logo

བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པའི་གལ་ཆེའི་རང་བཞིན་གླེང་བ།

རྩོམ་པ་པོ།:བཀྲ་ཤིས་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-11 ཀློག་གྲངས།:
      རྩོམ་རིག་གསར་རྩོམ་གྱི་སྒྱུ་རྩལ་ཆ་ནས་གླེང་སྐབས་ངེས་པར་བོད་རང་གི་གཤིས་དང་མཐུན་མིན་ལ་བསམ་གཞིགས་བྱ་དགོས་ལ་སྒྱུ་རྩལ་གྱི་མཚོན་ཐབས་དེ་འདྲ་བོད་རང་ལ་སྔ་མོ་ནས་ཡོད་མིན་ཐད་དེ་བས་བསམ་གཞིགས་ཀྱིས་གལ་ཏེ་ཡོད་དུ་མཆིས་ན་དེ་མུ་མཐུད་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་ཤིང་།  མེད་ན་དེ་ཚོད་ལ་ཁ་གསབ་ཀྱིས་བོད་ཀྱི་རྩོམ་རིག་ལྡུམ་རྭ་མཚར་སྡུག་གི་མེ་ཏོག་ཅིག་འཛུགས་དགོས་པ་ཡིན། དེ་ལྟར་མ་བྱས་ཚེ་ང་ཚོར་ཕམ་ཁ་མང་དག་ཅིག་འབྱུང་ངེས་ཏེ། དཔེར་ན་འཛམ་གླིང་གི་སློབ་གསོའི་ཁྱབ་ཁོངས་ན་འཛིན་གྲྭའི་ལམ་ལུགས་ནི་ཐོག་མར་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མགོའི་བོད་བཙན་པོའི་དུས་སུ་བྱུང་ཞིང་། ཚེ་གང་གི་སློབ་གསོ་ཞེས་པ་དེ་༧ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས“རིག་པ་ནངས་པར་འཆི་ཡང་སློབ། ། ཚེ་འདིར་མཁས་པར་མ་གྱུར་ཡང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡིས། ། ནོར་ལ་རང་ཉིད་ལེན་དང་མཚུངས། །”ཞེས་གསུངས་པ་ཡིན་མོད། འཛམ་གླིང་སློབ་གསོའི་ལོ་རྒྱུས་དང་ཀྲུང་གོའི་སློབ་གསོའི་ཁྱབ་ཁོངས་ན་དེའི་ཆ་ཙམ་ཡང་མཐོང་རྒྱུ་དང་གོ་རྒྱུ་མེད་པས་དེ་དག་རང་ཅག་ཁོ་ནའི་ལན་ལས་གཞན་སུ་ལའང་ཁག་དཀྲི་རྒྱུ་མེད། དེས་ན་ང་ཚོས་རང་ཅག་བོད་མི་རིགས་ཀྱི་ཁྱད་ཉམས་དང་ལྡན་པའི་རྩོམ་པའི་ཤེས་བྱ་དག་ལ་རྒྱུས་ལོན་གྱིས་བོད་པའི་གཤིས་དང་མཐུན་པའི་རྩོམ་རིག་གསར་རྩོམ་བྱ་ཐབས་དང་གཞུང་ལུགས་ནང་འདྲེན་བྱས་ཏེ་བོད་རང་གི་ཁྱད་ཉམས་ལྡན་པའི་རྩོམ་རིག་གཞུང་ལུགས་ཤིག་ཆགས་པར་བྱ་དགོས། བརྒྱུད་རིམ་དེའི་ནང་བོད་སྔ་རབས་རྩོམ་པའི་ཤེས་བྱ་མང་ཆེ་བ་དགོན་པའི་བླ་གྲྭ་མཁས་དབང་དམ་པ་རྣམས་ཀྱིས་མཛད་པས་དེ་ལ་དོགས་པ་དང་ངན་དམོད། ཟུར་ཟའི་རྣམ་པ་བཟུང་སྟེ་དེ་དང་འབྲེལ་འདྲིས་བྱེད་མི་ཕོད་པའམ་རྒྱབ་སྐྱུར་བྱེད་པ་ལ་མཁས་པ་མི་ཟེར། དེང་དུས་མི་རིགས་གཞན་ནས་དར་ཡོང་བའི་རྩོམ་རིག་གཞུང་ལུགས་དག་ལ་སོ་དཀར་པགས་པས་མི་འཐུམ་པའི་སྒོ་ནས་ཡོད་ཚད་གསོལ་རས་སུ་མངོན་ནས་ནང་འདྲེན་ཁོ་ན་བྱེད་པའམ་དེང་གི་བོད་ཀྱི་རྩོམ་རིག་གཞུང་ལུགས་ཁག་ཏུ་མཚོན་ཐབས་སུ་བོད་སྐད་སྤྱད་ཡོད་ལ་དེའི་ནང་དུ་ནང་དོན་རེ་གཉིས་བོད་ཀྱི་སྔ་རབས་རྩོམ་པའི་ཆོས་ཉིད་དམ་ཤེས་བྱ་སྤྱད་དེ་བྲིས་ཏེ་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྣེ་འཁྲིད་བྱེད་པ་ནི་མཐོང་རྒྱ་ཡངས་པའི་གནང་སྟངས་ཤིག་ཡིན་མོད། དེས་བོད་ཀྱི་རྩོམ་རིག་འཕེལ་འགྱུར་ལ་ནུས་པ་དེ་ཙམ་གྱི་ཐོན་དཀའ་བས་ང་ཚོས་བོད་ཀྱི་སྔ་རབས་རྩོམ་པའི་ཤེས་བྱ་དང་དེང་གི་དུས་སུ་ཕྱི་ཕྱོགས་ནས་དར་བའི་རྩོམ་རིག་གི་ལྟ་བ་ཁག་ལ་ནན་ཏན་གྱིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་དེ་ལ་འཇུག་དགོས་པ་ཡིན། གལ་ཏེ་ཐབས་དེ་ལྟར་སྤྱད་ཐུབ་ན་བོད་པ་རང་གི་གཤིས་ཉམས་དང་ལྡན་པའི་རྩོམ་པའི་གཞུང་ལུགས་ཤིག་ཐོན་ཐུབ་ལ་དེས་སྣེ་འཁྲིད་པའི་རྩོམ་རིག་གསར་རྩོམ་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ངེས་ཤིང་འཛམ་གླིང་རྩོམ་རིག་ཁྱབ་ཁོངས་ནང་དུ་བོད་ཀྱི་རྩོམ་པའི་འདུ་ཤེས་ཟེར་བ་འདི་འདྲ་ཞིག་ཡིན་པ་དང་འདི་ལ་བོད་རང་གི་ཁྱད་ཆོས་འདི་འདྲ་ཞིག་འདུག་ཅེས་ངོས་འཛིན་དང་ཁས་ལེན་བྱེད་པར་ངེས་སོ།། གཤམ་ན་གུས་པས་ལྷག་བསམ་དག་པོས་བོད་ཀྱི་རྩོམ་རིག་གཞུང་ལུགས་ཕྱིས་འབྱུང་ཇི་ལྟར་བྱ་དགོས་མིན་ཐད་ལ་རེ་བ་འདྲ་འདོན་པར་བྱ་སྟེ།

གསུམ་པ། བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་བཏོན་པའི་རེ་བ།

      དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཚུན་ནས་བོད་དུ་སྔར་མེད་ཀྱི་རྩོམ་རིག་གཞུང་ལུགས་ཁ་ཅིག་བྱུང་ཞིང་དེ་དག་གིས་དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་གི་གསར་རྩོམ་བྱ་བར་ནུས་པ་ཐོན་ཡོད་ལ་གྲུབ་འབྲས་ཀྱང་མི་དམན་པར་ཐོན་ཡོད་པ་རེད། ཡིན་ཡང་དེ་དག་ལ་མི་རིགས་རང་བཞིན་ཞེས་གླེང་ན་མི་འཚམ་པས་གུས་པས་བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་རེ་བ་བཏོན་པའི་ཁུལ་གྱིས་བརྗོད་པར་བྱ་བ་ལ།
གཅིག སྣེ་འཁྲིད་ཀྱི་བསམ་བློར་བཏོན་པའི་རེ་བ།
      དེ་ཡང་རྩོམ་རིག་གཞུང་ལུགས་ཞེས་པའང་རིག་པའི་གཞུང་ལུགས་ཤིག་ཡིན་གཤིས་དེ་ལ་ངེས་པར་ཡང་དག་པའི་སྣེ་འཁྲིད་བསམ་བློ་ཞིག་ལྡན་དགོས་པ་ཡིན། ཡང་དག་པའི་བསམ་བློ་ཞེས་པའི་ཚད་དེ་གང་ནས་འཇོག་གམ་ཞེ་ན། འདིར་གཙོ་བོ་མི་རིགས་ཀྱི་བསམ་བློ་འདུ་ཤེས་ལ་བྱའོ། དེས་ན་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་བསམ་བློའི་འདུ་ཤེས་ནི་བོད་པ་རང་གི་འདུ་ཤེས་ཡིན་པ་ལས་ནུབ་ཕྱོགས་ཀྱི་བསམ་པའི་འདུ་ཤེས་ཀྱིས་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་བསམ་བློའི་ཚབ་བྱེད་མི་ཉན་ལ། རྒྱ་མི་རིགས་ཀྱི་ཉི་མ་དམར་པོ་ཞེས་བསྟོད་པ་བྱེད་པའི་བསམ་བློས་བོད་ཀྱི་ཉི་མ་སེར་པོའི་འདུ་ཤེས་ཀྱི་ཚབ་བྱེད་མི་ཐུབ་པས་གང་དེའི་བསམ་པའི་འདུ་ཤེས་དེར་བརྩི་འཇོག་གིས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་ཡིན། དེ་ལྟར་བྱུང་ཚེ་འཛམ་གླིང་གི་རྩོམ་རིག་དགའ་ཚལ་ན་མཚར་སྡུག་གི་གང་བུ་ཞིག་བཞད་ངེས།
      གཞུང་ལུགས་ཀྱི་སྣེ་འཁྲིད་བསམ་བློ་ཡང་དག་པ་ཞིག་བྱུང་ན་དེས་ཐོན་པའི་ནུས་པའང་ལེགས་ལམ་ཞིག་ལས་འདུ་ཤེས་ཀྱི་ཆོས་ཉིད་དང་འགལ་བའི་ལག་ལེན་ཞིག་ཡོང་མི་སྲིད་པས་བོད་ཀྱི་རྩོམ་པའི་ཤེས་བྱའི་ཁོག་ཏུ་སྲིད་པ་ཆགས་པ་ནས་ད་བར་དུ་མངའ་བའི་མཐུན་མིན་གྱི་འདུ་ཤེས་དེ་དག་ལ་རྒྱུས་ལོན་གང་ལེགས་བྱས་ཏེ་བོད་ཀྱི་རྩོམ་རིག་གཞུང་ལུགས་རང་མཚན་པ་ཞིག་གྲུབ་པར་བྱ་དགོས་པ་ནི་ང་ཙམ་མ་ཡིན་པར་བོད་ཀྱི་རྒན་དར་གཞོན་གསུམ་ཚང་མས་ཕྲག་ཏུ་བབས་པའི་རིག་གནས་ཀྱི་འོས་འགན་ཞིག་ཡིན་ཅིང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་བྱ་བའི་ཐབས་ལམ་ཞིག་ཡིན་པ་རེད།  གཤམ་དུ་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་ཐད་ལ་བཏོན་པའི་རེ་བ་འདྲ་བརྗོད་པར་བྱ་སྟེ།
གཉིས། འཕེལ་ཕྱོགས་ལ་བཏོན་པའི་རེ་བ།
      དེ་ཡང་བོད་ཀྱི་རྩོམ་རིགས་གཞུང་ལུགས་འདི་ཉིད་མི་རིགས་རང་བཞིན་ཅན་དུ་འགྱུར་བ་ལ་དང་ཐོག་མར་ང་ཚོས་སྔ་རབས་བོད་ཀྱི་རྩོམ་པའི་ཤེས་བྱར་རྒྱུས་ལོན་གང་ལེགས་ཀྱིས་རྩོམ་པའི་ཤེས་བྱ་དེ་དག་དུས་རབས་དང་མཐུན་པའི་སྒོ་ནས་མི་རིགས་གཞན་གྱི་རྩོམ་རིག་གི་ལེགས་ཆ་བསྡུ་ལེན་བྱས་ཏེ་བོད་ཀྱི་རྩོམ་རིག་གཞུང་ལུགས་ཤིག་ཏུ་གྱུར་བ་བྱེད་དགོས་པ་ཡིན།
      བོད་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་ཕྱོགས་གླེང་བ་ཕྱོགས་ཁག་གསུམ་གྱི་ཐད་ནས་གླེང་བ་དགོས་པ་ཡིན་ཏེ།
གཅིག རྩོམ་རིག་དཔྱད་བརྗོད་ཀྱི་ཐད་ནས་གླེང་དགོས་པ་ཡིན།
      རྩོམ་རིག་དཔྱད་བརྗོད་ནི་མི་རིགས་སུ་དང་གང་ཞིག་ཡིན་རུང་། མི་རིགས་དེའི་རྩོམ་རིག་འཕེལ་རྒྱས་ཀྱི་ནང་དུ་ནུས་པ་འགངས་ཆེན་ཐོན་གྱི་ཡོད་པ་རེད། དེས་རྩོམ་རིག་བརྩམས་ཆོས་ཀྱི་ནང་དོན་དང་རྣམ་པར་དབྱེ་ཞིབ་དང་གདེངས་འཇོག་བྱས་ཏེ་རྩོམ་རིག་གི་ཆོས་ཉིད་དག་བྱེ་བྲག་གི་བརྩམས་ཆོས་ལས་ཚུར་སྣང་བྱེད་ཅིང་རྩོམ་རིག་གཞུང་ལུགས་ཀྱིས་གསར་རྩོམ་ལ་ཐོན་པའི་ནུས་པར་དབྱེ་འབྱེད་ཀྱིས་རྩོམ་རིག་གཞུང་ལུགས་ཀྱི་འཐུས་ཚང་དང་འཕེལ་ཕྱོགས་ལ་བརྗོད་དུ་མེད་པའི་ནུས་པ་ཞིག་ཐོན་གྱི་ཡོད་པས་རེད། ཡིན་ཡང་ད་ལྟའི་བོད་ཀྱི་རྩོམ་རིག་ཁྱབ་ཁོངས་ནང་དུ་རྩོམ་རིག་དཔྱད་བརྗོད་ཀྱི་རྣམ་པ་དེ་ཙམ་གྱིས་ལེགས་པོ་ཞིག་མ་ཡིན་ཏེ། ༡ རྩོམ་རིག་དཔྱད་བརྗོད་ཀྱི་ལས་ལ་གཞོལ་མཁན་གྱི་མི་སྣ་ཉུང་ཞིང་དཔྱད་བརྗོད་ཀྱི་དཔུང་ཁག་ཅིག་ཆགས་མེད་པ།  ༢ སྔ་རབས་ཀྱི་རྩོམ་པའི་རྣམ་གཞག་ལ་སྦྱོང་བ་དང་རྟོགས་ཞིབ་ཅུང་མི་འདང་བ་དང་། ༣ རྩོམ་རིག་དཔྱད་བརྗོད་ཀྱི་ཐབས་ཤེས་སྣ་རྐྱང་ཅན་དུ་ཡོད་པ། ༤ དུས་ལྟར་རྩོམ་རིག་གསར་རྩོམ་ལ་ཕྱོགས་བསྡོམས་བགྱི་མི་ཐུབ་པ། ༥ ནུབ་ཕྱོགས་ཀྱི་རྩོམ་གཞུང་ལ་བསྟུན་དྲགས་པས་མི་རིགས་རང་ཉིད་ཀྱི་འདུ་ཤེས་སམ་ཁྱད་ཆོས་ཤོར་འགྲོ་བའི་སྣང་ཚུལ་བཅས་ཐོན་བཞིན་ཡོད་པས་ང་ཚོས་བོད་རང་གི་ཁྱད་ཉམས་ལྡན་པའི་སྒོ་ནས་རྩོམ་རིག་དཔྱད་བརྗོད་ཀྱི་གནད་དོན་དེ་དག་ཐག་གཅོད་བྱས་ཏེ་བོད་ཀྱི་རྩོམ་རིག་གཞུང་ལུགས་འདི་ཉིད་མི་རིགས་ཀྱི་ཁྱད་ཉམས་ལྡན་པར་བྱ་དགོས་པ་ཡིན་ནོ།།
