logo

བླ་བྲང་དགོན་པའི་མཚན་ཉིད་གྲྭ་ཚང་གི་བསླབ་པ་དང་རྩོད་པའི་རིམ་པ་གཞིར་བྱས་ཀུན་མཁྱེན་ཡིག་ཆའི་སྐོར་གླེང་བ།

རྩོམ་པ་པོ།:གཡག་ལྡོམ་མགོན་པོ་རིག་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-10 ཀློག་གྲངས།:

མདོ་སྨད་བཀྲ་ཤིས་འཁྱིལ་དགོན་པའི་མཚན་ཉིད་གྲྭ་ཚང་གི་བསླབ་པ་དང་རྩོད་པའི་རིམ་པར་
གཞིར་བཅས་ནས་ཀུན་མཁྱེན་ཡིག་ཆའི་སྐོར་རགས་ཙམ་གླེང་བ།
        གཡག་ལྡོམ་མགོན་པོ་རིག་འཛིན།

གཅིག  ཀུན་མཁྱེན་ཡིག་ཆའི་བྱུང་བའི་སྐོར་བཤད་པ།
      རྗེ་འདི་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་མཚན་གསོལ་བ་ནི། གསང་རྣམ་ལས། “ཆོས་འཁོར་ལྷ་སར་ཤཱཀྱ་མུ་ནེ་དང་། །འཇམ་དབྱངས་སྐུ་ཡིས་སྙན་དར་ཕྱག་བཞེས་ནས། །འཛུམ་བཞད་གསུང་བྱོན་དགྱེས་པའི་ཉམས་མང་མཛད། །”ཞེས་གསུངས་པ་ལྟར་རྗེ་དེ་ཉིད་ཆོས་འཁོར་དཔལ་གྱི་ལྷ་སར་མཆོད་མཇལ་སྐབས་རྗེ་ བཙུན་འཇམ་དབྱངས་ཀྱི་སྐུས་སྙན་དར་ཕྱག་གིས་བཞེས་ནས་བཞད་པས་རྗེ་འདིའི་མཚན་ལའང་ འཇམ་དབྱངས་བཞད་པར་གྲགས་ལ། འགའ་ཞིག་གིས། ཤེས་བྱའི་གནས་ཚུལ་ཀུན་ལ་ཐོགས་མེད་པའི། །བློ་གྲོས་ཟེར་གྱིས་འཇམ་དབྱངས་ཞལ་གྱི་པད། །རབ་ཏུ་བཞད་བྱེད་ཐུབ་བསྟན་དཔལ་གྱུར་པ། །ཞེས་པ་ལྟར་ཡིན་ཟེར་བ་དང་། གདན་རབས་ལྷའི་རྔ་ཆེན་དུ། “སྒྲ་རིག་སྨྲ་བ་རྣམས་ལ་ཀུན་བཤད་ཀྱི་མཚན་ཞེས་ཡོངས་སུ་གྲགས་པས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྒྲའི་དཀའ་གནད་ཀྱི་དོགས་པ་བཞི་ཕྱོགས་སོ་སོར་ བཀྲམ་པ་ལ་རྗེ་འདིས་ལན་རྣམ་དཔྱོད་ཅན་ཞིག་ཕུལ་བའི་སྐབས་སུ་མཚན་དེ་ལྟར་ཕུལ་བར་ རྡོ་རྗེ་འཆང་ནས་གསུངས་སོ། །ཀུན་མཁྱེན་ཞེས་རྒྱལ་བའི་དབང་བོ་རིན་པོ་ཆེའི་བསྔགས་པ་ཡིན་ཏེ། རྒྱལ་དབང་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོས་མཛད་པའི་རྗེ་འདི་ཉིད་ ཀྱི་གསོལ་འདེབས་ལས། བརྡ་སྤྲོད་རྟོག་གེ་གཞན་དག་ཚར་གཅོད་ཆོས། །རྗེས་འཛིན་བཟོ་གསོ་ཚིག་ཕྲང་མཛེས་བྱེད་རྒྱན། །རང་ཉིད་ཀུན་ཤེས་ནང་དོན་རིག་པ་སོགས། །ཀུན་མཁྱེན་འཇམ་དབྱངས་བཞད་པར་གསོལ་བ་འདེབས།  །”①ཞེས་གསུངས་པ་དང་། ལ་ལས་འཇམ་པའི་དབྱངས་ཀྱི་གཟིགས་སྣང་ལས་བཏགས་པ་ཡིན་ཟེར་བ་ནི་རང་འདོད་ཀྱི་གཏམ་ དུ་འདོད།
