logo

ནང་བསྟན་གྱི་དཔལ་འབྱོར་རིག་པ་མདོ་ཙམ་གླེང་བ།

རྩོམ་པ་པོ།:ནང་བསྟན་དཔལ་འབྱོར་རིག་པ་ལས་བཏུ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-11 ཀློག་གྲངས།:
     ནང་བསྟན་གྱི་དཔལ་འབྱོར་རིག་པ་ཞེས་གླེང་མ་ཐག་ཏུ་མི་མང་བོ་ཞིག་གི་བསམ་པར་ངོ་མཚར་བ་ཞིག་དང་། ཧ་ལས་པ་ཞིག་ཏུ་བསམ་ངེས། ཡིན་ནའང་དེ་ནི་གོ་འཛོལ་ཞིག་རེད། ནང་བསྟན་ལ་དཔལ་འབྱོར་རིག་པ་ཡོད་ལ་ནང་བསྟན་གྱི་དཔལ་འབྱོར་རིག་པ་ཞེས་པ་དེ་རྗེས་ཀྱི་མི་སུ་ཞིག་གིས་གསར་བཟོ་བྱས་པ་ཞིག་མིན་པར་སྟོན་པ་སངས་རྒྱས་ཀྱིས་གསལ་བོར་གསུངས་ཡོད། ངས་འདི་ནས་སྟབས་བདེ་བའི་ངང་ནས་བཤད་ན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་སྒྲུབ་སྟངས་དང་དཔལ་འབྱོར་སྤྱོད་སྟངས། དཔལ་འབྱོར་དང་མིའི་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་པའི་གཞུང་ལུགས་ཤིག་རེད། ནང་བསྟན་དུ་དེ་ལྟ་བུའི་གཞུང་ལུགས་ཁ་ཚང་ཞིག་ཡོད་མོད། སུས་ཀྱང་དེ་ལ་དོ་སྣང་མ་བྱས་པར་ད་ལྟའི་ལོག་རྟོག་ཆེན་པོ་ཞིག་སྟེ་ནང་བསྟན་ནི་དཔལ་འབྱོར་གྱི་གེགས་རྡོར་བསམ་པའི་ལྟ་བ་དེ་བྱུང་། ལྟ་བ་ནི་དངོས་ནས་མི་ཞིག་གི་བསམ་ཚུལ་ཡིན་པས་དེ་ལ་དོན་དངོས་ཡིན་པའི་ངེས་པ་མེད་ནའང་སྤྱི་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་ངེས། སྟབས་བདེ་བའི་ངང་ནས་བཤད་ན་ཁོ་ཚོའི་འཁྲུལ་གཞི་དེ་ནི་རབ་བྱུང་བས་རྒྱུ་ནོར་བསོག་མི་རུང་བའི་ལྟ་བ་དེས་ནང་བ་སྤྱི་ལ་སྦྱར་བའི་ནོར་འཁྲུལ་དེ་རིགས་བྱུང་། དེས་བོད་ཀྱི་སྤྱི་ཚོགས་སུ་རབ་བྱུང་བ་དང་ནང་བ་གཅིག་ཏུ་བསྲེས་ཡོད་པ་དེ་མཚོན་ལ་ནང་བསྟན་དཔལ་འབྱོར་དང་རྒྱབ་འགལ་དུ་བསམ་པའི་ལྟ་བ་དེ་མཚོན་པ་རེད། དེ་བས་ངས་ནང་བའི་གཞུང་གི་དཔལ་འབྱོར་གྱི་ལྟ་བའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་ནས་ནང་བསྟན་གྱི་དཔལ་འབྱོར་རིག་པ་འདི་ཆེད་དུ་ལྒིང་དགོས་བྱུང་།
     ཡིན་ན་ཡང་། ད་དུང་བོད་དུ་ནང་བསྟན་དཔལ་འབྱོར་རིག་པ་ཞེས་པ་འདིར་ཞིབ་འཇུག་བྱ་ཐུབ་མེད་པའི་ཁར། བོད་བརྒྱུད་ནང་བསྟན་གྱི་དགོངས་པ་བཞིན་ནང་བསྟན་དཔལ་འབྱོར་རིག་པ་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་ཕྱི་གླིང་དུ་ཡང་བྱུང་མེད། བོད་མི་རིགས་ནི་ནང་བསྟན་ལ་དད་མོས་བྱེད་བཞིན་པའི་མི་རིགས་ཤིག་ཡིན་པས་ནང་བསྟན་གྱིས་བོད་རིགས་ཀྱི་ཀུན་སྤྱོད་དང་སློབ་གསོ་དཔལ་འབྱོར་བཅས་ཕྱོགས་གང་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཡིན་ན་ཡང་། མང་ཆེ་བ་ཞིག་གིས་ནང་བསྟན་གྱི་དཔལ་འབྱོར་ལྟ་ཚུལ་ལ་ཡང་དག་པའི་ངོས་ཟིན་ཞིག་མེད་པ་དང་། ཡང་ན་གོ་འཛོལ་མང་བོ་ཞིག་གི་དབང་གིས་ནང་བསྟན་ལ་དད་མོས་བྱེད་པ་དེས་ཁོ་རང་ཚོའི་དཔལ་འབྱོར་ལ་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་བཞིན་ཡོད། དེ་བས་ནང་བསྟན་གྱི་དཔལ་འབྱོར་གྱི་ལྟ་བ་དང་དཔལ་འབྱོར་གྱི་བཀོལ་སྤྱོད། དཔལ་འབྱོར་སྒྲུབ་ཐབས་སོགས་ནང་བསྟན་གྱི་དཔལ་འབྱོར་ལྟ་བ་དག་ཕྱོགས་གཅིག་ཏུ་བསྡོམས་ནས་ནང་བསྟན་དཔལ་འབྱོར་རིག་པ་གྲུབ་ན་དེ་ཡིས་བོད་མི་རིགས་དང་བཅས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པའི་མི་རིགས་གཞན་པ་དག་གི་དཔལ་འབྱོར་ལ་ཡང་ཤུགས་རྐྱེན་ཆེན་པོ་ཞིག་འབྱུང་ཐུབ་པ་རེད།
     མིའི་བདེ་སྐྱིད་དང་དགེ་བ་གང་ཞིག་བསྒྲུབ་པའི་མཐུན་རྐྱེན་གཉིས་ཡོད་པ་ལས་དེ་གཉིས་ཀྱང་ཐད་ཀར་དཔལ་འབྱོར་གྱི་ནུས་པ་དང་འབྲེལ་ཡོད་ལ་ང་ཚོས་དཔལ་འབྱོར་བསྒྲུབ་པའི་དགོས་མཁོ་དང་འབྲེལ་ཡོད་པས་ང་ཚོས་སངས་རྒྱས་ཀྱི་གསུང་སྟེ་བོད་ཀྱི་བཀའ་འགྱུར་གཞིར་བཟུང་ནས་དཔལ་འབྱོར་གྱི་ངོ་བོ་དང་མི་དང་དཔལ་འབྱོར་བར་གྱི་འབྲེལ་བ། དཔལ་འབྱོར་དང་སྤྱི་ཚོགས་བར་གྱི་འབྲེལ་བ། དཔལ་འབྱོར་གྱི་ཕན་ནུས་དང་། དོན་དང་ལྡན་པའི་དཔལ་འབྱོར་དང་དོན་དང་མི་ལྡན་པའི་དཔལ་འབྱོར། དཔལ་འབྱོར་སྒྲུབ་སྟངས། དཔལ་འབྱོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ། དཔལ་འབྱོར་གྱི་དོན་སྙིང་བཅས་ལ་ཕྲ་ཞིང་ཞིབ་པས་དབྱེ་ཞིབ་བྱས་ནས་ཆོས་དང་མི་འགལ་ཞིང་དེང་རབས་ཀྱི་སྤྱི་ཚོགས་དང་མཐུན་པའི་དཔལ་འབྱོར་གྱི་གཞུང་ལུགས་ཤིག་བསྐྲུན་ནས་ནང་བསྟན་ལ་དད་པའི་མང་ཚོགས་རྣམས་ཀྱི་དཔལ་འབྱོར་ཡར་སྐུལ་བྱེད་པའི་ནུས་པ་འདོན་པར་བྱེད་པ་དེ་ཡིན།
གཅིག ནང་བའི་དཔལ་འབྱོར་གྱི་ལྟ་ཚུལ།