གཉིས། གསར་རྩོམ་གྱི་དཔུང་ཁག་ཐད་ནས་གླེང་དགོས་པ་ཡིན།
      གསར་རྩོམ་གྱི་ལས་ལ་འཇུག་མཁན་གྱི་རྩོམ་པ་པོ་དག་ནི་དོན་ངོ་མའི་རྩོམ་རིག་གི་ལག་ལེན་པ་ཡིན་ཞིང་། མི་རིགས་ཤིག་དང་དུས་རབས་ཤིག་གི་འགན་འཁྲི་ཕྲག་ཏུ་ལེན་མཁན་གྱི་ཤེས་ལྡན་པའི་དཔུང་ཁག་ཅིག་ཡིན་གཤིས་གསར་རྩོམ་ལས་ལ་རྔོ་ཐུབ་པའི་རྩོམ་རིག་གི་གཞུང་ལུགས་ཤིག་གྲུབ་པར་བྱ་དགོས་པ་རེད། རྩོམ་རིག་གཞུང་ལུགས་ཀྱི་ཐོན་པའི་ནུས་པ་ནི་རྩོམ་པ་པོའི་རྩོམ་རིག་གི་ལག་ལེན་ལས་མངོན་པ་ཞིག་ཡིན་ཞིང་རྩོམ་མཁན་གྱི་རྩོམ་རིག་ཤེས་བྱ་གོང་མཐོར་གཏོང་རྒྱུ་ནི་རྩོམ་རིག་གཞུང་ལ་དབབ་པའི་འོས་འགན་ཞིག་རེད་ལ་རྩོམ་པའི་ཤེས་བྱའི་བྱང་ཚད་མཐོ་ཞིང་རྩོམ་རིག་དགའ་ཞེན་ལྡན་ལ་མི་རིགས་ཀྱི་ལས་དབང་ཕྲག་ཏུ་ཁུར་ནུས་མཁན་གྱི་བོད་ཀྱི་རྩོམ་པ་པོའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་དགོས་པ་ཡིན། འོ་ན་བོད་ཀྱི་རྩོམ་པ་པོའི་དཔུང་ཁག་སྟོབས་དང་ལྡན་པ་ཞིག་ཇི་ལྟར་འཛུགས་དགོས་སམ། དེས་སྤྱི་ཚོགས་ལ་ཕན་པ་ཡོད་པ་ཞིག་ཇི་ལྟར་བྱ་མིན་ནི་མིག་སྔའི་བོད་ཀྱི་རྩོམ་རིག་གཞུང་ལུགས་དང་རིག་གཞུང་གི་ཁྱབ་ཁོངས་སུ་ལྷག་བསྡད་པའི་གནད་དོན་ཞིག་རེད། གནད་དོན་དེ་ཐག་གཅོད་པར་གཙོ་བོ་བོད་ཀྱི་སྔ་རབས་རྩོམ་པའི་གཞུང་ལུགས་དག་གསར་རྩོམ་གྱི་ཁྲོད་དུ་རྒྱ་ཁྱབ་རང་བཞིན་དུ་འགྲོ་བར་བྱ་རྒྱུ་དེའོ།།
གསུམ། བོད་ཀྱི་སློབ་གྲྭ་ཁག་གི་སློབ་གཉེར་གྱི་ཐད་ནས་གླེང་དགོས་པ་ཡིན།
      སློབ་གྲྭ་ནི་མི་རིགས་དེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་སའི་དང་ཐོག་མའི་ཁོར་ཡུག་གལ་ཆེན་ཞིག་ཡིན་ཞིང་མི་རིགས་ཀྱི་མ་འོངས་པ་གསོ་སྐྱོང་བྱེད་པའི་དོ་རྭ་ཡངས་ཤོས་དེ་ཡིན། དེས་ན་བོད་ཀྱི་རྩོམ་རིག་གཞུང་ལུགས་དེ་ཉིད་ཀྱང་བོད་མི་རིགས་ཀྱིས་ཡུན་རིང་འཚོ་གནས་ཀྱི་ཁོར་ཡུག་ནང་ཕྱོགས་བསྡོམས་བྱས་ཤིང་མི་རིགས་རང་གི་འདུ་ཤེས་མངོན་མངོན་རྗེན་རྗེན་དུ་གནས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པས་གཞུང་ལུགས་དེ་ཉིད་སློབ་མའི་ཆུ་ཚད་དང་མཐུན་པའི་སྒོ་ནས་སློབ་ཁྲིད་བྱ་དགོས་ལ་ལྷག་པར་བོད་སྐད་ཡིག་གི་དགེ་རྒན་ལ་མི་རིགས་རྩོམ་རིག་གི་འདུ་ཤེས་ངེས་ཅན་ལྡན་དགོས་ལ་རྩོམ་རིག་གི་ཤེས་བྱ་ངེས་པར་ལྡན་དགོས་པ་ཡིན། མིག་སྔར་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཉེར་གྱི་ཁོར་ཡུག་ནང་མི་རིགས་རང་བཞིན་གྱི་རྩོམ་པའི་ཤེས་བྱའི་བསླབ་གཞི་མེད་པའམ་ཡོད་ཀྱང་རྔོ་ལོན་པ་ཞིག་མེད་རྐྱེན་བོད་མི་རིགས་ཀྱི་འདུ་ཤེས་དང་ལྡན་པའི་རྩོམ་པའི་ཤེས་བྱ་དག་བོད་མི་རིགས་ཀྱི་རེ་བ་ཡིན་ཞེས་འབོད་པའི་བོད་པའི་སློབ་མའི་ཚོགས་སུ་རྒྱུས་མངའ་ཉུང་བས་མི་རིགས་རང་བཞིན་གྱི་རྩོམ་རིག་ཅེས་པ་རྐང་ཚུགས་མི་ཐུབ་སྟབས་བསྒྱུར་གཞུང་དག་གིས་ནུས་པས་དྲངས་པའི་རྩོམ་རིག་གསར་རྩོམ་ལ་མི་རིགས་ཀྱི་འདུ་ཤེས་མངོན་པའི་རྩོམ་རིག་བརྩམས་ཆོས་ཤིག་ཐོན་དཀའ་རྐྱེན། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རྩོམ་པའི་འདུ་ཤེས་དེ་རིམ་བཞིན་རྨེག་མེད་དུ་གྱུར་ནས་བོད་ཀྱི་རྩོམ་རིག་ཟེར་བ་དེ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ལྟར་དུ་གྱུར་ནས་འཛམ་གླིང་རྩོམ་རིག་གི་ལྡུམ་རྭ་ནས་རྩྭ་ངན་བཞིན་ཕྱིར་དབྱུང་ངེས་པས་ང་ཚོར་ཡོད་པ་ནི་མི་འདོད་པའི་འཁང་ར་ཁོ་ན་ལས་ཅང་ཡོད་མི་སྲིད་དོ།།
མཇུག་བསྡུ་བའི་གཏམ།
      དེ་ཡང་བོད་དུ་རྩོམ་རིག་གསར་རྩོམ་གྱི་ལག་ལེན་ནི་དུས་སྔ་མོ་ཞིག་ནས་དང་ཐོག་མའི་རང་བྱུང་ཁམས་ཀྱི་ངོས་འཛིན་དང་ནང་སེམས་ཀྱི་བརྩེ་བ་དག་ཕྱིར་མངོན་ཏེ་རིམ་བཞིན་སྒེར་ཚུགས་ལྡན་པའི་རྩོམ་ལུས་ཁག་ཏུ་གྲུབ་པ་དང་གསར་རྩོམ་རྒྱུད་རིམ་ནང་མེས་པོ་ཚོས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་ལག་ལེན་དུ་བཏབ་ནས་མི་རིགས་རང་གི་རྩོམ་རིག་བྱུང་བ་ཡིན། ངོས་འཛིན་དང་ལག་ལེན་གྱི་ཁྲོད་དུ་རྩོམ་རིག་གསར་རྩོམ་གྱི་ཆོས་ཉིད་དག་ཕྱོགས་བསྡོམས་བྱས་ཏེ་མི་རིགས་རང་གོ་གཤིས་དང་ལྡན་པའི་རྩོམ་པའི་ཤེས་བྱ་དག་རིག་གནས་ཀྱི་ཁྱབ་ཁོངས་ཅི་རིགས་ནས་ཁྱབ་པར་བྱས་ནས་མི་རིགས་ཀྱི་རྩོམ་རིག་དར་འཕེལ་ལ་ནུས་པ་གལ་ཆེན་ཐོན་ཡོད་ལ་དེ་ལས་མི་རིགས་རང་གི་འདུ་ཤེས་སམ་ཁྱད་ཉམས་མངོན་པར་བྱས་ཡོད། བོད་དུ་སྤྱི་ལོའི་དུས་རབས་བཅུ་གཉིས་བཅུ་གསུམ་ཙམ་ནས་སྙན་གཞུང་མེ་ལོང་མ་དར་ཞིང་དེ་ལ་བོད་ཀྱི་སེར་སྐྱ་མཁས་པ་རྣམས་ཀྱིས་བོད་པའི་གཤིས་དང་མཐུན་ཅི་ཐུབ་ཀྱིས་བོད་འགྲེལ་མང་དུ་མཛད་ཅིང་བོད་དུ་རྩོམ་རིག་གི་འཕྲིན་ལས་དར་ཞིང་འཕེལ་བ་བྱུང་། ཡིན་ཡང་དེང་གི་ཆར་བོད་ཀྱི་རྩོམ་རིག་གི་ལས་ལ་འཇུག་མཁན་མང་དག་ཅིག་གིས་བོད་དུ་རྩོམ་པའི་ཤེས་བྱ་མེད་པའམ་ཡོད་ཀྱང་ཧ་ཅང་གིས་ཉག་ཕྲ་བར་འདོད་ལ། དེ་དག་གི་ནང་དུ་ཆོས་ལུགས་ཀྱི་ཤན་ཤུགས་མངོན་ལྐོག་ཅི་རིགས་ན་ཐེབས་ཡོད་གཤིས་དེས་དུས་རབས་ཀྱི་འགན་འཁྲི་ཁག་ཏུ་ལེན་མི་ཐུབ་པ་དང་། རྩོམ་པའི་ཤེས་བྱ་དེ་དག་ལ་མཐའ་གཅིག་དགག་སྤོང་གིས་མི་རིགས་གཞན་གྱི་རྩོམ་རིག་གཞུང་ལུགས་དག་བོད་དུ་འགྱུར་ཏེ་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་ཚབ་བྱེད་ཅིང་བོད་ཀྱི་རྩོམ་རིག་གཞུང་ལུགས་ཞེས་མིང་དུ་བཏགས་ཏེ་རྩོམ་རིག་གསར་རྩོམ་ལ་སྣེ་འཁྲིད་བྱས། འོན་ཀྱང“བྱི་ཕྲུག་ངན་པས་ཕ་ངོ་བཏོན”ཞེས་པའི་དཔེ་ལྟར་དེས་བོད་ཀྱི་རྩོམ་རིག་གསར་རྩོམ་ནང་མི་རིགས་རང་བཞིན་མངོན་རྒྱུ་དཀའ་ཁག་ཅིག་ཏུ་གྱུར་ཡོད།
      རྩོམ་རིག་གཞུང་ལུགས་ལ་མི་རིགས་ཀྱི་རང་བཞིན་གྱིས་དབུལ་ན་དེས་སྣེ་འཁྲིད་པའི་གསར་རྩོམ་གྱི་བྱ་བར་མི་རིགས་ཀྱི་ཁྱད་ཉམས་མི་ལྡན་ཞིང་བོད་ཀྱི་འདུ་ཤེས་ལྡན་པའི་རྩོམ་རིག་ཅིག་ཏུ་གྲུབ་མི་ཐུབ་པས་མ་འོངས་པའི་བོད་ཀྱི་རྩོམ་རིག་ཅེས་པ་དེ་ཕ་ངོ་མ་ངོ་མེད་པའི་འཁྱམས་པོ་བ་ཞིག་ཏུ་གྱུར་བར་ཐེ་མི་ཚོམས་སོ།།
      དེས་ན་གུས་པས་ད་རེས་དངོས་གཞིའི་སློབ་མའི་མཐར་ཕྱིན་དཔྱད་རྩོམ་དུ་བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཉམས་ལྡན་དགོས་པའི་སྐོར་ལ་རང་བློས་གང་ནུས་གང་ལྕོག་གིས་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་འཕེལ་འགྱུར་ཞེས་པ་དང་། བོད་ཀྱི་རྩོམ་རིག་གཞུང་ལུགས་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པའི་སྐོར། བོད་ཀྱི་རྩོམ་རིག་གཞུང་ལ་བཏོན་པའི་རེ་བ་ཞེས་ནང་དོན་གསུམ་གྱི་ཐོག་ནས་གླེང་ཁུལ་གྱིས་བྲིས་པ་ཡིན་མོད། རང་ན་སོ་ཕྲ་ཞིང་རྣམ་གཡེང་གི་གཞན་དབང་དུ་གྱུར་པ། རྩོམ་རིག་དགའ་ཞེན་ཕྲན་བུ་ཡོད་མོད་འབྲེལ་ཡོད་ཀྱི་ཤེས་བྱར་དེ་ཙམ་གྱིས་སྦྱང་པ་དམན་པས་མཐར་ཕྱིན་དཔྱད་རྩོམ་འདིར་མ་འདང་བ་དང་མ་གསལ་བའི་སྐྱོན་ངེས་པར་ཡོད་སྲིད་པས་མཁྱེན་དཔྱོད་ཡངས་པའི་དགེ་སློབ་ཡོངས་ནས་མི་རིགས་རྩོམ་རིག་ལ་དཔྱད་དུ་འཚལ་ལོ་ཞེས་ལྷག་བསམ་ལ་རྨ་མེད་པའི་ལར་ཞེན་ཞིག་དང་གཞོན་ནུའི་བསམ་ཕྱོགས་ཤིག་ནས་དཔྱད་རྩོམ་འདི་འདྲ་ཞིག་བྲིས་པ་ཡིན་པས་འདིས་ཕན་པའི་དགེ་ལས་སུ་འགྲོ་བ་ལས་གནོད་པའི་སྡིག་ལས་སུ་མི་འགྲོ་བར་ཤོག །
བདག་གི་བློ་མིག་ཇི་ལྟར་རབ་མོག་ཀྱང་། །ལར་ཞེན་ལྷག་བསམ་དཀར་པོས་འཇུག་པའི་ལས། །
འདི་ཕྱི་གཉིས་ཀྱི་བོད་ཀྱི་རྩོམ་པའི་གཞུང་། །དེ་ཡི་འཕྲིན་ལས་འཕེལ་ལ་རྔོ་བར་ཤོག །
ད་རེས་ངས་འདི་བྲིས་པའི་རྗེས་འཇུག་ལ། །བློ་མིག་ཡངས་པའི་ན་གཞོན་ལར་ཞེན་ཚོགས། །
གཅིག་གི་ཟླ་ལ་གཅིག་གིས་འཇུག་ནས་སུ། ། མི་རིགས་རྩོམ་རིག་ཁ་གཡང་དར་བར་ཤོག །།།
མཆན་འགྲེལ།
①② ལྷག་པ་ཆོས་འཕེལ།《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ།》སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༡༠དཔར་བའི་དཔར་ཐེངས་དང་པོ། ཤ ༧ ཤ ༨
③ ཀུན་དགའ།《བོད་ཀྱི་རྩོམ་རིག་གཞུང་སྐོར་གྱི་རྣམ་བཤད།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༩༩ལོའི་ཟླ་༡དཔར་བའི་པར་ཐེངས་དང་པོ། ཤ ༣༥དང་༣༦
④⑤བོད་མཁས་པ།《དཎྜིའི་དགོངས་རྒྱན།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁབ་གིས༢༠༡༢ལོའི་ཟླ་༣དཔར་བའི་པར་ཐེངས་བཞི་པ། ཤ ༡༢༧
⑥མཁས་བཙུན།《ཀྲུང་གོའི་བོད་རིག་པ།》༢༠༠༦ལོའི་དུས་དེབ་གསུམ་པའི་ཐོག་སྤེལ་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་དབྱེ་ཚུལ་ངོ་སྤྲོད་མདོར་བསྡུས།》ཤ ༡༠༢
