལ་ལེ་ལན་བྱ་རྒྱུ་ཅང་མ་མཆིས། དེས་ན་གུས་པས་བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཉམས་ལྡན་དགོས་པའི་སྐོར་ཤོད་པ་ལས་ནང་གསེས་དང་པོར་བོད་སྔ་རབས་ཀྱི་རྩོམ་པའི་ཤེས་བྱའི་མི་རིགས་ཀྱི་རང་བཞིན་སྐོར་བརྗོད་པ་བྱ་སྟེ།
གཅིག སྔ་རབས་བོད་ཀྱི་རྩོམ་པའི་ཤེས་བྱའི་མི་རིགས་ཀྱི་རང་བཞིན་སྐོར།
      རྩོམ་རིག་ནི་མི་རིགས་དེའི་བསམ་པའི་འདུ་ཤེས་དག་ནང་སེམས་ཀྱི་འཇིག་རྟེན་ལས་ཕྱི་རོལ་འཇིག་རྟེན་ལ་མངོན་པའི་ལག་ཆ་ལྟ་བུ་ཞིག་རེད་ལ་རྩོམ་རིག་གི་འཕེལ་འགྱུར་ལས་མི་རིགས་དེའི་སྤྱི་ཚོགས་ཀྱི་འགྱུར་བ་དང་རིག་གནས་ཀྱི་བྱུང་འཕེལ་དག་རྗེས་དཔག་གི་ལམ་ནས་ང་ཚོར་གསལ་སྦྱིན་བྱེད་པ་ཞིག་ཡིན་ཞིང་མི་རིགས་གང་དེའི་རྩོམ་རིག་གིས་མི་རིགས་དེའི་བསམ་པའི་འདུ་ཤེས་དང་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་དག་འབུར་དུ་མངོན་ཐུབ་མིན་ནི་མི་རིགས་དེའི་རྩོམ་རིག་གཞུང་ལུགས་སམ་རྩོམ་པའི་ཤེས་བྱར་རག་ལས་པ་ཡིན་ནོ།།
      རང་ཅག་བོད་མི་རིགས་ལ་མཚོན་ན་སྤྱི་ལོའི་དུས་རབས་བཅུ་གཉིས་བཅུ་གསུམ་ཙམ་དུ་གཞི་ནས་ཡིག་ཐོག་གི་རྩོམ་པའི་ཤེས་བྱ་དར་བ་ཡིན་མོད། འོན་ཀྱང་དེའི་ཡར་སྔོན་གྱི་མི་ལོ་སྟོང་ཕྲག་འགའི་རིང་བོད་དུ་མི་རིགས་རང་མཚན་པའི་རྩོམ་རིག་གསར་རྩོམ་གྱི་ལས་བྱུང་ཞིང་བརྗོད་དོན་མི་འདྲ་བའི་ལམ་ནས་རྩོམ་སྟངས་ཀྱི་རྣམ་པ་མི་གཅིག་པ་བྱུང་ཞིང་བོད་མི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་གསལ་བའི་སེམས་ཁམས་དང་བསམ་པའི་འདུ་ཤེས། རིག་གནས་ཀྱི་སྣང་ཚུལ། ལོ་རྒྱུས་ཀྱི་དོན་རྐྱེན་ནམ་འཕོ་འགྱུར་དེ་བཞིན་མི་ཆོས་ཀྱི་བསླབ་བྱ་སོགས་མཚོན་པའི་རྩོམ་སྲོལ་ལམ་རྩོམ་ལུས་བྱུང་བ་ཡིན་ལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་གནའ་རབས་རྩོམ་རིག་ཞེས་པའི་དུས་མཚམས་ཀྱི་དབྱེ་ཚུལ་ཡང་བྱུང་ཡོད། དུས་སྐབས་དེ་ཤད་ཀྱི་རྩོམ་རིག་ལ་མི་རིགས་ཀྱི་རང་གཤིས་སྒེར་ཚུགས་སུ་མངོན་རྒྱུ་ཡོད་ཅེས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁག་ལས་གསལ། ཡིན་ཡང་དུས་ཡུན་དེ་འདྲ་རིང་པོའི་ནང་དུ་རྩོམ་རིག་གསར་རྩོམ་གྱི་བྱ་བར་སྣེ་འདོན་གྱི་ནུས་པ་ལྡན་པའི་རྩོམ་རིག་གཞུང་ལུགས་སམ་རྩོམ་པའི་ཤེས་བྱ་མེད་པ་ནི་མི་སྲིད་པས་དེ་དོན་ནི་གོང་དུ་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་སྐོར་གླེང་སྐབས་དང་མཚུངས་པ་ཡིན། རིག་གནས་ཀྱི་མི་རིགས་ཁྱད་ཉམས་ཞེས་པ་ནི་འཛམ་གླིང་རིག་གནས་ཀྱི་ལྡུམ་རྭ་ཆེན་པོའི་ནང་མེ་ཏོག་གཞན་དང་མི་གཅིག་པའི་ལྷན་སྐྱེས་ཀྱི་དྲི་བསུང་འཐུལ་རྒྱུ་ཡོད་ཅིང་མཛེས་སྡུག་གི་ཉམས་སྣང་ལྷག་ཏུ་མངོན་པའི་དམིགས་བསལ་གྱི་ཁྱད་ཆོས་དེ་ལྟ་བུ་ལ་རིག་གནས་ཀྱི་མི་རིགས་ཀྱི་ཁྱད་ཆོས་ཟེར་ལ་རྩོམ་རིག་གི་མི་རིགས་ཁྱད་ཆོས་དང་རྩོམ་རིག་གཞུང་ལུགས་ཀྱི་མི་རིགས་ཁྱད་ཆོས་སམ་ཁྱད་ཉམས་ཀྱང་དེར་བརྗོད་ཆོག་པ་ཡིན་ནོ།།
      ད་འོ་ན་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་དག་གིས་མི་རིགས་ཀྱི་ཁྱད་ཉམས་ཇི་ལྟར་མངོན་པར་བྱས་ཡོད་ཅེ་ན། དེ་ཡང་རྩོམ་པའི་ཤེས་བྱའི་མི་རིགས་ཁྱད་ཉམས་ནི་རྩོམ་རིག་གསར་རྩོམ་གྱི་ལག་ལེན་ནང་དུ་མངོན་པ་ཡིན་ཞིང་དེ་གཉིས་དབར་གྱི་འབྲེལ་བ་ནི་རྒྱུ་དང་འབྲས་བུའི་འབྲེལ་བར་གྲུབ་ལ་ངོས་འཛིན་དང་ལག་ལེན་གྱི་འབྲེལ་བ་ཞིག་ཏུ་གྲུབ་ཡོད་པར་རེད།  རྒྱུན་དུ་རྩོམ་རིག་ཁྱབ་ཁོངས་ནང་བརྗོད་པའི་རྩོམ་རིག་གི་མི་རིགས་རང་བཞིན་ཞེས་པ་ནི་གང་དེའི་གཞུང་ལུགས་དེར་ཐུག་ཡོད་པ་ནི་སྨྲོས་མེད་ཅིག་རེད། དེ་དོན་《བུ་བཞི་དོན་གྲུབ་ལགས་ཀྱིས་ཁོང་གི་ཆེད་རྩོམ་ཕྱོགས་བསྒྲིགས་》ནང་དུ་“རྩོམ་རིག་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་མེད་དང་། མི་རིགས་རྩོམ་རིག་ལ་ཚད་གཞི་ཡོད་མེད་ཀྱི་གནད་དོན་འདི་ཁོ་བོས་བལྟས་ན་རིགས་པའི་གཞུང་ལུགས་ཀྱི་གནད་དོན་ཡིན་ཕྱིན་གཞུང་ལུགས་དང་ལག་ལེན་ཁྲོད་བདེན་དཔང་དང་གཏན་འབེབས་བྱེདདགོས།”⑧ཞེས་པ་དང་ཡང་ “གཞན་དུ་ན་རྩོམ་རིག་གི་མི་རིགས་ཁྱད་ཆོས་དང་མི་རིགས་རྩོམ་རིག་གི་ཚད་གཞི་འདི་རྩོམ་རིག་གི་རིགས་པའི་གཞུང་ལུགས་ལ་གཏོགས་པའི་གནད་དོན་ཞིག་ཡིན་པས་ངེས་པར་དུ་རྩོམ་རིག་གི་ངོ་བོ་དང་ཁྱད་ཆོས། བྱེད་ནུས། རྩོམ་རིག་གི་ཕྱིའི་རྣམ་པ་དང་ནང་གི་དོན་སྙིང་ཕྱོགས་གང་ཐད་ནས་དཔྱད་པ་བཏང་སྟེ་རྩོམ་རིག་གི་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ནས་སྡོམ་ཚིག་བཀོད་ན་འོས་པར་སེམས།”⑨ཞེས་པ་ལས་ང་ཚོར་རྩོམ་རིག་གསར་རྩོམ་དང་རྩོམ་རིག་གཞུང་ལུགས་དབར་གྱི་འབྲེལ་བའང་གང་ལ་གང་འོས་ཀྱི་ངོས་འཛིན་འདྲ་བྱུང་ཡོད་ངེས་ལགས།