     དཔལ་འབྱོར་དེ་མེ་འབར་བཞིན་པའི་འོབས་ཤིག་ཡིན་ནམ། ཡང་ན་དུག་སྦྲུལ་གྱི་ཚང་ལྟ་བུ་ཞིག་ཡིན། ནང་བའི་དཔལ་འབྱོར་གྱི་ལྟ་བ་ནི་འདི་ལྟ་བུ་ཞིག་མིན་ནམ་ཞེ་ན་མིན་ཏེ་གཏན་ནས་མིན་ནོ། །དེ་ནི་དཔལ་ལྡན་ཟླ་བས་གསལ་བོར་གསུངས་ཡོད་དེ། སྐྱེ་བོ་འདི་ཀུན་བདེ་ལ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ཞེས་མི་ཀུན་གྱི་བདེ་བ་འདོད་ཅིང་བདེ་བ་ནི་ལོངས་སྤྱོད་ལ་བརྟེན་ནས་བྱུང་བ་ཡིན་པར་གསུངས། དེ་ནི་ནང་བསྟན་གྱི་དཔལ་འབྱོར་རིག་པའི་རྩ་བའི་རྨང་གཞི་ཡིན།
     དཔལ་འབྱོར་ནི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་འབྱུང་བའི་ཐབས་ལམ་ཞིག་ལས་བདེ་སྐྱིད་ཅིག་གཏན་ནས་མིན། ཐབས་ལམ་དེ་ཡིས་འགྲོ་བ་མིའི་རིགས་ལ་ཕན་པ་ལས་གནོད་པ་འབྱུང་མི་རུང་ལ། དེ་ལྟར་བྱུང་ན་དཔལ་འབྱོར་གྱི་དགོས་མཁོ་མ་གྲུབ་པ་ཞིག་སྟེ་དཔལ་འབྱོར་ནི་གནས་སྐབས་ཀྱི་མཐུན་རྐྱེན་ལས་མཐར་ཐུག་གི་དམིགས་ཡུལ་མིན། སྤྱིར་བྱ་བ་གང་ཞིག་བསྒྲུབ་ནའང་མཐུན་རྐྱེན་ཞིག་དགོས་པ་ལས་མཐུན་རྐྱེན་དེ་བྱ་བའི་དམིགས་ཡུལ་དུ་བརྩི་མི་རུང་། དེ་བཞིན་དུ་མི་ཚེའི་ཆེད་དུ་དཔལ་འབྱོར་བསྒྲུབ་དགོས་མོད། དཔལ་འབྱོར་མི་ཚེའི་སྙིང་བོར་འཛིན་མི་ཉན།
     དཔལ་འབྱོར་དེ་སྤྱིར་ན་འཇིག་རྟེན་འདིའི་དངོས་པོ་ཞིག་སྟེ་དེ་ཡང་དངོས་པོ་གཞན་དག་དང་འདྲ་བར་བཟང་ངན་སྣ་ཚོགས་འབྱུང་མོད། དཔལ་འབྱོར་གྱིས་དགེ་བ་བསྒྲུབ་ཐུབ་ལ་མི་དགེ་བའང་བསྒྲུབ་ཐུབ། དགེ་མི་དགེ་བསྒྲུབས་པ་དེ་མཐར་གཏུགས་ན་མི་རང་ཉིད་ཀྱི་བསམ་བློར་ཐུག་པ་ལས་དཔལ་འབྱོར་ལ་ཐུག་མེད། ང་ཚོས་དཔལ་འབྱོར་བསྒྲུབ་དགོས་དོན་ནི་འཇིག་རྟེན་ལ་ཞབས་འདེགས་བསྒྲུབ་པའི་ཆེད་དང་རང་ཉིད་ལ་དགེ་བའི་ལས་ལ་འཇུག་པའི་མཐུན་རྐྱེན་གྱི་ཆེད་དུ་ཡིན། ཡིན་ནའང་གཞན་དོན་ལ་འཇུག་པའི་སྒོ་མང་བས་ཡིན་གཅིག་མིན་གཉིས་ལ་དཔལ་འབྱོར་གཙོ་བོར་འཛིན་དགོས་པ་ཞིག་གཏན་ནས་མིན་ནའང་མི་ཕལ་བ་དང་འཇིག་རྟེན་འདིར་དཔལ་འབྱོར་གྱི་གཞན་དོན་བསྒྲུབ་པ་ལ་བསྙོན་པར་མི་ནུས་པའི་ནུས་པ་ཆེན་པོ་ཞིག་གདོན་ངེས།