⑦⑧⑨ བུ་བཞི་བསམ་པའི་དོན་གྲུབ།《བུ་བཞི་དོན་གྲུབ་ལགས་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།》ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས༢༠༠༨ལོའི་ཟླ༢དཔར་བའི་པར་ཐེངས་དང་པོ། ཤ ༡ ཤ ༤༠ ཤ ༤༡
⑩1112131418ཤ་བོ་ཚེ་བརྟན།《བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས་སྒྲ་དོན་སྒྱུ་མའི་རྨུ་ཐག》བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤ ༡༧༠ ཤ ༡ ཤ ༢ ཤ ༡༠༨ ཤ ༡༠༨ ཤ ༧༠
15སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ《ལེགས་རྩོམ་སྙིང་བསྡུས།》 མི་རིགས་དཔེ་སྐྲུན་ཁང་གིས༢༠༡༠ལོའི་ཟླ་༡དཔར་བའི་པར་ཐེངས་ལྔ་པ།ཤ ༣༥༥
16 ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།《ཟློས་གར་དང་མཁས་འཇུག》མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོའི་ཟླ༣དཔར་བའི་པར་ཐེངས་གཉིས་པ། ཤ ༩༠
17 ལྷག་པ་ཆོས་འཕེལ།《ལྷག་པ་ཆོས་འཕེལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༢ལོའི་ཟླ་༣དཔར་བའི་པར་ཐེངས་དང་པོ། ཤ ༡༢༡
19 ཨ་ལག་དོར་ཞི།《མུན་འཇོམས་ནོར་བུའི་ཕྲེང་བ།》མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༦ལོའི་ཟླ༡༡དཔར་བའི་པར་ཐེངས་དང་པོ། ཤ ༢༠༥
དཔྱད་གཞིའི་ཡིག་ཆ།
༡ ལྷག་པ་ཆོས་འཕེལ།《བོད་ཀྱི་རྩོམ་རིག་ལོ་རྒྱུས་མུན་སེལ་སྒྲོན་མེ།》མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོར་བསྐྲུན།
༢ རོང་བོ་དགེ་འདུན་རབ་གསལ།《བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༣ལོར་བསྐྲུན།
༣ ལྷག་པ་ཆོས་འཕེལ།《ལྷག་པ་ཆོས་འཕེལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》མི་རིགས་དཔེ་སྐྲུན་ཁང་གིས༢༠༡༢ལོར་བསྐྲུན།
༤ ཨ་ལག་དོར་ཞི།《སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༤ལོར་བསྐྲུན།
༥ ཨ་ལག་དོར་ཞི།《མུན་འཇོམས་ནོར་བུའི་ཕྲེང་བ།》མི་རིགས་དཔེ་སྐྲུན་ཁང་གིས༡༩༩༦ལོར་བསྐྲུན།
༦ ཨ་ལག་ཤ་ངག་དབང་བསྟན་དར། 《བསྟན་དར་ལྷ་རམས་པའི་གསུང་འབུམ་བཞུགས་སོ།》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་གིས་བསྒྲིགས།
༧ ཨ་ལག་དུང་དཀར་བློ་བཟང་འཕྲིན་ལས།《ཚིག་རྒྱན་རིག་པའི་སྒོ་འབྱེད།》མི་རིགས་དཔེ་སྐྲུན་ཁང་གིས༢༠༠༧བསྐྲུན།
༨ ཨ་ལག་ཚེ་ཏན་ཞབས་དྲུང་།《སྙན་ངག་སྤྱི་དོན།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༩ལོར་བསྐྲུན།
༩ རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།《ཟློས་གར་དང་མཁས་འཇུག》མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༣ལོར་བསྐྲུན།
༡༠ རྡོ་རྗེ་རིན་ཆེན།《རྩོམ་རིག་གཞུང་ལུགས་གནད་བསྡུས།》མི་རིགས་དཔེ་སྐྲུན་ཁང་གིས༢༠༠༨ལོར་བསྐྲུན།
༡༡ ཀུན་དགའ།《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༡༩༩༩ལོར་བསྐྲུན།
