བླ་བྲང་དགོན་པའི་མཚན་ཉིད་གྲྭ་ཚང་གི་བསླབ་པ་དང་རྩོད་པའི་རིམ་པ་གཞིར་བྱས་ཀུན་མཁྱེན་ཡིག་ཆའི་སྐོར་གླེང་བ།
མཚན་ཉིད་གྲྭ་ཚང་གི་ལོ་གཅིག་གི་ཡུན་ལ་ཆོས་ཐོག་དང་ཆོས་མཚམས་ཀྱི་སྐབས་གཉིས་སུ་ཕྱེ་ནས་ཆོས་ཐོག་གི་སྐབས་ལ་གཙོ་ཆེར་རྩོད་པའི་སྒོ་ནས་སློབ་གཉེར་དང་། ཆོས་ལ་ཆོས་མཚམས་བཞག་པའི་དགོས་པ་ནི་ཆོས་ཐོག་རྗེས་མའི་སྐབས་གཞུང་ལུགས་གང་ལ་རྩོད་པའི་དོན་གནད་མཐའ་དག་ལ་ལུང་རིགས་ཀྱིས་བརྡར་ཤ་གཅོད་པའི་ཕྱིར་དུ་གཙོ་ཆེར་དཔེ་ཁྲིད་དང་། གཞུང་ལ་བློ་འཛིན་དང་སྐྱོར་སྦྱོང་སོགས་བྱེད་དགོས་ལ། ཆོས་མཚམས་སུ་དེ་ལྟ་བུའི་ཚུལ་གྱིས་སློབ་གཉེར་དཔྱིས་ཕྱིན་པར་བྱེད་པ་ཡིན། རྩོད་པའི་སྐབས་ལོ་གཅིག་གི་ཆོས་ཐོག་ལ།“དཔྱིད་ཆོས་ཆེན་མོ། བར་ཆོས་སམ་དཔྱིད་ཆོས་གཉིས་པ། དཔྱིད་ཆོས་གསུམ་པ། དབྱར་ཆོས་ཆེན་མོ།རིགས་གྲྭའི་ཆོས་ཐོག སྟོན་ཆོས་ཆེན་མོ།ས་དཀར་ཆོས་ཐོག་གམ་སྟོན་ཆོས་གཉིས་པ། ལྔ་མཆོད་ཆོས་ཐོག དགུན་ཆོས་ཆེན་མོ་བཅས་ཆོས་ཐོག་རིམ་པ་དགུ་ཡོད།”⑨འདི་དག་རིམ་པ་བཞིན་བཀྲམ་ནས་གསལ་བྱེད་ཅུང་ཙམ་བྱས་ན།
༼༡༽དཔྱིད་ཆོས་ཆེན་མོ། དེ་ནི་བོད་ཟླ་དང་པོའི་ཉི་ཤུ་བདུན་ནས་ཚུགས་ཤིང་དེ་ནས་བརྩིས་པའི་ཟླ་གཅིག་གི་ཡུན་ཚད་དུ་འཚོགས་པས་དེ་ལ་ཆེན་མོ་དང་ཟླ་ཆོས་ཞེས་ཀྱང་འབོད།
༼༢༽བར་ཆོས་སམ་དཔྱིད་ཆོས་གཉིས་པ། ཟླ་བ་གསུམ་པའི་ཚེས་བཅུ་བདུན་ནས་ཉིན་ཉི་ཤུའི་རིང་ལ་འཚོགས།
༼༣༽དཔྱིད་ཆོས་གསུམ་པ། ཟླ་བཞི་བའི་ཚེས་བཅུ་བདུན་ནས་ཉིན་བཅོ་ལྔའི་རིང་འཚོགས།
༼༤༽དབྱར་ཆོས་ཆེན་མོ། ཟླ་ལྔ་བའི་ཚེས་བཅུ་བདུན་ནས་ཚུགས་ཏེ་དྲུག་པའི་ཚེས་བཅུ་དྲུག་ཉིན་གྲོལ།
༼༥༽རིགས་གྲྭའི་ཆོས་ཐོག་ནི་ཟླ་བདུན་པའི་ཚེས་གཅིག་ནས་ཉིན་བཅོ་ལྔའི་རིང་འཚོགས།
༼༦༽སྟོན་ཆོས་ཆེན་མོ། ཟླ་བ་བརྒྱད་པའི་ཚེས་གཉིས་ནས་ཚུགས་ཏེ་དགུ་པའི་ཚེས་ཤར་ལ་གྲོལ།
༼༧༽ས་དཀར་ཆོས་ཐོག་གམ་སྟོན་ཆོས་གཉིས་པ་ནི་ཟླ་དགུ་བའི་ཚེས་བཅུ་བདུན་ནས་ཉིན་ཉི་ཤུའི་རིང་འཚོགས།
༼༨༽ལྔ་མཆོད་ཆོས་ཐོག་ཟླ་བཅུ་བའི་ཚེས་བཅུ་བདུན་ནས་ཉིན་བཅོ་ལྔའི་རིང་འཚོགས།
༼༩༽དགུན་ཆོས་ཆེན་མོ་ནི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་བཅུ་གཉིས་པའི་ཚེས་བཅུ་དྲུག་ཡས་མས་ཞིག་ལ་གྲོལ་བ་བཅས་ལོ་འཁོར་གཅིག་གི་རིང་ལ་ཆོས་ཐོག་རིམ་པ་དགུ་ཡོད།
ཆོས་ཐོག་སོ་སོར་བསྡུས་གྲྭའི་འཛིན་གྲྭ་བཞིའི་སྐབས་སུ་ཚད་མ་སྡེ་བདུན་མདོ་དང་བཅས་པའི་རིགས་ལམ་ལ་སློབ་ཅིང་དེ་ཡང་དེ་ཡང་བསྡུས་ཚན་ཉེར་ལྔར་ཕྱེ་ནས་རྩོད་པར་བཤད་ལ། རྟགས་རིགས་འཛིན་གྲྭར་གཙོ་ཆེར་བློ་རྟགས་ཀྱི་རྣམ་གཞག་དང་། ཚད་མའི་གཞུང་ལུགས་མཐའ་དག་གི་དོན་ཧོར་ཁུངས་སུ་མ་ལུས་པར་དོན་མཐའ་དག་ལ་ལུང་རིགས་ཀྱིས་བ རྡར་ཤ་གཅོད་དགོས་པ་དང་། དབུ་ཕར་འདུལ་མཛོད་ཀྱི་འཛིན་གྲྭ་སོ་སོའི་སྐབས་གཞུང་ཚན་གང་དང་གང་ལ་རྩོད་པའི་ཚུལ་ཕར་ཕྱིན་འཛིན་གྲྭ་བཞི་གཏུགས་ཚུལ་ནི་འདི་ལྟ་སྟེ།
ཕར་ཕྱིན་སྟོན་མོའི་འཛིན་གྲྭ། ← སྐབས་དང་པོའི་འཛིན་གྲྭ། (ཟླ་བ་བཞི་པའི་ཚེས་ཉི་ཤུ་ཉིན།)
ཕར་ཕྱིན་སྟོན་མོའི་འཛིན་གྲྭ། → སྐབས་དང་པོའི་འཛིན་གྲྭ། (ཟླ་བ་བཞི་པའི་ཚེས་ཉེར་གཅིག་ཉིན །)
སྐབས་དང་པོའི་འཛིན་གྲྭ། ← གཞུང་གསར་གོང་འཛིན་གྲྭ། (ཟླ་བ་བཞི་པའི་ཚེས་ཉེར་གཉིས་ཉིན །)
སྐབས་དང་པོའི་འཛིན་གྲྭ། → གཞུང་གསར་གོང་འཛིན་གྲྭ། (ཟླ་བ་བཞི་པའི་ཚེས་ཉེར་གསུམ་ཉིན །)
གཞུང་གསར་གོང་འཛིན་གྲྭ། ← གཞུང་གསར་འོག་འཛིན་གྲྭ། (ཟླ་བ་བཞི་པའི་ཚེས་ཉེར་བཞི་ཉིན །)
གཞུང་གསར་གོང་འཛིན་གྲྭ། → གཞུང་གསར་འོག་འཛིན་གྲྭ། (ཟླ་བ་བཞི་པའི་ཚེས་ཉེར་ལྔ་ཉིན །)