      བོད་ཀྱི་སྔ་རབས་རྩོམ་རིག་ལ་མི་རིགས་ཀྱི་ཁྱད་ཆོས་མཐའ་གཅིག་ཏུ་ལྡན་ཡོད་དམ་ཞེ་ན་དེ་ལྟར་མ་ཡིན་ཏེ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཤ་བོ་ཚེ་བརྟན་ལགས་ཀྱིས་བསྒྲིགས་གནང་བའི་《བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས་སྒྲ་དོན་སྒྱུ་མའི་རྨུ་ཐག་》ཅེས་པ་ལས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས《རྩོམ་ལ་འཇུག་པའི་ཐོག་མའི་སེམས་བསྐྱེད》ཀྱི་ཐད་དུ་འདི་ལྟར་གསུངས་ཡོད་དེ།“དེ་ཡང་རང་རེའི་ཡུལ་འདིར་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་ལྟོས་ལ་བརྟེན་པས། གང་ནས་རྒྱལ་བསྟན་བོད་དུ་བྱོན་པའི་གནས་ཁྱད་པར་ཅན་རྒྱ་གར་འཕགས་པའི་ཡུལ་འདི་ལ་མཆོག་དམན་བར་མའི་སྐྱེ་བོ་ཀུན་གྱིས་དད་ཞེན་གུས་པ་ཚད་མེད་ཡོད་གཤིས། རང་རེའི་མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱི་འཆར་ཚུལ། རྩོམ་པའི་སྒྲིག་སྟངས། ཆས་དང་ཆོ་ག་སོགས་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་རྒྱ་གར་བའི་ཤན་གྱིས་ཁྱབ་ནས་ཡོད་ཅིང་། ཐ་ན་ཚིགས་བཅད་དུམ་རེའི་ནང་དུ་དཔེ་འགའ་ཞིག་སྟོན་དགོས་ཚེའང་རྒྱ་གར་གྱི་ཆུ་བོ་རི་ལྗོངས་མེ་ཏོག་སོགས་ཀྱི་མིང་ཁོ་ན་འོངས་པ། དཔེར་ན། འབིགས་བྱེད་རི་བོ་བཞིན་དུ་བརྗིད་པའི་སྐུ། །གངྒའི་རྒྱུན་ལྟར་དག་ཅིང་དྲི་མེད་གསུང་། །ཞེས་སྦྱར་ཚེ་ཚིགས་བཅད་ལེགས་པ་ཞིག་ཏུ་བགྲང་རུང་བ་དང་། རྨ་རྒྱལ་སྤོམ་ར་བཞིན་དུ་བརྗིད་པའི་སྐུ། །རྨ་ཆུ་བཞིན་དུ་རྒྱུན་ཆད་མེད་པའི་གསུང་། །ཞེས་སྦྱར་ཚེ་ཚིག་གི་ཐོག་མ་སྒྲ་མཚུངས་སུ་སོང་བ་སོགས་མི་ལེགས་པ་མི་འདུག་ནའང་བཞད་གད་སློང་བའི་ཉམས་སུ་འགྱུར་བ་སོགས་ཡིན་ལ། རྟག་ཏུ་སྒྲོས་དེ་རིགས་མང་སྟོབས་ཀྱིས་སྐབས་འགའ་ཞིག་རྒྱ་གར་པའི་ཡོ་བྱད་དཀྱུས་མ་ལྟ་བུ་རེ་ངོས་མ་ཟིན་པའི་དབང་གིས་དོན་མེད་ཀྱི་མཚར་གཏམ་མང་དུ་བྲིས་པ་སོགས་ཀྱང་ཡོད་ལ།”⑩ཞེས་གསུང་ཚད་མ་ཞིག་གསུངས་འདུག་པ་ལས་ང་ཚོས་གསལ་པོར་རྟོགས་ཐུབ་པ་ཡིན་ལ་རྒྱུན་དུ་བོད་ཀྱི་སྙན་ངག་ཁག་གམ་བརྩམས་སྒྲུང་ཁག་ནང་བུད་མེད་མཛེས་མ་ཞིག་གི་སྣང་གཟུགས་འགོད་སྐབས་ཟླ་བ་དང་པདྨ། ཨུཏྤལ། ཨུ་དུམ་བྰ་ར་སོགས་འབྲི གལ་ཏེ་གངས་རི་དང་སྤང་རྒྱན་མེ་ཏོག སེར་ཆེན་མེ་ཏོག བྲག་ལྷ་མེ་ཏོག་སོགས་བཀོད་ཚེ་ཅང་ཅང་དུ་མངོན་པ་ནི་འོས་མིན་གྱི་དང་ལེན་བྱེད་སྟངས་ཤིག་ཡིན་པས་སྐྱོན་ཆ་ཡོད་པ་རྟོགས་ཐུབ་བོ།  དེར་བརྟེན་བདག་གིས་འདི་རུ་བོད་ཀྱི་སྔ་རབས་རྩོམ་རིག་གསར་རྩོམ་དང་རྩོམ་པའི་ཤེས་བྱར་ལ་དགེ་ཆ་ཁོ་ན་ལས་སྐྱོན་གྱི་ཆ་ཏིལ་ཙམ་ཡང་མེད་ཅེས་སྒྲུབ་ཏུ་མི་དཔོག གལ་ཏེ་ཨུ་ཚུགས་ཀྱིས་སྒྲུབ་ན་ཆོག་གི་མོད་དེར་དགོས་པ་གང་ཡང་མ་མཐོང་སྟེ། ཨུ་ཚུགས་གྲ་ལོས་ཕུང་པའི་ཝ་མོའི་སྡེ།།དབྱར་དུས་ཆར་པའི་ཀློང་ན་ཨ་སྐྱོ་མ།།
      ཡིན་ཡང་སྔ་རབས་བོད་ཀྱི་རྩོམ་པའི་ཤེས་བྱར་མི་རིགས་རང་གི་ཁྱད་ཉམས་མངོན་གསལ་དོད་པོ་ཡོད་དེ། བོད་འདི་ཉིད་མི་རིགས་གཞན་དང་འདྲ་བར་བདེན་པའི་གཏམ་ལ་དགའ་ཞིང་དྲང་ལྡོག་གི་ཕུ་ཐག་གསལ་བ། དཀར་ནག་ལས་ཀྱི་འཇུག་ལྡོག་མི་རྨོངས་པ། དངོས་པོའི་ཆོས་ཉིད་ལ་རྟོགས་ཞིབ་མི་དམན་པ་ཞིག་ཡིན་གཤིས་རྩོམ་པའི་ཤེས་བྱར་དེ་དག་གིས་ཤན་ཤུགས་མི་ཐེབས་པ་ཅི་ལ་མི་སྲིད།
      སྔ་རབས་ཀྱི་རྩོམ་པའི་ཤེས་བྱ་ལ་ཞིབ་འཇུག་གམ་དཔྱད་བརྗོད་གནང་མཁན་གྱི་སེར་སྐྱ་མཁས་དབང་ཚོས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ཏེ་ཕྱི་དངོས་པོའི་འགྱུར་བ་དང་། དེ་བཞིན་བོད་རང་མཚན་པའི་གཤིས་ཉམས་ལ་དབྱེ་ཞིབ་ཀྱིས་དེ་དག་གི་ཆོས་ཉིད་དང་མཐུན་པའི་རྩོམ་པའི་ཤེས་བྱ་མང་དག་ཅིག་ཀུན་སློང་དག་པོས་རྩོམ་འབྲི་མཛད་དེ་ཕྱི་རབས་རྣམས་ལ་འཚོ་བསྐལ་དུ་བཞག་ཡོད་པ་རེད།
      བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་དག་ཏུ《སྙན་གཞུང་མེ་ལོང》གི་ཉམས་སྣང་དང་ལྡན་ཞིང་བོད་རང་གི་ཁྱད་ཉམས་ལྡན་པའི་མི་རིགས་ཀྱི་གཤིས་དང་མི་རིགས་ཀྱི་རིག་གནས་འདུ་ཤེས་དག་ཚུར་སྣང་བྱེད་ཀྱི་ཡོད་པའོ། དེ་ཡང་བདེན་གཏམ་གྱི་ཆེ་བ་བརྗོད་ལུགས་ལ་གནའ་རབས་བོད་ཀྱི་ལེགས་བཤད་རྩོམ《བཏམས་ཤིང་བསྟན་པའི་མདོ》ལས“ཕུ་ན་རེ། ཚིག་སྟོང་པ་བཏམས་་་་་དོན་ཆེན་པོ་ཡུན་དུ་ཡོད་པར་འགྱུར་རོ། །ནོར་ཡོད་པ་བྱིན་བ་མི་་་་་་ཟད་ཤེསོ་དེ་ལྟ་བས་ན།  བདེན་པའི་ཚིག་བྱིན་པ་ལས། ཆེ་བ་མྱེདོ།་་་་་བཟུང་ལེགསྣ། །དེ་བླངས་ལས། ནོར་དུ་ཆེ་བ་ཡོང་མྱེདོ། །”11ཅེས་བསྟན་ཡོད་པ་དང་བོད་ཀྱི་ངག་རྒྱུན་དུའང“བརྐུ་རྫུན་གན་དེ་མགོ་སྦྲེལ། །འཕྲལ་ལམ་དུ་འགྲོ་ཡང་དོན་མི་འཁྱོལ”ཞེས་གྲགས་པ་ཇི་བཞིན་དངོས་པོའི་གཤིས་དང་མཐུན་པའི་ཆོས་ཉིད་དམ་བདེན་པ་དོན་དུ་གཉེར་ན་ནི་སྤྱི་ཚོགས་ཞི་ལྷིང་དང་མཐུན་སྡེབས་ཡོང་བ་ཞིག་ཡིན་ལ་རྩོམ་རིག་ནི་མི་རིགས་ཀྱི་མགྲིན་ཚབ་པ་དང་དུས་རབས་ཀྱི་མདུན་དུ་བསྒྲེངས་དགོས་པ་ཡིན་སྟབས་ཆ་རྐྱེན་དེ་ནི་དམའ་མཐའ་ས་ནས་ལྡན་དགོས་པ་ཞིག་མ་ཡིན་ནམ། རྩོམ་རིག་གིས་བདེན་དོན་ཕྲག་ཏུ་ཁུར་ནུས་མིན་ནི་གང་དེའི་ལག་ལེན་གྱི་སྣེ་འདོན་པའམ་ཕྱོགས་བསྡོམས་བྱས་པའི་རྩོམ་པའི་ཤེས་བྱ་དེ་ལ་རག་ལས་པ་ཞིག་ཡིན། མ་ཟད་དེ་ནི་བོད་པའི་གཤིས་སུ་ཡོད་པའི་དངོས་པོའི་ཆོས་ཉིད་ལ་འཛིན་པའི་ཡང་དག་པའི་འདུ་ཤེས་ཤིག་ཡིན་པ་རེད།