      དེ་ཡང་རྒྱལ་བའི་དགོངས་པ་བོད་གངས་ཅན་གྱི་ཡུལ་ནས་ཆེས་ཆེར་དར་བ་དང་བསྟུན་ནས་ བོད་རང་གི་ཡུལ་ནས་ཆོས་ཕྱོགས་ཀྱི་མཁས་ཆེན་མང་པོ་བྱོན་ལ། ཆོས་ཀྱི་དགོངས་བའི་འགྲེལ་ཚུལ་ཐད་ནས་ཀྱང་མི་མཐུན་པ་སྣ་ཚོགས་བྱུང་བར་བརྟེན། ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་མི་འདྲ་བའང་དེ་དང་མཉམ་དུ་བྱུང་ནས་དར་ལ། ཡང་ཅིག་བཤད་ན། སངས་རྒྱས་ཀྱི་བསྟན་པ་བོད་ནས་ཤིན་ཏུ་དར་བའི་རྟགས་ཤིག་ཡིན་ལ། གྲུབ་མཐའ་སོ་སོའི་ཕར་ཕྱིན་གྱི་གཞུང་གཅིག་བུའི་འགྲེལ་ཚུལ་དཔེར་ན། “རྔོག་ཊཱིཀ་ཆེ་ཆུང་གཉིས། རོང་ཊཱིཀ  གཡག་ཊཱིཀ་ཆེ་འབྲིང་ཆུང་གསུམ། གཉལ་ཊཱིཀ བུ་ཊཱིཀ རེད་ཊཱིཀ ཀར་ཊཱིཀ འཇམ་སྐྱའི་ཊཱིཀ ཉ་ཊཱིཀ འབྲེ་ཨར་ཁུ་གསུམ་གྱི་ཕར་ཊཱིཀ ཕྱྭ་པའི་ཕར་ཊཱིཀ འཇམ་གསར་པའི་ཕར་ཊཱིཀ སྒྲོས་རྙིང་པའི་ཕར་ཊཱིཀ འཆུས་དར་མའི་ཕར་ཊཱིཀ གཞོན་རིན་པའི་རྒྱན་འགྲེལ་བཅུད་ཀྱི་ཐིག་ལེ། བཅོམ་ལྡན་རིག་རལ་གྱི་ཕར་ཊཱིཀ་རྒྱན་གྱི་མེ་ཏོག གཙང་ནག་པའི་མངོན་རྟོགས་རྒྱན་གྱི་རྣམ་བཤད། སྨར་ཁམས་པ་གྲགས་པ་བཟང་བོའི་ཕར་ཕྱིན་ཡུམ་དོན་ནོར་བུའི་དགོངས་རྒྱན། འགོས་ལོ་གཞོན་ནུ་དཔལ་གྱི་ཕར་ཕྱིན་རྣམ་བཤད་ཆེ་ཆུང་གཉིས། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོའི་མངོན་རྟོགས་རྒྱན་གྱི་ཊཱིཀ  སྐྱོ་སྟོན་རིག་འཛིན་རྒྱལ་བོའི་ཕར་ཕྱིན་རྣམ་བཤད་ཉི་མའི་འོད་ཟེར། བུ་སྟོན་སེང་གེ་འོད་ཟེར་གྱི་ཕར་ཕྱིན་ཊཱིཀ་ཆུང་སོགས་ཤིན་ཏུ་མང་བོ་བྱུང་།” ②དེ་དང་དེ་བཞིན་དུ་གཞུང་བཀའ་པོད་ལྔ་ལ་འགྲེལ་སྣ་ཚོགས་བྱུང་བ་དང་། ཁྱད་པར་དུ་རྗེས་སུ་མཉམ་མེད་ཙོང་ཁ་པས་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ལས་མདོ་ སྔགས་གཞུང་ལུགས་མཐའ་དག་ལ་ནང་བྱུན་ཆུབ་པ་སྦྱངས་ནས་ལེགས་པའི་ཆ་ཀུན་བླངས་ཏེ། ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལེགས་བཤད་གསེར་ཕྲེང་དང་། བྱང་ཆུབ་ལམ་རིམ་ཆེ་ཆུང་གཉིས། དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་དང་། རྩ་ཤེའུ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། དྲང་ངེས་རྣམ་འབྱེད་ཀྱི་བསྟན་བཅོས། བསྟོད་པ་ལེགས་བཤད་སྙིང་བོ་སོགས་ནང་དོན་རིག་པའི་སྙིང་བོ་དང་སྲོག་ཤིང་ལྟ་ བུའི་དགོངས་འགྲེལ་རྗེ་ཙོང་ཁ་པའི་རང་ཉིད་ཀྱི་དངོས་སུ་བརྩམས་པ་དང་། རྗེ་ཙོང་ཁ་པའི་བུ་སློབ་ཀྱི་ཟིན་བྲིས་དང་འགྲེལ་བཅས་ལ་ཁུངས་དང་གཞི་རྟེན་བྱས་ ནས་རྗེ་ཙོང་ཁ་པའི་རིང་ལུགས་སམ་རི་བོ་དགེ་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་སྟོན་ པའི་གཞུང་འགྲེལ་ཡིག་ཆ་དུ་མ་ཞིག་བྱུང་ལ། དེ་དག་ལས་ཁྱད་པར་དུ་སེ་ར་བྱེས་པའི་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་ སྟེ་རྗེ་བཙུན་ཡིག་ཆ་དང་། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་བློ་གསལ་གླིང་གི་ཡིག་ཆ། དམིགས་བསལ་གནས་སྐབས་ཀྱི་གླེང་དོན་གཙོ་བོ་ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས་ པའི་ཀུན་མཁྱེན་ཡིག་ཆའམ་སྒོ་མང་ཡིག་ཆ་གསར་བར་གྲགས་པ་གསུམ་པོ་ཅུང་གྲགས་ཆེ་ལ་ ཁྱབ་ཀྱང་ཆེ་བ་ཞིག་རེད།
      ལར་ཡིག་ཆ་ཞེས་པ་ནི་ནང་དོན་རིག་པའི་གཞུང་ལུགས་མཐའ་དག་གི་འགྲེལ་ཚུལ་ལ་མཁས་པ་ གང་གིས་དགག་བཞག་མཐའ་དཔྱོད་ཀྱི་ལམ་ནས་རྗེས་འཇུག་པའི་དོགས་སློང་སེལ་ཕྱིར་ བརྩམས་པ་ལ་ཡིག་ཆ་ཞེས་པའི་མིང་བཏགས་ནས་འཆད་རྩོད་ཀྱི་བསླབ་དེབ་ཏུ་གཏན་འཁེལ་ བྱས་པ་ཞིག་དང་། ཀུན་མཁྱེན་ཡིག་ཆའམ་སྒོ་མང་ཡིག་ཆ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་དགུང་ལོ་ང་ གསུམ་པ་ནས་མཛད་པ་དང་། ལྕགས་འབྲུག་ལོ་ནས་མེ་ཕག་གི་ལོ(1700-1707)སྟེ་ལོ་ངོ་བདུན་གྱི་རིང་ལ་དཔལ་ལྡན་ འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་སློབ་དཔོན་མཛད་ནས་གྲྭ་ཚང་འདི་ཆེས་ཆེར་བསྐྱངས་ པ་བསམ་གྱི་མི་ཁྱབ་པ་ཞིག་སྟེ།(ཞིབ་པར་བླ་བྲང་པར་མའི་རྣམ་ཐར་ལྡེབ་གྲངས42ནས་ 65ལ་གསལ།) 1700ལོའི་ཟླ་བཅུ་བའི་ཚེས་ལྔའི་ཉིན་ལ་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཆོས་ ཁྲིར་བཀོད། ཀུན་མཁྱེན་ཡིག་ཆ་འབྱུང་བའི་རྒྱུའམ་རྐྱེན་ལ“འབྲས་སྤུངས་རྡོ་བཅའ་ཆེན་མོའི་ གླིང་བསེ་སྐབས་མཁས་དབང་རབ་འབྱམས་ངག་དབང་རྡོ་རྗེས། གསུང་བཤད་སྤྱི་མང་ལ་མཐུན་པ་ཞིག་དང་། ཡང་སྒོས་སྒོ་མང་ཡིག་ཆ་རྙིང་བ་རྣམས་དང་གང་མཐུན་མཐུན་ཞིག་གསུངས་དགོས་ཞེས་ཞུས་ པས། གསུང་རབ་གང་ན་གང་ཡོད་པ་བཤད་མོད། ཡིག་ཆ་འདི་ཚོ་དང་མང་མང་ལ་མ་མཐུན་པས་ཅི་འོང་གསུངས་ནས། མཁས་པ་དུ་མའི་ཡིག་ཆ་ལ་ལུང་རིགས་ཀྱི་དགག་བཞག་དང་བཅས་བཀའ་པོད་ལྔ་ལ་འཇམ་བཤད་ མཛད་པས། མཁས་པ་རྣམས་ཐུགས་ཡིད་འཕྲོག་ནས་བསྔགས་བརྗོད་ཀྱི་མེ་ཏོག་འབུམ་ཕྲག་འཐོར་བར་ མཛད” ③ པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་འཇམ་དབྱངས་བཞད་པ་ལ། རྣམ་འགྲེལ་གྱི་ཡིག་ཆ་པཎ་ཆེན་ཆོས་མཆོག་གི་འཐད་ལྡན་དང་མཐུན་པ་ཞིག་རྩོམ་དགོས་ ཞེས་བཀས་བསྐུལ་བ་ལ་བརྟེན་ནས། རྣམ་འགྲེལ་ལེའུ་དང་པོའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་ ཞེས་བྱ་བ་ལྗགས་རྩོམ་མཛད་ནས་སྡེ་སྲིད་ལ་གཟིགས་འབུལ་ཞུས་པས། སྡེ་སྲིད་ཐུགས་མ་མཉེས་པར་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་མཐའ་དཔྱོད་རྩོམ་ པའི་རྟིང་བསྐུལ་མ་མཛད་པར་གྲགས། དེའི་རྒྱུ་མཚན་སྡེ་སྲིད་ཉིད་མཁས་གྲུབ་རྗེ་ལ་རང་བཞིན་གྱི་མི་གུས་པས། མཁས་གྲུབ་རྗེའི་རྣམ་འགྲེལ་ཊཱིཀ་ཆེན་དང་པཎ་ཆེན་ཆོས་མཆོག་གི་འཐད་ལྡན་གཉིས་མི་ མཐུན་སྟབས། འཐད་ལྡན་རང་ལུགས་བྱས་ན་མཁས་གྲུབ་རྗེ་རང་ཤུགས་ཀྱིས་ཕྱོགས་སྔར་འགྲོར་དགོངས་ ནས་དེ་ལྟར་རྩོམ་བསྐུལ་གནང་བ། འཇམ་དབྱངས་བཞད་པའི་དེ་ལྟར་མ་མཛད་པར་མཁས་གྲུབ་རྗེའི་གསུང་མང་དུ་དྲངས་པ་ལ་ ཐུགས་མ་མཉེས་པ་ཡིན་ཚུལ་རྣམ་ཐར་དང་ངག་རྒྱུན་ལས་འབྱུང་ལ། གང་ལྟར་ཡང་སྡེ་སྲིད་ཀྱིས་འཇམ་དབྱངས་བཞད་པར་ཡིག་ཆ་མཛད་པའི་བསྐུལ་བ་ཡོད་ལ། སྒོ་མང་འཛིན་གྲྭ་གོང་འོག་རྣམས་ལ། “བློ་རྟགས་གཉིས་ཐུགས་ཐོག་ནས་གསུང་བཤད་སྩལ་བ་རིགས་པ་རྣོ་བ་འབའ་ཞིག་གིས་ཟིན་ བྲིས་བཏབ་པ་ལ། རྗེ་ཉིད་ཀྱིས་ཞུས་དག་མཛད” ④ པ། དེ་ད་ལྟའི་བློ་རྟགས་ཀྱི་ཡིག་ཆ་འདི་ཡིན་ཚུལ་མངོན། སྒོ་མང་ལ་འདུལ་མཛོད་ཀྱི་ཡིག་ཆ་མེད་པས། “བཀའ་རིམ་འཛིན་གྲྭའི་དགེ་བཤེས་རྣམས་དང་། ཁམས་ཚན་རྣམས་དང་བཅས་མགྲིན་གཅིག་ཏུ་འདུལ་མཛོད་ཀྱི་ཡིག་ཆ་རྩོམ་པར་བསྐུལ” ⑤བས། འདུལ་མཛོད་ཀྱི་མཐའ་དཔྱོད་ཆེན་མོ་གཉིས་རྩོམ་པའི་དབུ་ཚུགས་ཤིང་བརྩམས་ཚར་རིམ་ནས་བརྩི་བཞག་ལ་གནང་བར་མཛད། རྗེ་འཇམ་དབྱངས་བཞད་པས