དེ་ལས་ཅུང་གསལ་བོར་ཤེས་འདོད་ན་རྗེ་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་ལྗགས་རྩོམ་མཛད་པ་ཐོས་བསམ་གླིང་གི་རྩོད་གྲྭའི་བཅའ་ཡིག་ཟླ་ཤེལ་ཕྲེང་བ་ཞེས་བྱ་བ་ལས་ཆེས་ཆེར་གསལ་བས་དེར་ཤེས་པར་བྱ།(དེའི་སྐོར་པོད༼ཐ༽པར་བཞུགས་སོ། །)
ཆོས་མཚམས་བྱ་བ་ནི་ཆོས་ཐོག་སྔོན་མ་སྔོན་མ་རྣམས་གྲོལ་ནས་ཆོས་ཐོག་ཕྱི་མ་ཕྱི་མ་རྣམས་མ་ཚུགས་པའི་བར་མཚམས་ལ་ཆོས་མཚམས་ཟེར་བ་ཡིན་ལ། སྤྱི་ཆོས་ལ་ཆོས་མཚམས་བཞག་པའི་དོན་མ་ཡིན་ལ། དེ་ཡང་ཆོས་ཐོག་ཕྱི་མར་རྩོད་པའི་མཐུན་རྐྱེན་ཚང་བར་སྒྲུབ་པའི་སླད་དུ་ཡིན་གྱི། མཐུན་རྐྱེན་དེའི་གཙོ་བོ་ནི། གཞུང་བློ་འཛིན་བྱས་ནས་གཤར་སྦྱང་དང་། དགེ་རྒན་གྱི་མདུན་ནས་དཔེ་ཁྲིད་ཞུས་རྒྱུ་བཅས་ཡིན་ལ། དེའི་ཚུལ་ནི་འདི་ལྟ་སྟེ། ནང་ཞོགས་ཆེས་སྔ་པོར་བཞེངས་ནས་ཞལ་འདོན་དམིགས་རིམ་གྲུབ་ནས་ཆོས་ཐོག་རྗེས་མའི་སྐབས་རྩོད་གཞུང་ཡིག་ཆའི་མཚམས་གང་ཡིན་བློ་ལ་བྱང་བར་འཛིན་དགོས་ལ། བློ་འཛིན་རིག་པ་ལེགས་ཚེ་དེའི་སྟེང་དུ། རང་རང་གི་འདོད་མོས་བཞིན་དཔེར་ན། རྣམ་འགྲེལ་རྩ་བ། བྱམས་ཆོས་སྡེ་ལྔ་། ཕར་ཕྱིན་འགྲེལ་བ་དོན་གསལ། མཛོད་རྩ་དང་མཛོད་སྡོམ། འདུལ་བ་མདོ་རྩ་བ་དང་འདུལ་སྡོམ་སོགས་བློ་འཛིན་དང་། གཞན་རྗེ་བླ་མའི་ཕར་ཕྱིན་གསེར་ཕྲེང་དང་། རྒྱལ་ཚབ་རྗེའི་ཕར་ཕྱིན་རྣམ་བཤད་སྙིང་བོའི་རྒྱན། མཁས་གྲུབ་རྗེའི་ཕར་ཕྱིན་རྟོག་གེ་སྣང་བ། རྗེ་བླ་མའི་ལམ་རིམ་ཆེ་ཆུང་སོགས་ཉིན་རེ་རེ་བཞིན་བློར་འཛིན་དགོས་ཞེས་མཚན་ཉིད་གྲྭ་ཚང་གི་གྲྭ་བ་ཞིག་གིས་གསུང་བ་ཡིན་ལ། ཁོང་གིས་ད་དུང་བློ་ལ་བྱང་བར་བྱུང་ཚེ་སྨོན་ལམ་ཆེན་མོའི་སྐབས་ཚོགས་རྒྱུགས་འབུལ་བ་དང་། དེ་ལྟར་བྱུང་ཚེ་ཁྲི་བས་གཟེངས་བསྟོད་དང་གསོལ་རས་བྱ་དགའ་གནང་སྲོལ་ཡོད་པའི་གནས་ཚུལ་མང་བོ་ཞིག་བཤད། རྗེ་འཇམ་དབྱངས་བཞད་པ་དང་གུང་ཐང་བསྟན་པའི་སྒྲོལ་མེ་སོགས་ཀྱི་རྣམ་ཐར་ཅི་རིགས་ན་ལེགས་བཤད་གསེར་ཕྲེང་རྒྱུགས་སྤྲད་པ་ལ་བྱ་དགའ་རྟ་རེ་གནང་བའི་ཚུལ་འབྱུང་བ་དེའི་གོང་དེ་མཚོན་ཐུབ། ཆོས་མཚམས་ཀྱི་སྐབས་འདིར་དཔེ་ཁྲིད་དང་བློ་འཛིན་སྐྱོར་སྦྱང་གཙོ་བོར་བྱས་ནས་ཞར་བྱུང་དུ་རིག་གནས་གཞན་ལ་སློབ་པར་བྱེད་པ་དང་། དབང་ལུང་བཀའ་ཆོས་ཞུ་བར་འགྲོ་ལ། སློབ་གཉེར་བ་རྣམས་རིག་གནས་གཞན་ལ་སློབ་མི་སློབ་རང་རང་གི་འདོད་མོས་ལྟར་ཡིན་ཀྱང་རིག་པའི་གནས་ལྔ་ཚང་བར་སློབ་པ་གདན་ས་འདིའི་ཕྱག་སྲོལ་ཡིན་པས་ཕལ་ཆེ་པས་སློབ་པར་བྱེད་ལ། ཁྱད་པར་དུ་སྙན་ངག་དང་སྒྲ་རིག་སོགས་ལ་སློབ་པ། དུས་འཁོར་གྲྭ་ཚང་ལྟ་བུ་ཡིན་ན་རྩིས་སྐར་ནག་ལ་གཙོ་བོར་སློབ་པའི་སྟེང་ནས་སྒྲ་རིག་སོགས་ལ་སློབ་པ་དང་། སྨན་པ་གྲྭ་ཚང་ལྟ་བུ་ཡིན་ན་གཙོ་ཆེར་གསོ་རིག་བསླབས་ནས་རིག་གནས་གཞན་སློབ་པར་བྱེད་པ་སྟེ། མདོར་ན་ཆོས་སྡེ་འདི་ནི་རིག་པའི་གནས་མཐའ་དག་སློབ་པ་ལ་འགྲན་ཟླ་དང་བྲལ་བའི་གདན་ས་རྨད་དུ་བྱུང་བ་ཞིག་ཡིན།
ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་མཚན་ཉིད་གྲྭ་ཚང་ཐོས་བསམ་གླིང་གི་དགེ་འདུན་པ་རྣམས་ཀྱིས་ཉམས་སུ་བསྟར་རྒྱུའི་སྤང་བླང་གི་བཅའ་ཁྲིམས་ཀྱི་རིམ་པ་བརྗོད་པ་ལ་གསུམ་ཡོད་པ་སྟེ། “ཐོག་མར་དགེ་བ་སྡེ་འདིར་འཇུག་པའི་ཚུལ། བར་དུ་དགེ་བ་ཞུགས་ནས་ཉམས་སུ་བླངས་བྱའི་བཅའ་ཁྲིམས། ཐ་མར་དགེ་བ་ཞུགས་པའི་འབྲས་བུ་མིང་བཏགས་ཀྱི་སྐོར་རོ། །”⑩དགེ་བ་སྡེ་འདིར་འཇུག་པའི་ཚུལ་ལ། འཇུག་པ་པོ་རྟེན་གྱི་གང་ཟག