      གཞན་ཡང་སྤྱི་ཚོགས་ནི་འགལ་འབྲེལ་གཉིས་ཀྱིས་གོང་དུ་བཏེགས་ཤིང་ཡུན་དུ་གནས་པའི་ཚོགས་པའི་འཚོ་བ་ཞིག་ཡིན་སྟབས་དེའི་ནང་འཚོ་བའི་སྐྱེ་བོ་དག་ལ་དགའ་སྡུག་འདྲེས་མའི་ཚོར་གཅིག་ཅར་འབྱུང་བཞིན་མཆིས། དེ་ལྟ་བུའི་ཚོར་བའི་བརླན་པའི་སྤྱི་ཚོགས་ནང་རྩོམ་རིག་གིས་མི་རྣམས་ལ་དངོས་པོ་གཞན་གྱིས་སྤྲོད་མི་ཐུབ་པའི་སེམས་ཁམས་ཀྱི་བདེ་བ་སྟེར་ནུས་པ་ཡིན་ཏེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི《དཔལ་ལྡན་རྒྱུད་བཞི》ལས“ཡིད་གདུངས་ཆོས་ནོར་གཏམ་སྙན་གྲོགས་ཀྱིས་གསོ”12ཞེས་གསུངས་པ་ལྟར་རྩོམ་རིག་གི་མི་སེམས་གསོ་ཕྱིར་ནུས་གཞན་དང་མི་འདྲ་ཐོན་གྱི་ཡོད་པ་དང་གཞན་ཡང་འབྲོག་ཁུལ་གྱི་དམངས་སུ་ནད་བཅོས་སྐབས་སྒྲུང་མཁན་གྱིས་གླིང་སྒྲུང་བཤད་དེ་ནད་པར་ཉན་དུ་བཅུག་ན་ནད་གསོ་བའི་ནུས་པ་ཡོད་པ་ང་ཙམ་གྱི་དོན་མེད་ལབ་བརྡོལ་བྱེད་པ་མ་ཡིན་པར་ཆེད་མཁས་པ་དག་གིས་ཡ་མཚན་དང་བཅས་ཏེ་དེབ་ཐོག་ཏུ་བཀོད་འདུག དེ་ལྟ་བུའི་རིགས་ལ་མི་རིགས་ཀྱི་ཁྱད་ཉམས་ཞེས་མི་རིགས་གཞན་ལས་ལོགས་སུ་དགར་ནུས་ཤིང་མི་རིགས་དེའི་རིག་གནས་ཀྱི་གནས་ཚད་ཅི་འདྲ་ཡིན་པ་ངམ་གྱིས་རྟོགས་ཡོང་བས་དེ་ནི་བོད་པ་རང་གི་རྩོམ་རིག་གི་ཡོན་ཏན་རེད་ལ་རྩོམ་པའི་ཤེས་བྱར་དེ་ལྟ་བུའི་ཆ་ལྡན་ཡོད་པའང་རྟོགས་ངེས་ཡིན། དེ་བཞིན་རྩོམ་རིག་གིས་སྤྱི་ཚོགས་འདིའི་འཕེལ་འགྱུར་གྱི་རྣམ་པ་དང་འགལ་འདུའི་ཆ་རྣམས་ཀློག་པ་པོར་གསལ་འབྱིན་བྱེད་ཀྱི་ཡོད་གཤིས་རྩོམ་པ་པོའི་ཕྲག་ཐོག་གི་འགན་འཁྲི་ནི་རྩོམ་ཞིག་བྲི་ཐུབ་ན་ཆོག་པ་མ་ཡིན་ལ་སྤྱི་ཚོགས་ཀྱི་འགལ་འདུ་མཚོན་པ་ཙམ་གྱིས་ཡེ་ནས་མི་ཡོང་བ་ཡིན།
      གལ་ཏེ་རྩོམ་མཁན་སོ་སོས་རང་ཉིད་ཀྱི་ཁེ་གྲགས་ཙམ་དོན་དུ་གཉེར་ཏེ་སྤྱི་ཚོགས་ཀྱི་དོན་དངོས་ལ་རྡོག་རོལ་དུ་གཏོང་བའམ་གང་ཞིག་གི་ལག་ཆ་ལྟ་བུ་གྱུར་ན་དེས་སྤྱི་ཚོགས་ནུས་པ་ཅང་མི་ཐོན་པ་རེད།  དེས་ན་འཛམ་གླིང་གི་མི་རིགས་སོ་སོས་རྩོམ་རིག་གམ་རྩོམ་མཁན་ལ་སྟོན་པའི་རེ་བའམ་ཀུན་སློང་ཇི་ལྟར་བཟུང་དགོས་མིན་གྱི་ཚད་གཞི་འཇོག་སྟངས་མི་གཅིག་མོད། ཐམས་ཅད་ཀྱི་དམིགས་པ་ནི་གཅིག་ཏུ་ངེས་ཏེ་དེ་ནི་སྤྱི་ཚོགས་ནད་རྙིང་སྔོགས་འདོན་བྱ་རྒྱུ་དེ་རེད། སྤྱི་ཚོགས་ཀྱི་ནད་རྙིང་དེ་ཇི་ལྟར་ཕྱིར་མངོན་ཏེ་བཅོས་མིན་ནི་རྩོམ་མཁན་དེའི་ཀུན་སློང་ལ་རག་པ་ཡིན་པས་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་ཁག་ཏུ་རྩོམ་མཁན་ལ་ལྡན་དགོས་པའི་ཀུན་སློང་གི་ཚད་གཞི་ལ་མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོའི《ཐེག་ཆེན་ལུགས་ཀྱི་རྩོམ་ལུས་བཤད་པ》ལས“བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པས་རྒྱུ་རྣམ་པ་དྲུག་གིས་བསྟན་བཅོས་ཉེ་བར་སྦྱར་བར་འོས་པ་ཡིན་ཏེ། ཆོས་ཀྱི་དོན་མང་དུ་བྱས་པར་འགྱུར་རོ་སྙམ་པ་དང་། སེམས་ཅན་རྣམས་ལ་མོས་པ་སྣ་ཚོགས་ཡོད་པའི་ཕྱིར་དེ་དག་ཁ་ཅིག་འདིས་འཇུག་པར་འགྱུར་རོ་སྙམ་པ་དང་། དོན་ཉམས་པ་རྣམས་རབ་ཏུ་དབྱེ་བར་བྱའོ་སྙམ་པ་དང་། དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་།  ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པས་སོ།།”13ཞེས་པ་དང་བསྟན་བཅོས་ཉེ་བར་སྦྱོར་འདོད་པས་དེ་ཉིད་འཇུག་པ་ལ་ཡོན་ཏན་བཞི་དང་ལྡན་པའི་སྒོ་ནས་སྦྱར་དགོས་ཏེ་“སྔོན་གྱི་སློབ་དཔོན་རྣམས་ལ་ང་རྒྱལ་མི་བྱེད་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། ཆོས་མཐུན་པ་རྣམས་ལ་བྱམས་པ་དང་། བདག་ཉིད་མི་སྒྲོག་པའོ།།”14ཞེས་བསྟན་བཅོས་རྩོམ་མཁན་ལ་རེ་བའམ་བསམ་པའི་འཁྱེར་སོའི་ཐད་ནས་ཚད་འདི་འདྲ་ཞིག་ལྡན་དགོས་ལུགས་བཞག་གནང་ཡོད་ཅིང་དེས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཡང་དག་པའི་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་ཅིང་བོད་ཀྱི་རྩོམ་རིག་གི་འགན་འཁྲིའི་བསམ་བློ་ཡང་མངོན་ཤུགས་ཅི་རིགས་ནས་ལེགས་ལམ་དུ་ཁྲིད་ཡོད། རྩོམ་མཁན་གྱིས་གསར་རྩོམ་བྱ་སྐབས་དང་ཐོག་མར་ཆ་རྐྱེན་འདི་དག་ངེས་པར་ལྡན་ཐོག་རྩོམ་མཁན་རང་ཉིད་ཀྱི་ཤེས་བྱའི་ཟབ་ཚད་དེ་ཇེ་ཟབ་དུ་གཏོང་དགོས་པ་རེད། གལ་ཏེ་རྩོམ་མཁན་ཉིད་ལ་ཤེས་བྱའི་ཟབ་ཚད་དེ་ཙམ་གྱིས་ཟབ་པོ་ཞིག་མེད་ན་དེས་རྩོམ་རིག་གསར་རྩོམ་གྱི་ལས་ལ་འགོག་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས་བོད་ཀྱི་སྔ་རབས་མཁས་པ་ཚོས་རྩོམ་པའི་ཤེས་བྱ་དེ་ཉིད་གནས་ལྔ་རིག་པའི་ཁྱབ་ཁོངས་མཐའ་དག་ནང་ཁྱབ་པར་བྱས་ཏེ་རྩོམ་མཁན་གྱི་ཤེས་ཚད་ཇེ་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་དོ།།
      དེས་ན་རྩོམ་མཁན་རང་ཉིད་ལ་ཤེས་བྱའི་ཟབ་ཚད་ཟབ་ཏུ་གཏོང་བར་ཅི་འདྲ་ཞིག་བྱ་དགོས་མིན་ཐད་ལ་༧རྗེ་རིན་པོ་ཆེའི《བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ལས“རིག་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །”15ཞེས་རྩོམ་མཁན་ལ་གནས་ལུགས་ལེགས་པར་འབྱེད་པའི་རྣམ་དཔྱོད་སྟེ་སྒྲ་དང་ཚད་མའི་གོ་ཆ་བརྟན་པོ་ལྡན་དགོས་པ་དང་། གང་སྦྱངས་བྱའི་གནས་ཀྱི་རིག་གཞུང་དག་ལ་རྒྱུས་ལོན་གྱིས་ཉམས་ལེན་བྱ་དགོས་ཤིང་རྩོམ་པའི་ལས་ལ་འཇུག་སྐབས་དོན་ཁོ་ནར་མི་དམིགས་པར་ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་ཆེད་དུ་ཚིག་གི་སྦྱོར་བ་དག་བོད་པའི་སྐད་ཀྱི་སྦྱོར་བ་དང་མཐུན་ཞིང་སྡེབས་ལེགས་པའི་ངག་ལྡན་དགོས་ཏེ་དེ་གསུམ་ནི་མཁས་པའི་ཚོགས་ན་མཛེས་ཤིང་འཇིག་རྟེན་གླིང་ན་གྲགས་པའི་རིན་པོ་ཆེ་རྣམ་གསུམ་ཡིན་ཞེས་རྣམ་དཔྱོད་དང་ཉམས་ལེན།  ངག་སྦྱོར་བཅས་རང་རྒྱུད་ལ་མངའ་དགོས་ལ་དེ་དག་ཕན་ཚུན་འབྲེལ་མེད་དུ་རྒྱུད་ལ་ལྡན་དགོས་པ་ཡིན་ཞེས་གསུངས། མ་ཟད་བོད་ཀྱི་རྩོམ་པའི་ཤེས་བྱ་ཞེས་པ་ནི་ལོགས་སུ་འདི་ཡིན་ཞེས་གཞུང་ལུགས་རང་ག་བ་ཞིག་ཏུ་བཏོན་རྒྱུ་ཡོད་པ་ཞིག་མ་ཡིན་མོད། འོན་ཀྱང་དེ་ནི་བོད་ཀྱི་ཐུན་མོང་དང་མཐུན་མིན་གྱི་རིག་གནས་ཀུན་ལ་ཁྱབ་ཡོད་པ་གོང་དུ་ཟུར་ཙམ་ཞིག་བཤད་པ་ཡིན། སྣང་ཚུལ་དེ་ནི་བོད་ཀྱི་མཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པར་མངོན། དེས་རྩོམ་རིག་སྨྲ་བའམ་རྩོམ་མཁན་གྱི་ཤེས་ཚད་ཟབ་ཏུ་གཏོང་བར་དམིགས་བསལ་གྱི་ནུས་པ་ཐོན་གྱི་ཡོད་དེ། “བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །”ཞེས《སུམ་ཅུ་པའི》གཞུང་དུ་བཤད་པ་བཞིན་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《མཁས་པ་རྣམས་འཇུག་པའི་སྒོའི》རྩོམ་པ་ལ་འཇུག་པ་བཤད་པའི་ནང་དུ“དེ་ལྟར་ཐོག་མའི་ངག་རྣམས་བཤད་ནས་བསྟན་བཅོས་ཀྱི་ལུས་རྩོམ་པ་ན་སྒྲའི་རྒྱུ་ཡི་གེ་དང་། མིང་དང་ཚིག་གི་ཚོགས་གསུམ་བཤད་དོ། །”16ཞེས་རྩོམ་པའི་རྒྱུར་གྱུར་པའི་ཚོགས་གསུམ་གྱི་གོ་བ་སོ་སོར་བཤད་དེ་ད་གཟོད་རྒྱ་གར་གྱི་སྙན་གཞུང《མེ་ལོང་མར》བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བོད་ཀྱི་ལུགས་དང་མཐུན་པའི་རྒྱན་མང་དག་ཅིག་བོད་དུ་ཐོག་མར་བསྒྱུར་གནང་ནས་ཕྱིས་ཀྱི་ཤོང་བསྒྱུར་ལ་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད་པ་དང་སྙན་གཞུང་བོད་འགྲེལ་དར་བར་ནུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད་པ་རེད། ཡིན་ཡང་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་མང་པོ་ཞིག་བདག་གི་མཐོང་ཡུལ་མཆིས་ཤིང་ཉིད་ཀྱི་མཐོང་སྣང་དུ་མ་གྱུར་པ་དང་། ཉིད་ཀྱི་བློ་སྣར་ཡོད་ཅིང་བདག་གི་དབང་པོའི་ཡུལ་དུ་མཆིས་པ་མང་དུ་ཡོད་པས་ང་ཚོས་དོན་གྱི་མཐིལ་ཕྱིན་པ་གང་ཡིན་པ་ཞིག་མ་རྟོགས་ཀྱང་ཐང་མོད། དེ་ལས་དོན་སྤྱིའི་ཚུལ་གྱི་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་ཟེར་ན་དེ་འདྲ་ཞིག་ཡིན་པ་དང་།  དེས་བོད་ཀྱིས་མི་རིགས་ཁྱད་ཉམས་མངོན་སྟངས་གང་ཡིན་ཞར་གྱིས་མངོན་སུམ་དུ་རྟོགས་ངེས་ཤིང་དོན་ངོ་མར་ང་ཚོས་བོད་སྔ་རབས་ཀྱི་རིག་གཞུང་དག་ལ་མིག་གཤར་བྱེད་དགོས་པ་ནི་བོད་པ་ཞིག་གི་ངོས་ནས་བསྒྲུབ་དགོས་པའི་ལས་འགན་ཞིག་རེད་ལ་ལྷག་པར་བོད་ཀྱི་མཁས་མིང་འཛིན་པའི་རྒན་པོ་ལོ་ལོན་ཚོ་དང་གཞོན་སྐྱེས་མཁས་པ་དང་བོད་ཀྱི་གཙུག་ལག་གི་སློབ་ཆེན་ཁག་གི་སློབ་གཉེར་བ་ཚོས་དོར་དུ་མེད་པའི་རིག་གནས་ཀྱིས་བཅོལ་བའི་ལས་འགན་ཞིག་དང་མི་རིགས་ཀྱིས་རེ་བའི་མིག་ཆུ་ཞིག་ཀྱང་རེད་འདུག་པས་མི་རིགས་གཞན་གྱི་རྩོམ་རིག་སྣ་ལེགས་ཅུང་ཙམ་མཐོང་མ་ཐག་ཏུ་ལམ་སེང“རྐྱང་ཤར་འདྲོགས་རྗེས་ལ། ། བུང་བུའི་དགའ་འདྲོགས། །”ཀྱི་ལང་ཚོའི་ངར་ཤུགས་ཤིག་སྟོན་རྒྱུ་མེད། གལ་ཏེ་སྐྱོན་གྱི་ཆ་ཡོད་ན་དེ་མི་བཅོས་པར་ཨུ་ཚུགས་ཀྱི་སྨྲ་ར་དཀར་པོ་དང་མགོ་སྐྱེས་དཀར་པོ་དེ་བྱིལ་བྱིལ་བྱེད་བཞིན་སྐྱུར་རྩི་དང་འདྲེས་པའི་རྣམ་ཤེས་ཀྱི་ཚུགས་ཀ་བཟུང་ན་དེ་ལ་མཁས་པ་མི་ཟེར་ལ་དེ་ལ་མེས་པོ་ཡང་མི་འབོད། འདི་ནི་བདག་གིས་བརྗོད་པའི་སྔ་རབས་བོད་ཀྱི་རྩོམ་པའི་ཤེས་བྱའི་མི་རིགས་ཀྱི་རང་བཞིན་སྐོར་ཞེས་པ་དེ་ཡིན་ནོ།། ཞར་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་གང་དང་གང་ཡོད་མེད་ཀྱི་གསལ་བཤད་དམ་ངོ་སྤྲོད་ཀྱི་ཚུལ་དུ་རེའུ་མིག་ཅིག་འགོད་ན་འདི་ལྟར་ཏེ།

བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་སྐོར་ཞིག་གི་མཚན་བྱང་རེའུ་མིག་ཏུ་བཀོད་པ།

༼གསལ་བཤད། ཤ་བོ་ཚེ་བརྟན་གྱིས་བསྒྲིགས།《བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས་སྒྲ་དོན་སྒྱུ་མའི་རྨུ་ཐག》བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་། ༢༠༡༤ལོ།༽
གཉིས། དེང་རབས་བོད་ཀྱི་རྩོམ་གཞུང་ཁག་གི་བྱུང་ཚུལ་བཤད་པ།
      སྤྱི་ལོ༡༩༥༡ལོར་བོད་བཅིངས་འགྲོལ་བཏང་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་ཆབ་སྲིད་ལམ་ལུགས་སོགས་ལ་འགྱུར་བ་བྱུང་བ་དང་བསྟུན་བོད་ཀྱི་དེང་རབས་རྩོམ་རིག་དབུ་བརྙེས་ཤིང་རིམ་བཞིན་འཕེལ་རྒྱས་བྱུང་བ་དང་། སྤྱི་ལོ༡༩༨༠ལོ་ནས་བཟུང་བོད་ཀྱི་དེང་རབས་རྩོམ་རིག་འདི་ཉིད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། བཅིངས་འགྲོལ་བཏང་བ་ནས་སྤྱི་ལོ༡༩༥༩ལོའི་བར་གྱི་དུས་སྐབས་དེར་བོད་ཀྱི་སེར་སྐྱ་མཁས་པ་དག་གིས་ཆབ་སྲིད་ཀྱི་ལམ་ལུགས་གསར་པ་དང་སྤྱི་ཚོགས་རྣམ་པ་གསར་པར་བསྟོད་པ་བྱེད་པའི་རྩོམ་རིག་བརྩམས་ཆོས་མང་དག་བྱུང་ཡོད་པ་ལ།  དཔེར་ན་རྗེ་བཙུན་ཤེས་རབ་རྒྱ་མཚོའི《སྨོན་ནོ་བཅུ་པ་ཕན་གེའི་ལྗོན་བཟང》དང《བསླབ་བྱ་རང་བྱུང་ལྷའི་རྔ་བོ་ཆེ》སོགས་དང་། ཚ་སྤྲུལ་ངག་དབང་བློ་བཟང་གི《ལྩགས་ཀྱི་ཕུག་རོན་དངུལ་སྐྱ་མདོག》དང《གུང་ཁྲན་ཏང་གི་འཁྲུངས་སྐར་དུས་ཆེན་ལ་བསྔགས་པ་བརྗོད་པ》ཞེས་པ་དེ་བཞིན་བསྟན་པ་རྒྱ་མཚོ་ལགས་ཀྱི《མི་དམངས་ཤེས་རབ་རྩལ་གྱིས་དགེ་མཚན་གསར་དུ་བསྐྲུན》ཞེས་པ་དང་དགེ་བཤེས་གསུང་རབ་རྒྱ་མཚོ་ལགས་ཀྱི《གྲོང་ཁྱེར་ཁྲང་ཁྲོན་གྱི་གནས་ཚུལ་ཞུ་པའི་འཕྲིན་ཡིག》སོགས་ལྟ་བུ་བྱུང་ཡོད་ཅིང་དེ་དག་ནི《མེ་ལོང་མར》གཏུག་སྟེ་གསར་རྩོམ་བྱས་པ་མངོན་ཐུབ་ལ་དུས་སྐབས་དེའི་རྩོམ་རིག་དུས་མཚམས་ཀྱི་བར་བརྒལ་ཚོད་དུ་སོན་ཡོད་ལ་དུས་རབས་དེ་པའི་ལོ་རབས་དྲུག་ཅུ་ནས་བརྒྱད་ཅུའི་བར་དུ་བོད་དུ་སྔ་རབས་ཀྱི་རྩོམ་པའི་ཤེས་བྱ་རྣམ་པ་གསར་པ་ཁ་ཅིག་བྱུང་ཡོད་པ་ནི་མཁས་དབང་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ་མཆོག་གིས་མཛད་པའི《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》དང་ཨ་ལག་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི《སྙན་ངག་སྤྱི་དོན》དང་ཨ་ལག་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་མཛད་པའི《ཚངས་སྲས་བཞད་པའི་སྒྲ་དབྱངས》དེ་བཞིན་༧ཨ་ལག་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་མཛད་པའི《ཚིག་རྒྱན་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་སེལ་བཤད་པ》དང་ཕྱིས་སུ་ཁོང་གིས་མཛད་པའི《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་བཤད་སྦྱར་རྩོམ་རིག་འཇུག་སྒོ》སོགས་དུས་རབས་གསར་པར་ཐོན་པའི་བོད་རང་མཚན་པའི་རྩོམ་པའི་ཤེས་བྱའི་བསྟན་བཅོས་དེ་དག་གིས་བོད་ཀྱི་རྩོམ་རིག་འདི་ཉིད་ལ་གསོན་ཤུགས་ཀྱི་འོད་སྣང་སྦྱིན་ཅིང་ཕྱིས་ཀྱི་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ནུས་པ་མི་དམན་པ་ཐོན་ཡོད་མོད། འོན་ཀྱང་དེ་དག་དེང་རབས་བོད་ཀྱི་རྩོམ་པའི་ཤེས་བྱའམ་རྩོམ་རིག་གཞུང་ལུགས་ཀྱི་གྲས་སུ་བཞག་ན་མི་འཚམ་པ་འདུག་སྙམ།
      སྤྱི་ལོ༡༩༧༨ལོར་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ་དང་རིག་གསར་གྱི་ཟང་ཟིང་གི་ལོ་ཟླར་རྫོགས་ཚིག་མནན་ཏེ་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་དང་སླར་གསོ་བྱུང་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་ཡང་དག་བྱུང་ཡོད་ཅིང་དུས་སྐབས་དེར་བོད་ཀྱི་སློབ་གྲྭ་ཁག་ཏུ་རྩོམ་པའི་ཤེས་བྱར་སློབ་གཉེར་དང་གསར་རྩོམ་གྱི་ལས་དར་ཞིང་། བོད་དུ་རྩོམ་རིག་གི་དུས་དེབ་ཁ་ཤས་བྱུང་བ་སྟེ།  སྤྱི་ལོ༡༩༨༠ལོར་བོད་ཀྱི་རྩོམ་རིག་དུས་དེབ་དང་པོ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གསར་དུ་ཐོན་པ་དང་དེ་རྗེས་སུ་སྤྱི་ལོ༡༩༨༡མཚོ་སྔོན་ནས《སྦྲང་ཆར》དང་ཀན་སུའུ་ནས《ཟླ་ཟེར》《མང་ཚོགས་སྒྱུ་རྩལ》སོགས་གསར་དུ་ཐོན་པ། སྤྱི་ལོ༡༩༨༩ལོར་མཚོ་སྔོན་ནས་སྙན་ངག་གི་ཆེད་དམིགས་དུས་དེབ《གངས་རྒྱན་མེ་ཏོག》གསར་དུ་ཐོན་པ་བཅས་ལས་དེ་དག་གིས་བོད་ཀྱི་རྒན་དར་གཞོན་གསུམ་གྱི་རྩོམ་མཁན་ཚོས་རྩོམ་རིག་གསར་རྩོམ་གྱི་གཤོག་ཟུང་ངོམས་སའི་གར་སྟེགས་སྐྲུན་པས་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཏུ་འགྲོ་རྒྱུ་ནུས་པ་འགངས་ཆེན་ཞིག་ཐོན་ཡོད།