༡༢ བུ་བཞི་བསམ་པའི་དོན་གྲུབ།《བུ་བཞི་དོན་གྲུབ་ལགས་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།》ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས༢༠༠༨ལོར་བསྐྲུན།
༡༣ ཤ་བོ་ཚེ་བརྟན།《བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས་སྒྲ་དོན་སྒྱུ་མའི་རྨུ་ཐག》བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་གིས༢༠༡༤ལོར།

ཐུགས་རྗེ་ལེགས་འབུལ་གྱི་གཏམ།

ལོ་བཞི་འདས་པའི་ཤུལ་ཐག་རིང་མོ། །མ་བསམ་ས་ན་ལོ་ཡི་ཉག་མ། །
ཞིབ་ཏུ་སེམས་ན་འདང་གི་རྨི་ལམ། །དགའ་སྐྱོའི་ལམ་གྱི་སྣེ་ཞག་བཟུང་ནས། །
ལ་རྒྱབ་འབྲོག་ཐང་སེམས་ཀྱིས་བཙལ་དུས། །སྐྱི་སེར་རླུང་གི་འདུར་རྒྱུགས་ཁྲོད་ན། །
མ་ལོ་རྒས་པའི་དབུགས་རྒྱུན་ཚོར་བས། །ཡ་ཆུང་ཁོག་ལ་གྲང་ཞིག་ལངས་བྱུང་། །
བགྲང་བྱ་བཞི་ཡི་གླིང་ཁམས་འདི་རུ། །བློ་རྨོངས་བདག་སོགས་ཉམས་ཆུང་ཚོགས་ལ། །
དགོས་འདོད་གཏེར་གྱི་ཤེས་རིག་བསྩལ་མཁན། །སློབ་དཔོན་ཚོགས་ལ་དྲིན་དུ་འབོད་དོ། །ཞེས་དྲིན་ཆེན་གྱི་ཕ་མ་གཉིས་དང་བདག་སོགས་པའི་སློབ་མ་དག་ལ་ཤེས་རིག་བསྩལ་གནང་མཁན་གྱི་དགེ་བའི་བཤེས་རྣམ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། མ་ཟད་བདག་གི་དངོས་གཞིའི་སློབ་མའི་མཐར་ཕྱིན་དཔྱད་རྩོམ་གྱི་ཐོག་མཐའ་བར་གསུམ་དུ་རིན་ཅན་གྱི་དཔྱད་གཞིའི་ཡིག་ཆ་མཁོ་འདོན་དང་དཔྱད་རྩོམ་གྱི་ཐད་ཀྱི་གནད་དོན་ཐད་གཅོད་དང་དག་ཐེར་གནང་མཁན་གྱི་བདག་གི་དཔྱད་རྩོམ་གྱི་མཛུབ་ཁྲིད་པ་རྒན་བསེ་ཆང་ཤ་བོ་ཚེ་བརྟན་མཆོག་ལ་བཀའ་དྲིན་ཆེ་ཞེས་དྲིན་དུ་ཚོར་བའི་ཁྲེལ་ཡོད་ཀྱིས་སེམས་གཏིང་ནས་ཞུ་བ་ཡིན་ལ་རྒན་ཁྱེད་མ་འོངས་པའི་ལོ་ཟླའི་ནང་སྐུ་ཁམས་གསལ་ཐང་དང་། ཁྱིམ་ཚང་འཆམ་མཐུན། མཛད་འཕྲིན་ཡར་འཕེལ། དགའ་པོ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་ཁྱེད་ཉིད་ནས་ལྷག་བསམ་གྱི་འདུན་པ་དག་པོ་མཁའ་རུ་བཏེགས་ཏེ་བོད་ཀྱི་རྩོམ་རིག་བྱ་གཞག་ལ་སྔར་བས་སྤོབས་པ་ཆེར་བསྐྱེད་ཀྱིས་འཇུག་པར་རེ་བ་དང་བཅས་སྨོན་འདུན་བཟང་པོ་འདེབས་པ་ཡིན།
      དེ་བཞིན་བདག་སོགས་པའི་སློབ་མ་དག་གི་ལོ་བཞིའི་སློབ་ཆེན་གྱི་འགྲོ་འདུག་གཏམ་གསུམ་ཐད་ལ་རྒྱབ་སྐྱོར་དང་སྐུལ་འདེད་གནང་མཁན་གྱི་རྒན་དྲིན་ཆེན་ཤྰཀྱ་བསྟན་འཛིན་མཆོག་ལ་ཁྱེད་སྐུ་ལས་ཁག་སོང་ཞེས་ཞུ་བ་ཡིན། བཀའ་དྲིན་ཆེའོ། དེ་བཞིན་སློབ་ཆེན་གྱི་དགའ་སྡུག་འདྲེས་མའི་འཚོ་བའི་ཤུལ་ལམ་འདིའི་སྟེང་དུ་དགའ་ན་དགའ་བའི་འཛུམ་དཀར་བསྟན་ས། སྡུག་ན་སྡུག་པའི་ཁུར་པོ་དབབ་སའི་བདག་གི་གྲོགས་གྲོགས་མོ་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། མདོར་ན་ཡོད་ཚད་ལ་བཀའ་དྲིན་ཆེ་ཞེས་ཞུའོ། བཀའ་དྲིན་ཆེ། བཀའ་དྲིན་ཆེའོ།།།།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།