དེའི་ཡོ་བྱད་ཀྱི་ཁྱད་པར། ཇི་ལྟར་འཇུག་པའི་ཚུལ་དང་གསུམ། དགེ་བ་ཞུགས་ནས་ཉམས་སུ་བླངས་བྱའི་བཅའ་ཁྲིམས་ཉམས་སུ་བླང་བྱའི་བཅའ་ཁྲིམས་དངོས་ལ་ཚོགས་ཀྱི་སྒྲིག་ལམ། ཆོས་གྲྭའི་སྒྲིག་ལམ། དེར་མ་འདུས་པའི་སྒྲིགས་ལམ་གྱི་སྐོར་དང་གསུམ། དགེ་བ་ཞུགས་པའི་འབྲས་བུ་མིང་བཏགས་ཀྱི་སྐོར་ལ། གནས་སྐབས་ཀྱི་འབྲས་བུ། མཐར་ཐུག་གི་འབྲས་བུ་བཅས་ཡོད། དེར་ལྟར་གོང་སྨྲས་ཀྱི་དོན་རྣམས་ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་མཚན་ཉིད་གྲྭ་ཚང་ཐོས་བསམ་གླིང་གི་བཅའ་ཡིག་བླང་དོར་རབ་གསལ་ཞེས་བྱ་བ་ན་ཤིན་ཏུ་ཞིབ་པར་ཡོད་ལ། དེ་ལས་ད་དུང་བཅའ་ཡིག་ལ་ཡང་ ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་བློ་གསལ་བྱེ་བའི་རོལ་མཚོ་ཐོས་བསམ་གླིང་གི་རྩོད་གྲྭའི་བཅའ་ཡིག་ཟླ་ཤེལ་ཕྲེང་བ་ཞེས་བྱ་བ་རྩོད་གྲྭའི་བཅའ་ཡིག་ཅིག་ཡོད་ལ། བཅའ་ཡིག་དེར་རྩོད་པ་དོན་གང་ལ་བྱེད་སའི་གོ་རིམ་ཇི་བཞིན་བསྒྲིགས་ཡོད་ལ། དོན་ལ་ལོ་དང་ཟླ་རེ་བཞིན་གཞུང་གང་ལ་རྩོད་པ་བྱེད་དགོས་པ་མི་བརྗེད་པའི་དྲན་ཐོ་ལྟ་བུ་ཞིག་རེད། རྩོད་གྲྭའི་བཅའ་ཡིག་འདི་ནི་ཆོས་ཐོག་རེ་རེ་བཞིན་གཞུང་དོན་གང་དང་གང་ལ་རྩོད་ཚུལ་གསལ་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་པར་འདུག་ཅིང་། ད་ལྟ་གཞན་སུས་ཀྱང་དེ་འདྲའི་གསལ་བཤད་བྱེད་ཐུབ་དཀའ་སྙམ་ནས་འདིར་གསལ་བཤད་བྱས་པ་ཡིན། བཅའ་ཡིག་འདི་གཉིས་ལས་གཞན་ད་དུང་འཛིན་གྲྭ་གཏུགས་ཚུལ་སྐོར་གྱི་སྒྲིགས་ལམ་དང་། དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་བརྒལ་བརྟག་རྒྱུན་མང་གསལ་བའི་མེ་ལོང་ཞེས་བྱ་བ།(གསུང་འབུམ་པོད་༼ཇ༽ ཤོག་ལྡེབ ༤༦༧ ནས་༤༨༧ བར)དེར་རྩོད་པ་དང་རྩོད་པའི་རྒྱན་ལུས་ཀྱི་རྣམ་འགྱུར་ཏེ། ལུས་ཀྱི་རྣམ་འགྱུར་ཚུལ་ཇི་ལྟར་བྱེད་དགོས་ཚུལ་གཙོ་བོར་བསྟན་ཡོད་ལ། ཀུན་མཁྱེན་འཇིགས་མེད་དབང་པོས་ལུས་ཀྱི་རྣམ་འགྱུར་རམ་རྣམ་དཔྱོད་ཇི་ལྟར་བྱེད་དགོས་ཚུལ་ཡང་ཡང་ནན་ཏན་དུ་གསུངས་པ་དང་། དགེ་བཤེས་རྒན་རབས་པ་རྣམས་ཀྱི་གསུང་རྒྱུན་རྣམས་ཟིན་བྲིས་བཏབ་པ་ཞིག་རེད། ཀུན་མཁྱེན་འཇིགས་མེད་དབང་བོས་འདིའི་སྐོར་ཡི་གེ་ཟུར་དུ་བཞག་ཡོད་ཚུལ་གསུངས་བ་ལག་ཏུ་མ་སོན།