     དུས་མཚུངས་སུ་རྩོམ་ལུས་གསར་པ་ཁ་ཤས་གསར་དུ་བྱུང་བ་ཞིང་དེ་དག་ལག་ལེན་དུ་བསྟར་མཁན་གྱི་བོད་ཀྱི་ན་གཞོན་རྩོམ་མཁན་དཔུང་ཁག་ཐོན་ཡོད་པ་སྟེ། སྤྱི་ལོ༡༩༨༣ལོར་དཔལ་དོན་གྲུབ་རྒྱལ་མཆོག་གིས་ལོ་དེའི《སྦྲང་ཆར》དུས་དེབ་གསུམ་པའི་ཐོག་ཏུ《ལང་ཚོའོ་རྦབ་ཆུ》གསར་དུ་སྤེལ་བས་བོད་དུ་རང་མོས་སྙན་ངག་ཅེས་པའི་རྩོམ་སྲོལ་གསར་པའི་ལུས་ཤིག་གྲུབ་པ་དང་། བོད་ཀྱི་རྩོམ་མཁན་གྱིས་བརྩམས་སྒྲུང་གསར་པ་འབྲི་བར་སྟ་གོན་བྱེད་པ་དང་ད་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་པ་རེད།
      སྤྱི་ཚོགས་ཀྱི་སྒྲིག་གཞིར་འགྱུར་བ་བྱུང་བ་དང་མཛུབ་ཁྲིད་ཀྱི་བསམ་བློ་ལའང་འགྱུར་བ་བྱུང་ཡོད་དེ། བཅིངས་འགྲོལ་བཏང་ཚུན་དུ་བོད་དུ་མྰ་ལེ་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཞི་ཚུགས་ཐབས་བྱས་པ་དང་དུས་མཚུངས་བོད་ཀྱི་རྩོམ་རིག་ཁྱབ་ཁོངས་ན་མཐའ་གཅིག་ཏུ་སྔ་རབས་ཀྱི་རྩོམ་པའི་ལག་ལེན་དང་ལག་ལེན་དེའི་སྣེ་འདོན་པ་རྩོམ་པའི་ཤེས་བྱར་དགག་སྤོངས་ཀྱིས་རྒྱ་མི་རིགས་སུ་དར་བའི་སྤྱི་ལོ༡༩༡༩ལོའི་ལྔ་བཞི་ལས་འགུལ་ཡས་མས་ཀྱི་རྩོམ་རིག་གཞུང་ལུགས་སམ་རིག་གཞུང་གི་བསམ་བློ་དག་བོད་དུ་བསྒྱུར་ཏེ་རྩོམ་རིག་གསར་རྩོམ་གྱི་ལག་ལེན་བྱུང་བ་དང་དུས་མཚུངས་དེ་དག་གི་ཆོས་ཉིད་ལ་བསྡོམས་རྩིས་བཀོད་པའི་རྩོམ་པའི་གཞུང་ལུགས་འགའ་ཤས་བྱུང་ཡོད་ལ་རྩོམ་རིག་གི་འཕེལ་ཕྱོགས་ལ་ཆེད་དུ་དཔྱོད་པའི་རྩོམ་རིག་ལོ་རྒྱུས་ཞེས་པ་དང་གསར་རྩོམ་གྱི་རིན་ཐང་ལ་གདེངས་འཇོག་བྱེད་པའི་རྩོམ་རིག་དཔྱད་བརྗོད་ཀྱི་སྡེ་ཁག་གསར་དུ་ཐོན་ཡོད།
      དེ་ཡང་རྩོམ་རིག་གཞུང་ལུགས་གང་དག་བྱུང་བ་རེད་དམ་ཞེ་ན་དང་ཐོག་མར་བོད་དུ་རྩོམ་རིག་ལོ་རྒྱུས་ཞེས་པའི་རིག་ཚན་བྱུང་ཞིང་དེ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་རྒྱ་ཡིག་གི་ལམ་ནས་བསྒྲིགས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང་ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་དབྱི་ནོན་དང་ཐང་ཅིན་ཧྥུ་གཉིས་ཀྱིས་རྒྱ་ཡིག་ནས་བསྒྲིགས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་མདོར་བསྡུས》ཞེས་པ་དང་ནུབ་བྱང་མི་རིགས་སློབ་གླིང་གི་དགེ་རྒན་དཔའ་རྩེ་དང་གཙོས་དགེ་ཐོན་སློབ་གྲྭའི་དགེ་རྒན་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་བསྒྲིགས་པའི《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བསྒྲིགས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ལྷག་པ་ཆོས་འཕེལ་ལགས་ཀྱིས་བསྒྲིགས་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ》དང་། རོང་བོ་དགེ་འདུན་རབ་གསལ་ལགས་ཀྱིས་བརྩམས་པའི《བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བ》དེ་བཞིན་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་བའི་ཐད་དུ་རྒན་ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི《བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས》སོགས་བྱུང་བ་དང་། རྩོམ་རིག་གཞུང་ལུགས་ཀྱི་གྲས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་རྡོ་རྗེ་རིནཆེན་གྱིས་བརྩམས་པའི《རྩོམ་རིག་གཞུང་ལུགས་གནད་བསྡུས》ཞེས་པ་དང་དེ་རྗེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྒན་ཀུན་དགའ་ལགས་ཀྱིས་བརྩམས་པའི《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད》དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་སྟོབས་རྒྱལ་ལགས་ཀྱིས་བརྩམས་པའི《རྩོམ་རིག་རྣམ་བཤད》ཀླུ་ཐར་རྒྱལ་ལགས་ཀྱིས་བརྩམས་པའི《རྩོམ་གཞུང་སྤྱི་བཤད》སོགས་བྱུང་སྟེ་བོད་ཀྱི་རྩོམ་རིག་གཞུང་ལུགས་དེ་ཉིད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་བཏང་སྟེ་བོད་ཀྱི་རྩོམ་རིག་གི་ལྡུམ་རྭར་གསར་བཞད་ཀྱི་མེ་ཏོག་ལྷག་ཏུ་དགོད་བཞིན་འཚེར་བ་བྱུང་ཡོད་དོ། འདི་ནི་བདག་གིས་བརྗོད་པའི་བོད་ཀྱི་དེང་རབས་རྩོམ་རིག་གཞུང་ལུགས་ཁག་གི་བྱུང་བ་ཞེས་པ་དེ་ཡིན་ནོ།།
གསུམ། མཐའ་དཔྱད།
      འཛམ་གླིང་ཡོངས་སུ་ཆ་འཕྲིན་གྱི་འཕྲིན་ལས་གོང་དུ་འཕེལ་ཞིང་རྒྱལ་ཁབ་ཁག་གི་རིག་གནས་དབར་ཕན་ཚུན་འབྲེལ་འདྲིས་དང་ཕོག་ཐུག་འབྱུང་བཞིན་པའི་དུས་སྐབས་འདིར་བོད་ཀྱི་དེང་རབས་རྩོམ་རིག་འདི་ཉིད་ཀྱིས་རིགས་གནས་ཕན་ཚུན་མ་བུ་དགྲ་གྲོགས་ཀྱི་གཤིས་སུ་གནས་པའི་ཁོར་ཡུག་ནང་བོད་ཀྱི་རྩོམ་རིག་གི་འཐབ་ས་བཟུང་བ་ནི་ངོ་མ་ལྷག་ཏུ་མེད་པའི་བྱས་རྗེས་ཤིག་རེད་ལ་དེས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་འགྱུར་ལ་ནུས་པ་མི་དམན་པ་ཐོན་ཡོད་པས་ང་ཚོས་གྲུབ་འབྲས་དེར་ངོས་འཛིན་དང་ཁས་ལེན་བྱེད་དགོས།