་མཚན་ཉིད་ཡིག་ཆ་རྣམས་བསྐུལ་བ་དང་བཅས་མཛད་པ་དང་། གོང་ས་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནས། “དུས་མཐའི་སྡོམ་བརྩོན་གསུམ་ལྡན་ཚུལ་འཛིན་པ། །རང་གཞན་དོན་གཉིས་ཕུན་ཚོགས་ལ་རོལ་ཞིང་། །གནས་ལྔའི་མཁས་མཆོག་འཇམ་དབྱངས་བཞད་པ་ཁྱོད། །སེམས་ཅན་འགྲོ་ལ་ཕན་ཕྱིར་རྟག་བརྟན་ཤོག །”⑥ཅེས་བཀའ་རྩོམ་འདི་ཉིད་མཛད་ནས་གནང་བ་གྲྭ་ཚང་དུ་ཞལ་འདོན་མཛད་པ་སོགས་མཛད་པ་འཕྲུན་ལས་རྒྱས་ཚུལ་ངོ་མཚར་བ་མང་དུ་མཆིས་སོ། །
གཉིས། བླ་བྲང་དགོན་པའི་མཚན་ཉིད་གྲྭ་ཚང་གཞིར་བྱས་ནས་ཀུན་མཁྱེན་ཡིག་ཆའི་བསླབ་རིམ་བཤད་པ།
      གྲྭ་ཚང་འདིར་རྒྱལ་བའི་བཀའ་འཁོར་ལོ་གསུམ་གྱི་དགོངས་འགྲེལ་ཚད་མ། ཕར་ཕྱིན། དབུ་མ། མངོན་པ། འདུལ་བ་སྟེ། གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་དཔྱིས་ཕྱིན་པར་བྱེད་དགོས་ལ། ཚད་མའི་གཞུང་གི་ཡིག་ཆ་ལ་ཀུན་མཁྱེན་འཇམ་དབྱང་བཞད་པས་མཛད་པའི་ཁ་དོག་དཀར་དམར་ དང་བསྡུས་གྲྭའི་རྣམ་གཞག་ལེགས་བཤད། རྣམ་འགྲེལ་ལེའུ་གཉིས་པའི་ཚད་མའི་དཀའ་གནད་ཀྱི་ཟུར་བཀོད་མདོར་བསྡུས། བསྡུས་གྲྭའི་མཐའ་དཔྱོད། ཐལ་འགྱུར་ཆེ་བའི་རྣམ་གཞག་མདོར་བསྡུས། བསྡུས་སྦྱོར་གྱི་རྩ་ཚིག་སོགས་ཤིན་ཏུ་མང་ལ། ཁྲིད་གཞིར་བྱེད་བཞིན་པའི་བསྡུས་གྲྭའི་ཡིག་ཆ་ལ་ཁོང་གི་ཐུགས་སྲས་བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་བསེ་བསྡུས་གྲྭ་སྐལ་བཟང་རེ་བ་ཀུན་སྐོང་ཞེས་བྱ་བ་གཙོ་ བོར་འཛིན་ལ། རྭ་བསོད་ནམས་དབང་རྒྱལ་གྱིས་མཛད་པའི་བསྡུས་གཞུང་ལེགས་བཤད་ཉི་མའི་འོད་ཟེར་དང་རྗེ་ཉིད་ཀྱིས་བརྩམས་པའི་བསྡུས་གྲྭའི་རྩོམ་འཕྲོ་སོགས་ལའང་ཟུར་བལྟ་བྱ་དགོས། རྣམ་འགྲེལ་གྱི་སྐབས་ལ་ཀུན་མཁྱེན་གྱིས་མཛད་པའི་བློ་རྟགས་མཐའ་དཔྱོད་ཡིག་ཆ་ བྱས་ཏེ་སྦྱང་དགོས་ལ། རྣམ་འགྲེལ་ལ་ཀུན་མཁྱེན་རང་གིས་མཛད་པའི་རྣམ་འགྲེལ་མཐའ་དཔྱོད་ཐར་ལམ་རབ་གསལ་ཚད་མའི་འོད་བརྒྱ་འབར་བ་ལས་ལེའུ་དང་པོ་དང་གཉིས་པ་གསུམ་པའི་མཐའ་དཔྱོད་བློ་གསལ་མགུལ་རྒྱན་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་དང་། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱིས་མཛད་པའི་བློ་རྟགས་གཉིས་ཀྱི་སྡོམ། བསེ་ངག་དབང་བཀྲ་ཤིས་ཀྱི་རྟགས་རིགས་རང་ལུགས་སོགས་ལ་འཆད་མཉན་དང་བློ་འཛིན་ཟུར་ བལྟ་སོགས་བྱ་དགོས། དབུ་ཕར་ལ་ཀུན་མཁྱེན་བླ་མ་རང་གིས་མཛད་པའི་སྐབས་དང་པོ་ནས་བརྒྱད་པའི་མཐའ་ དཔྱོད་བསམ་འཕེལ་ཡིད་བཞིན་ནོར་བུ་ཡིག་ཆ་གཙོ་བོར་བྱས་ནས་ལེགས་བཤད་གསེར་ཕྲེང་ དང་དྲང་ངེས་གན་མཛོད། བསམ་གཟུགས་ཆེན་མོ། བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་རྟེན་འབྲེལ་མཐའ་དཔྱོད་ཆེན་མོ། གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེས་མཛད་པའི་རྟེན་འབྲེལ་ལུང་རིགས་བང་ མཛོད། ཀུན་མཁྱེན་འཇིགས་མེད་དབང་བོའི་གྲུབ་མཐའ་རིན་ཆེན་ཕྲེང་བ། ཡིད་དང་ཀུན་གཞིའི་དཀའ་འགྲེལ་ཆེན་མོ། མདོ་རྒྱན་སྦྱར་བའི་གཟབ་བཤད་ཟིན་བྲིས་སྦས་དོན་གསལ་སྒྲོན། བསམ་གཟུགས་ལེགས་བཤད་བུམ་བཟང་དོན་བདུན་ཅུའི་རྣམ་གཞག མཁྱེན་གསུམ་པད་དཀར་འཁྲི་ཤིང༌། སྐབས་བཞི་བའི་སྡོམ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ལ་གནང་བ་དང་ཕར་ཕྱིན་སྐབས་ དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་དང༌། གུང་ཐང་བློ་གྲོས་རྒྱ་མཚོས་མཛད་པའི་མཐའ་དཔྱོད་སྐལ་བཟང་འཇུག་ངོགས་དང་མཆན་ འགྲེལ་ཀུན་བཟང་ཞིང་གི་ཉི་མ། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་དོན་བདུན་ཅུའི་གྲངས་འདྲེན་དཔག་བསམ་མྱུ་གུ། ཕར་ཕྱིན་སྤྱི་དོན་བློ་གསལ་མགུལ་རྒྱན། དགེ་འདུན་ཉི་ཤུའི་ཆེན་མོ་སོགས་ལ་ཞིབ་ཏུ་འཇུག་ནས་སློབ་གཉེར་བྱ་དགོས། དབུ་མ་ལ་ཀུན་མཁྱེན་བླ་མ་རང་གིས་མཛད་པའི་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཟབ་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་དེ་ཀུན་མཁྱེན་ སྐུ་ཕྲེང་གཉིས་པ་རྗེ་འཇིགས་མེད་དབང་པོས་དབུ་མའི་མཐའ་དཔྱོད་རྒྱས་བསྡུས་འཚམས་ པའི་ལེགས་པར་བཤད་པ་མཛད་པས་ཡུལ་ཀུན་ཏུ་ཁྱབ་ལ། རྗེ་བཙུན་པའི་ཡིག་ཆའི་རྗེས་འཇུག་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་བསྟན་ བཅོས་འདི་མཉམ་མེད་རི་བོ་དགེ་ལུགས་པའི་རྗེས་འཇུག་གི་དབུ་མའི་ཡིག་ཆ་ཀུན་ལས་ རྒྱས་བསྡུས་འཚམ་པར་གསུངས་ནས་མཆོག་ཏུ་བསྔགས་ཡོད། མཛོད་ལ་ཀུན་མཁྱེན་རང་གིས་མཛད་པའི་དམ་ཆོས་མངོན་པ་མཛོད་ཀྱི་དགོངས་འགྲེལ་ཐུབ་བསྟན་ནོར་བུའི་གཏེར་མཛོད་དུས་གསུམ་རྒྱལ་བའི་བཞེད་དོན་ཀུན་གསལ་ཞེས་བྱ་བ་ཡིག་ ཆར་འཛིན་ལ། མཆིམས་མཛོད་དང་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་མངོན་པ་མཛོད་ཀྱི་བསྡུས་ དོན་སོགས་ལ་ཞིབ་ཏུ་འཇུག་དགོས།  འདུལ་པ་ལ་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་དང་ཀུན་མཁྱེན་རང་གིས་མཛད་ པའི་འདུལ་བའི་དཀའ་གནད་རྣམ་པར་དཔྱད་པ་འཁྲུལ་སྤོང་བློ་གསལ་མགུལ་རྒྱན་ཙིན་ཏ་མ་ ཎིའི་ཕྲེང་མཛེས་སྐལ་བཟང་རེ་བ་ཀུན་སྐོང་ཞེས་པ་གཞིར་བྱས་ནས་སྦྱོང་ཞིང༌། ཞར་ལ་འདུལ་ཊཱིཀྐ་ཉི་མའི་འོད་ཟེར་དང་འདུལ་བ་མེ་ཏོག་ཕྲེང་མཛེས། ད་རུང་གུང་ཐང་པ་བསྟན་པའི་སྒྲོན་མེས་མཛད་པའི་འདུལ་པ་རྒྱ་མཚོའི་དཀའ་གནད་མདོར་ བསྡུས་ནོར་བུའི་ཕྲེང་བ་ཞེས་བྱ་བ་སོགས་ལས་འཛིན་སྐྱོར་དང་འཆད་མཉན་བྱ་དགོས་པར་ བཤད། །⑦
      སློབ་གཉེར་མཐར་ཕྱིན་པའི་ཡུན་ཚད་ནི་ཚད་མའི་སྐོར་ལོ་ལྔ། ཕར་ཕྱིན་སྐོར་ལོ་བཞི། དབུ་མའི་སྐོར་ལོ་གཉིས། མངོན་པའི་སྐོར་ལོ་གཉིས། འདུལ་བའི་སྐོར་ལོ་གཉིས་བཅས་བསྡོམས་པས་ལོ་བཅོ་ལྔའི་ཡུན་ཚད་ཡིན་ལ། “ཚད་མའི་སྐོར་ལ་བསྡུས་གྲྭའི་འཛིན་གྲྭ་བཞི་དང་། རྟགས་རིགས་འཛིན་གྲྭ་བཅས་འཛིན་གྲྭ་ལྔ་ལ་ལོ་རེ་རེ། ཕར་ཕྱིན་གྱི་སྐོར་ལ་འཛིན་གྲྭ་བཞིར་ཕྱེ་ནས་ལོ་རེ་རེ། དབུ་མ་ལ་འཛིན་གྲྭ་གཉིས་སུ་ཕྱེ་ནས་ལོ་གཉིས། མངོན་པ་ལ་མཛོད་འཛིན་གྲྭ་གཅིག་ལས་མེད་ཀྱང་ནང་གསེས་ཀྱིས་མཛོད་གསར་རྙིང་གཉིས་སུ་ཕྱེ་ནས་ལོ་གཉིས། འདུལ་བ་ལ་ཡང་འཛིན་གྲྭ་གཅིག་ལས་མེད་ཀྱང་ནང་གསེས་ཀྱིས་བཀའ་རམས་གསར་རྙིང་གཉིས་སུ་ཕྱེ་ནས་ལོ་གཉིས་ཏེ་བསྡོམས་པས་སློབ་གཉེར་གྱི་ཡུན་ལོ་བཅོ་ལྔ་སྟེ།”⑧ རེའུ་མིག་ཏུ་བཀོད་ན།

      འདི་ནི་སྤྱིར་བཏང་ལྟར་ཡིན་གྱི་སློབ་གཉེར་པ་འགའ་ཞིག་འཛིན་གྲྭ་འོག་མའི་འོག་མར་བབས་ནས་བསྐྱར་སློབ་དང་། བཀའ་རམས་འཛིན་གྲྭར་སླེབས་ཀྱང་དམ་བཅའ་ཆེན་མོ་འཇོག་པའི་བར་ལོ་མང་འགོར་ཞིང་། དེའི་རིང་ལ་བཀའ་རམས་འགྲིམས་དགོས་པས་མཐའ་གཅིག་ཏུ་ངེས་པ་མེད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།