མཇུག་བསྡུ་པའི་གཏམ།
ཀུན་མཁྱེན་ཡིག་ཆའི་ཡུལ་གྱི་ཐོག་མ་འབྲས་སྤུངས་སྒོ་མང་གྲྭ་ཚང་ཡིན་ལ། སྤྱིར་ཡིག་ཆ་རང་ལ་མཆོག་ཏུ་མངའ་བའི་ཡོན་ཏན་མང་པོ་ལྡན་པ་དང་། གཞན་འཇམ་དབྱངས་བཞད་པ་ཁོང་པཎ་ཆེན་གྱི་སློབ་མ་ཡིན་པ་དང་གཅིག སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱབ་སྐྱོར་དང་བསྐུལ་བ་ཡོད་པ་དང་གཉིས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ཁྲི་བཀོད་ཡོད་པ་དང་གསུམ་བཅས་ཀྱི་ཆ་རྐྱེན་ཡོད་པས་ཁྱབ་པར་ལོས་སྨན་འདོད་ལ། དེ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་མདོ་སྨད་དུ་སླེབས་ནས་ཨ་མདོ་བཀྲ་ཤིས་སྒོ་མང་བཏབ་པ་དང་། ཨ་མདོ་བཀྲ་ཤིས་སྒོ་མང་ངམ་བླ་བྲང་དགོན་པ་དར་རྒྱས་སུ་སོང་བ་དང་བསྟུན་ནས། ཡུན་གྱིས་ཡུལ་ཕྱོགས་ཀུན་ལ་ཁྱབ་པ་ཞིག་དང་། ཡིག་ཆ་སྔ་མ་ལས་ཕྱི་མ་རྣམས་རིམ་བཞིན་ཚགས་ཇེ་དམ་དང་དོན་ཇེ་ཞིབ་ཏུ་སོང་བ་ལྟར་དང་། ཀུན་མཁྱེན་ཡིག་ཆ་ནི་ཡིག་ཆ་ལས་ཅུང་ཕྱི་མར་བགྲང་ལ། ཀུན་མཁྱེན་ཡིག་ཆར་སྔ་མའི་མཁས་པ་མང་པོས་ཕྱོགས་ལྷུང་མེད་པའི་གདེང་འཇོག་སྣང་ཡོད་པ་དཔེར་ན།“རྗེ་འཇིགས་མེད་ཕྲིན་ལས་རྒྱ་མཚོས་མཛད་པའི་གྲུབ་མཐའ་རྩ་འགྲེལ་གྱི་ཟིན་བྲིས་ཀུན་བཟང་ཉིན་བྱེད་སྣང་བ་ཞེས་པ་ལས། འདིར་རྣམ་པའི་འདོད་ཚུལ་ལ་སྣ་ཚོགས་རིམ་འབྱུང་བའམ། སྣ་ཚོགས་རིམ་འཛིན་པ་བཞག་པ་ཀུན་མཁྱེན་ལས་གཞན་གྱིས་མ་ཐོན་པའི་ལེགས་བཤད་དུ་དབལ་མང་རིན་པོ་ཆེས་གསུངས། སྤྱིར་ཀུན་མཁྱེན་ཡིག་ཆ་རྣམས་སུ་དུམ་ཆོད་དང་མ་འབྲེལ་པ་ལྟ་བུ་མང་ཡང་ཡིག་ཆ་གཞན་ལ་བལྟས་ནས་ཕྱིར་འཁོར་ན་རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག་ཏུ་ཡོད་ཅེས་གུང་ཐང་རིན་པོ་ཆེས་གསུངས། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་གྱི་མེ་ལོང་ལས་ཀྱང་། དུས་ཕྱིས་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་རྒྱ་གར་གྱི་འཛམ་གླིང་རྒྱན་རྣམས་དང་མཚུངས་པའི་མཁས་གྲུབ་ཆེན་པོ་དེས་མདོ་སྔགས་ཐམས་ཅད་དང་། ཁྱད་པར་དུ་པོ་ཏི་ལྔ་ག་ལ་མཐའ་དཔྱོད་ཀྱི་ཡིག་ཆ་སྔོན་མེད་ལེགས་བཤད་ཀྱི་གཏེར་དུ་གྱུར་པ་མཛད་པས་དེང་སེང་སྒོ་མང་གི་འཛིན་ཆོས་ཀྱང་འཇམ་དབྱངས་བཞད་པའི་ཡིག་ཆ་ཁོ་ན་བྱེད་ལ། སྒོ་མང་བར་མ་ཟད་མཐའ་དབུས་ཀྱི་རིགས་པ་སྨྲ་བ་མཐའ་དག་གི་ཐོས་བསམ་གྱི་གཞིར་བྱེད་པར་བརྟེན། ཡིག་ཆ་གཞན་ཕལ་ཆེར་ངལ་གསོ་མཛད་པར་སྣང་ངོ་། །”⑿ལར་ཡིག་ཆ་སྔོན་མ་དག་གི་ལེགས་བཤད་ཀྱི་ཆ་མང་པོ་ཡིག་ཆ་ཕྱི་མ་དག་གིས་བསྡུ་ལེན་བྱས་ཡོད་པས་ཕྱི་མ་ལ་སྦྱངས་ན་གུང་ཐང་རིན་པོ་ཆེས་གསུངས་ཇི་བཞིན་ཀུན་ལ་བལྟ་བའི་མིག་ཏུ་ཡོད་ལ། འོན་ཀྱང་ཡིག་ཆ་ཕྱི་མ་ཡིན་ན་མཐའ་གཅིག་ཏུ་མཆོག་ཏུ་འགྱུར་བའི་ངེས་པའང་མ་མཆིས་སོ། །
ལུང་ཁུངས།
[1]དབལ་མང་དཀོན་མཆོག་རྒྱལ་མཚན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1991. 30.
[2][12][7]བློ་བཟང་དར་རྒྱས། དཔྱད་འཇོག[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012. 130.156. 146~147.
[3][4][5][6]ཀུན་མཁྱེན་འཇིགས་མེད་དབང་བོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987.96.97.99.106.
[8][9][10]ཀུན་མཁྱེན་འཇིགས་མེད་དབང་བོ། དཀར་ཆག་དང་བཅའ་ཡིག་གི་རིམ་པ་ཤེལ་དཀར་མེ་ལོང་།[M]བླ་བྲང་དཔར་མ། པོད་༼ཐ༽ 201.189.185.
[11]扎扎.佛教文化圣地--拉卜楞寺[M].甘肃民族出版社,2010. 13~14.