      བོད་ཀྱི་དེང་རབས་རྩོམ་རིག་གཞུང་ལུགས་ནི་སྤྱིར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཚུན་ནས་བྱུང་བ་ཞིག་ཡིན་ཞིང་། དུས་དེ་ཤད་རྒྱལ་ཡོངས་སུ་མི་རིགས་ཀྱི་རིག་གནས་སླར་གསོ་དང་དར་འཕེལ་གཏོང་བཞིན་མཆིས། དུས་མཚུངས་སུ་བོད་ཀྱི་རྩོམ་རིག་ཁྱབ་ཁོངས་ན་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་བར་སྣེ་འཁྲིད་བྱེད་པའི་རྩོམ་རིག་གཞུང་ལུགས་ཁ་ཅིག་བྱུང་ཡོད་པ་ལ་དེ་དག་གི་བསམ་བློའི་རྨང་གཞི་བོད་རང་གི་འདུ་ཤེས་སུ་གནས་པ་ཞིག་མ་ཡིན་ཏེ། བོད་ཀྱི་དེང་རབས་རྩོམ་རིག་གི་གཞུང་ལུགས་དེ་དག་གི་ནང་དོན་དང་སྐད་ཆའི་སྒྲུབ་གཞི་དག་ནི་རྒྱ་མི་རིགས་སུ་ལྔ་བཞིའི་ལས་འགུལ་གྱི་སྔ་ནུབ་ཏུ་ཕྱི་རྒྱལ་ནས་དར་ཡོང་བའི་ནུབ་ཕྱོགས་ཀྱི་རྩོམ་རིག་གི་ལྟ་བའམ་སུའུ་ལེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་བསམ་བློ་ཡིན་པ་རེད།
      དེས་ན་གཞུང་ལུགས་དེ་དག་གི་ནུས་པས་དྲངས་པའི་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་མི་རིགས་རང་ཉིད་ཀྱི་དགེ་མཚན་མངོན་པ་ཧ་ཅང་དཀའ་བ་རེད་དེ། བོད་དུ་དུས་སྔ་མོ་ཞིག་ནས་མི་རིགས་རང་གི་ཁྱད་ཉམས་ལྡན་པའི་རྩོམ་ལུས་རང་ཚུགས་ཐུབ་པ་མང་དག་བྱུང་ཡོད་དེ། དཔེར་ན་སྙན་རྩོམ་དང་སྒྲུང་གཏམ་དང་ལོ་རྒྱུས་རྟོགས་བརྗོད་བཅས་གཙོ་བྱས་ཤིང་དེ་དག་རེ་རེ་ལའང་རང་རང་གི་ལུགས་དང་མཐུན་པའི་ནང་གསེས་ཀྱི་རྩོམ་སྲོལ་ཡོད་པ་ཡིན། དེ་ཡང་སྙན་རྩོམ་ལ་གླུ་ཚིག་དང་ལེགས་བཤད་དང་གབ་ཚིག་དང་གཏམ་དཔེ་དང་མོ་ཚིག་བཅས་ཡོད་པ་དང་། སྒྲུང་གཏམ་ལ་ལྷ་སྒྲུང་དང་གཏམ་རྒྱུད་དང་སྒྲུང་རྒྱུད་བཅས་ཡོད་པ་རེད། ལོ་རྒྱུས་རྟོགས་བརྗོད་ནི་སྤྱིར་རྟོགས་བརྗོད་ཀྱི་ལུས་སུ་གནས་གཤིས་ལུས་དེ་རང་ལ་བཞག་ན་ཆོག་ཅིང་དེས་ཕྱིས་ཀྱི་མགུར་དང་རྣམ་ཐར་རྟོགས་བརྗོད་སོགས་པའི་རྟོགས་བརྗོད་རིགས་ཀྱི་རྩོམ་རིག་དར་བ་ཕན་པ་ཆེན་པོ་སྐྲུན་ཡོད་པ་ནི་ང་ཚོས་ཨུ་ཚུགས་མིན་པའི་ངང་ནས་རྟོགས་ཐུབ་བོ།།
      སྤྱིར་རྩོམ་ལུས་ཞེས་པ་ནི་ཕྱིའི་ཚིག་སྦྱོར་ཁོ་ནར་གཞིར་བྱས་ཏེ་དབྱེ་ན་མི་འཚམ་ལ་ནང་དོན་ཁོ་ནའི་ཐོག་ནས་དབྱེ་ནའང་མི་འགྲིག་པར་སྙམ། རྒྱུ་མཚན་ནི་རྩོམ་རིག་ཅེས་པ་ནི་ནང་དོན་དང་རྣམ་པ་གཉིས་ལས་གྲུབ་པ་ཞིག་ཡིན་སྟབས་དེ་གཉིས་ཀྱི་ཁྱད་ཆོས་བཟུང་སྦྲེལ་གྱིས་རྩོམ་ལུས་དབྱེ་དགོས་པར་སེམས། དེས་ན་རྩོམ་རིག་ལོ་རྒྱུས་ཐོག་ཏུ་རྣམ་པ་མི་འདྲ་བའི་སྒོ་ནས་རྩོམ་ལུས་ལ་གཉིས་སུ་དགར་བ་དང་། གསུམ་དུ་དབྱེ་བ། བཞི་རུ་དབྱེ་བ། ལྔ་རུ་དབྱེ་བ་བཅས་ཡིན། དེ་ལས་གཉིས་སུ་ཕྱེ་བ་ནི་རྒྱ་མི་རིགས་སུ་དུས་སྔ་མོ་ཞིག་ནས་དར་བའི་རྩོམ་ལུས་དབྱེ་སྟངས་ཤིག་སྟེ། དེ་གཉིས་ནི་ཚིགས་སུ་བཅད་པ་དང་མ་བཅད་པའི་ལྷུག་མ་ཡིན་པ་དང་། གསུམ་དུ་དབྱེ་བ་གནའ་བོའི་རྒྱ་གར་དུ་ཡུན་རིང་དར་ཞིང་བོད་དུ《སྙན་ངག་མེ་ལོང་མ》དར་བ་ནས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་གྱི་དབྱེ་སྲོལ་ཏེ་ཚིགས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མ་གསུམ་དང་གཞན་ཡང་གནའ་བོ་གྷི་རི་སིའི་དུས་སུ་ཡྰ་ལི་ཧྲི་ཏོ་ཏེས་བཏོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་བའི་ཡིད་འགྱུར་རྩོམ་རིག་དང་དོན་བརྗོད་རྩོམ་རིག འཁྲབ་གཞུང་རྩོམ་རིག་བཅས་ཡིན། བཞི་རུ་དབྱེ་བ་ནི་རྒྱ་ནག་ཏུ་ལྔ་བཞིའི་ལས་འགུལ་གྱི་ཡས་མས་སུ་དར་བའི་སྙན་རྩོམ་དང་ལྷུག་རྩོམ། བརྩམས་སྒྲུང་། འཁྲབ་གཞུང་བཅས་སོ། ཡིན་ཡང་དབྱེ་བ་དེ་དག་ལ་ངེས་ཅན་གྱི་མི་འདང་བའི་གནས་ཡོད་པ་ལ《ལྷག་པ་ཆོས་འཕེལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ལས“དབྱེ་སྲོལ་དེ་དག་ཚང་མར་རང་རང་གི་རྒྱུ་མཚན་དང་ཁྱད་ཡོན་ངེས་ཅན་རེ་ཡོད་མོད། འོན་ཀྱང་ཞིབ་ཏུ་བསམ་ཚེ་སྐྱོན་གྱི་ཆ་རེའང་ཡོད་པ་སྨྲ་མ་དགོས། དེ་ཡང་ཚིག་སྦྱོར་ཁོ་ནའི་ཐོག་ནས་གཉིས་སུ་དབྱེ་བ་དང་གསུམ་དུ་དབྱེ་བས་ཚིག་གི་སྦྱོར་བར་བསམ་བློ་བཏང་ཡོད་ནའང་། རྩོམ་གྱི་ནང་དོན་ལ་བསམ་ཤེས་བྱས་མེད་པ་དང་། ནུབ་ཕྱོགས་ཀྱི་གསུམ་དུ་དབྱེ་བས་ནང་དོན་ལ་བསམ་བློ་བཏང་ཡོད་ནའང་ཚིག་སྦྱོར་སོགས་རྣམ་པར་བསམ་ཤེས་བྱས་མེད། བཞི་དང་ལྔ་རུ་དབྱེ་བས་ནང་དོན་དང་རྣམ་པ་གཉིས་ཀར་བསམ་བློ་བཏང་བ་ལྟར་དུ་སྣང་རུང་ད་དུང་ཞིབ་ཕྲའི་བརྩམས་ཆོས་འགའ་ཞིག་ལུས་ཀྱི་རྣམ་པ་གང་ཁོངས་གཏོགས་པ་གསལ་པོ་མེད། དཔེར་ན་ཚིག་བཅད་ཀྱི་རྣམ་པར་བརྟེན་ནས་བྲིས་པའི་བརྩམས་སྒྲུང་ནི་རྣམ་པ་ལྟར་སྙན་རྩོམ་ཁོངས་སུ་གཏོགས་པ་དང་།གཟུགས་བརྙན་སྒྲུབ་བཞེངས་བྱེད་པའི་ཐབས་ལྟར་ན་བརྩམས་སྒྲུང་ཁོངས་སུ་གཏོགས་དགོས་པ་ལྟར་རོ།”17ཞེས་གསུངས་འདུག་པས་དེ་རྒྱུ་མཚན་མེད་པའི་ལབ་བརྡོལ་ཞིག་མ་ཡིན་པས་ང་ཚོས་གྲགས་སྐམ་འུད་ཀྱི་རྗེས་སུ་མ་འབྲངས་བར་བོད་རང་གི་རྩོམ་པའི་གཤིས་དང་མཐུན་ཅིང་སྔར་གྱི་རྩོམ་སྲོལ་དག་རྒྱུན་འཛིན་དང་དར་སྤེལ་གཏོང་བར་འབད་པ་ལས་མི་རིགས་གཞན་གྱི་རྩོམ་རིག་གི་ལེགས་ཆ་མཐོང་མ་ཐག་རང་མི་རིགས་ཀྱི་རྩོམ་རིག་ལ་དགག་སྤོང་བྱ་མི་རིགས་ལ་བོད་ཀྱི་སྔར་སྲོལ་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་ཞིང་རྩོམ་རིག་གི་ལག་ལེན་ཁྲོད་དུ་བྱུང་བའི་རྩོམ་ལུས་དག་ལ་གཅིག་འོག་གཅིག་ཏུ་བསྡུས་པའི་སྒོ་ནས་མི་རིགས་རྩོམ་རིག་གི་འཚར་ལོང་ལ་བཙན་འགོག་བྱ་དེ་བས་མི་རིགས་པ་ཡིན།
      རྩོམ་རིག་ཅེས་པ་ནི་ནང་དོན་དང་རྣམ་པ་གཉིས་ཀྱི་བསྡུས་གཟུགས་ཤིག་ཡིན་གཤིས་རྩོམ་ལུས་ཀྱི་དབྱེ་བར་དེ་གཉིས་བཟུང་དུ་སྦྲེལ་དགོས་ལུགས་གོང་དུ་བཤད་ཟིན། ཡིན་ཡང་རྩོམ་ལུས་ནི་གཙོ་ཆེ་བ་ནང་དོན་གྱི་ཆ་ནས་དབྱེ་དགོས་པ་ཡིན་ཏེ་ནང་དོན་གྱིས་རྣམ་པ་གཏན་འཁེལ་བྱེད་ཀྱི་ཡོད་ཅིང་རྣམ་པས་ནང་དོན་ལ་ཞབས་འདེགས་བྱེད་ཀྱི་ཡོད་པས་གཙོ་ཆེར་ནང་དོན་བཟུང་དགོས་པ་ཡིན་ཏེ་ང་ཚོས་བརྡ་སྤྲོད་པའི་བསྟན་བཅོས《སུམ་ཅུ་པ》ཉིད་ཚིགས་བཅད་ཀྱི་ལམ་ནས་སློབ་དཔོན་ཨ་ནུས་བརྩམས་འདུག་ལ་དེར་དབྱངས་ཀྱི་གདེགས་འཇོག་ངེས་ཅན་འདུག་པས་སྙན་ངག་གི་གྲས་སུ་འཇོག་གམ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ཡང་ཚིག་བཅད་ཀྱི་ལམ་ནས་དཔའ་བོ་གཙུག་ལག་ཕྲེང་བས་མཛད་ཅིང་དེ་ལའང་དབྱངས་ཀྱི་གདེགས་འཇོག་ཀྱང་གསལ་བས་དེ་ཡང་སྙན་ངག་ཏུ་འཇོག་དགོས་སམ་སྙམ་ན་ཐད་ཀར་རྣམ་པར་ཁ་མཚོན་མི་གཅོད་པར་ནང་དོན་གྱི་ཆ་ནས་བརྟག་དགོས་པ་ཡིན་ཏེ་དཔེར་ན་སྲན་རྩམ་དང་ནས་རྩམ་འདྲེས་མ་དེར་ལམ་སེང་དེ་གཉིས་ལས་གཅིག་རེད་ཅེས་ལབ་རྒྱག་ན་མི་འགྲིག་ཅིང་གཞན་དགོད་པའི་ཟླ་རུ་འགྲོ་བ་ཡིན་པས་རྩོམ་རིག་ལུས་ཀྱི་ཐད་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས《རྩོམ་ཀྱི་རིགས་དང་ཁྱད་ཆོས》ཀྱི་ནང་དུ“དུས་ཀྱི་སྟོབས་ཀྱི་ཡུལ་ཀུན་ཡང་། །རྣམ་པར་འགྱུར་བར་སྣང་ཞེས་ཟེར། །འདི་ཡང་ཕྱེ་སྟེ་བཤད་ཀྱིས་ཉོན། །དངོས་པོའི་གནས་ལུགས་འཆད་པ་དང་། །སྐྱོན་ཡོན་བསྔགས་པ་རྣམ་གཉིས་ཡོད། །”18ཅེས་རྩོམ་གྱི་རིགས་ལ་དངོས་པོའི་གནས་ལུགས་བཤད་པ་དང་སྐྱོན་ཡོན་བསྔགས་པ་གཉིས་སུ་ཡོད་པ་གསུངས་ཡོད།
      གཞན་ཡང་ཨ་ལག་དོར་ཞིས《རྩོམ་རིག་གསར་པའི་གནད་དོན་འགའ་ཞིག་གླེང་བ》ཞེས་པའི་ནང་དུ“སྤྱིར་རྩོམ་རིགས་ལ། སྤྱིར་བཏང་གི་རྩོམ་རིགས་དང་སྒྱུ་རྩལ་གྱི་རྩོམ་རིག་ཏེ། ངོ་བོའི་སྟེང་ནས་མི་འདྲ་བའི་རྩོམ་རིགས་གཉིས་ཡོད་ལ། དེ་གཉིས་ཀྱི་ཁྱད་པར་རྟོག་རིགས་དང་། བརྗོད་བྱའི་དོན་བདེན་རྫུན་དང་། རྗོད་བྱེད་ཚིག་གི་ཉམས་འདོན་ཚུལ་སོགས་ཀྱི་སྟེང་ནས་ཕྱེ་བ་ཡིན་ལ། ཤེས་པས་དོན་སྤྱི་དང་སྒྲ་སྤྱི་འཛིན་པའི་ཚུལ་གྱིས་རྟོགས་པར་བྱེད་པའམ་དངོས་པོའི་སྤྱི་མཚན་འཛིན་པའི་ཚུལ་གྱིས་རྟོགས་པར་བྱེད་པ་དང་། དངོས་པོའི་གནས་ལུགས་ལ་སྒྲོ་སྐུར་མི་བྱེད་པར་བདེན་པར་བརྗོད་པ་དང་། ཚིག་གི་སྙན་ཆ་དང་མཛེས་ཆ་གཙོ་བོར་མི་བྱེད་པར་བརྗོད་བྱའི་དོན་གོ་བ་གཙོ་བོར་བྱེད་པའི་རྩོམ་རིགས་ལ་སྤྱིར་བཏང་གི་རྩོམ་རིགས་ཟེར་ཞིང་། མཚན་ཉིད་རིག་པའི་གཞུང་དང་འགྲེལ་བཤད། ཚན་རིག་རིག་གནས་ཀྱི་གཞུང་། ལོ་རྒྱུས། དེབ་ཐེར། ཆབ་སྲིད་ཀྱི་ཡིག་ཆ་ཟིན་བྲིས། སྐུར་ཡིག བྱས་རྗེས་དྲང་པོར་བརྗོད་པའི་རྣམ་ཐར་རྟོགས་བརྗོད་སོགས་སྤྱིར་བཏང་གི་རྩོམ་རིགས་ཀྱི་ཁོངས་སུ་གཏོགས་ཤིང་ཤེས་པས་མངོན་སུམ་གྱི་མྱོང་སྣང་ངམ། དངོས་པོའི་རང་མཚན་གྱི་ཁྱད་པར་འཛིན་པའི་ཚུལ་གྱིས་རྟོགས་པར་བྱེད་པ་དང་། བརྗོད་བྱ་དངོས་སུ་ཡོད་མི་དགོས་པར་སྤྱི་ཚོགས་ཀྱི་གནས་ཚུལ་ཞིག་མཚོན་ཕྱིར་རྟོག་བཏགས་ཅི་དགར་བརྗོད་པ་དང་། ཚིག་སྦྱོར་ཡང་གོ་དོན་བརྡ་འཕྲོད་ཐབས་ཙམ་མིན་པར་སྙན་ཞིང་རྣོ་བ། མཛེས་ཤིང་བརྗིད་ཆགས་པ་སོགས་སྒྱུ་རྩལ་གྱི་ཉམས་ཐོན་པ་གཙོ་བོར་བྱེད་པའི་རིགས་ལ་སྒྱུ་རྩལ་རྩོམ་རིགས་ཟེར་ཞིང་། སྙན་ཚིག ཟློས་གར། སྒྲུང་དང་གཏམ་རྒྱུད། གླུ་གཞས་སོགས་དེའི་ཁོངས་སུ་གཏོགས་པ་ཡིན།”19ཞེས་གསུངས་པ་ལས་ང་ཚོས་རྩོམ་རིག་གི་ལུས་ཀྱི་དབྱེ་བ་དེ་ཚད་ཇི་འདྲ་ཞིག་ཏུ་བཟུང་དགོས་མིན་གསལ་པོར་རྟོགས་ཡོང་བས་ཐབས་དེས་བོད་ཀྱི་སྔ་རབས་རྩོམ་སྲོལ་རྒྱུད་འཛིན་དང་དེང་རབས་རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་ལ་ནུས་པ་འགངས་ཆེན་ཐོན་ངེས་པས་དེ་དོན་བསམ་གཞིགས་བྱ་དགོས་པ་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།