     གཞན་ལ་ཕན་འདོགས་པའི་ནུས་པ་དེ་མཐར་གཏུགས་ན་བསམ་བློའི་ནུས་པ་ཡིན་པ་སྨོས་མ་དགོས་མོད། བསམ་བློ་ཁོ་ནས་ཕན་ཐོགས་རྒྱུ་ཤིན་ཏུ་དཀའ། མི་ཞིག་ཡིན་ན་གཞན་ལ་ཕན་འདོགས་པའི་ནུས་པ་ཞིག་གཏན་ནས་མེད་པ་མི་སྲིད་ནའང་གཞན་ལ་ཕན་འདོགས་པའི་མི་དེ་འདྲ་མང་བོ་མེད། དེ་ནི་བསམ་བློའི་སྟེང་གི་གནད་དོན་རེད། དེ་བཞིན་གཞན་ལ་ཕན་འདོགས་འདོད་པ་མང་བོ་ཡོད་ནའང་ཕན་ཐོགས་པ་དེ་འདྲ་མང་བོ་མེད། དེ་རྒྱུ་མཚན་ནི་རང་ལ་གཞན་ལ་ཕན་འདོགས་པའི་ནུས་པ་དེ་འདྲ་མེད་པའི་རྐྱེན་གྱིས་རེད། སྤྱིར་ན་མི་ཞིག་ལ་དེ་འདྲའི་སེམས་ཡོད་ཅིང་སེམས་ནས་གཞན་ལ་ཕན་འདོགས་པའི་འདོད་པ་ཡོད་ན་དེ་ནི་ཕན་བཏགས་པ་ལྟ་བུའི་ནུས་པ་ཞིག་ཡོད་དེ་དེའི་རྒྱུ་མཚན་ཡང་དེ་འདྲ་བའི་བསམ་པ་ཞིག་ཡོད་ན་གཞན་ལ་གནོད་མི་སྐྱེལ་བས་སོ། །གཞན་ལ་གནོད་མི་སྐྱེལ་བ་འདི་ཡང་གཞན་ལ་ཕན་ཆེན་པོ་ཞིག་བཏགས་པ་རེད།
     སྤྱིར་བཏང་གི་མི་གཞིར་བཞག་ནས་བཤད་ན། ཁོའི་མནར་སྤྱོད་དང་ཁོའི་སྡུག་བསྔལ་མང་ཆེ་བ་ནི་དཔལ་འབྱོར་ལ་བརྟེན་ནས་བྱུང་བས་ཁོའི་དཔལ་འབྱོར་གྱི་གནས་བབས་དེ་རྒྱུ་ནོར་གྱིས་བཅོས་བསྒྱུར་བྱེད་ཐུབ་པ་ལས་བསམ་བློའི་གོ་རྟོགས་དང་གཞན་ཕན་གྱི་བསམ་བློ་ཁོ་ནས་མི་དེར་ཕན་འདོགས་པ་དཀའ་སྟེ་མི་མང་ཆེ་བའི་བསམ་བློའི་གོ་རྟོགས་དམའ་བས་རྒྱུ་ནོར་གྱི་རིན་ཐང་བསམ་བློའི་རིན་ཐང་ལས་གཙོ་བོར་འཛིན་པའི་རྐྱེན་གྱིས་རེད། དེ་བས་དཔལ་འབྱོར་བསྒྲུབ་དགོས་པ་རེད། ཡིན་ནའང་དཔལ་འབྱོར་དེ་བདེ་སྐྱིད་ཀྱི་རྐྱེན་དུ་འགྱུར་དགོས་པ་ལས་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་མི་རུང་།
     མི་ཞིག་ཡིན་ན་རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་ཚེ་རིང་ནད་མེད་བདེ་དང་ལྡན་པ་ཞིག་ཡོང་དགོས་པ་ནི་ནང་བསྟན་གྱིས་མིའི་ཡོན་ཏན་ཐད་འཛིན་པའི་རེ་བ་ཡིན། དེ་ནི་མིའི་ཡོན་ཏན་ཡིན་ནའང་ནང་བསྟན་གྱི་གཞུང་ལས་མཐོ་རིས་ཀྱི་ཡོན་ཏན་དུ་བརྩིས་ནས་བཤད་ཡོད། དེ་ལས་ཡོན་ཏན་དེ་དག་ལས་འབྱོར་བ་ནི་དཔལ་འབྱོར་ཡིན། དཔལ་འབྱོར་དེ་མིའི་མཐུན་རྐྱེན་ཞིག་ཡིན་ཏེ་མིས་བྱ་བ་བཟང་བོ་སྒྲུབ་པའི་མཐུན་རྐྱེན་ཞིག་ཡིན་པ་ལས་འགྲོ་བ་མི་ལ་སྡུག་བསྔལ་སྟེར་བྱེད་ཅིག་མིན་པའི་གནད་དེ་གསལ་བོར་བཤད་འདུག ཡིན་ནའང་མི་ལ་ལ་ནི་དཔལ་འབྱོར་གྱི་དབང་དུ་གྱུར་ནས་མི་ཚེ་གང་བོར་བདེ་སྐྱིད་ཅིག་འབྱུང་བཞིན་མེད་པ་ནི་དཔལ་འབྱོར་གྱི་དགོས་པ་གོ་ལོག་པ་རེད། དེ་ལྟ་བུའི་དཔལ་འབྱོར་གྱིས་སྟོང་གསུམ་གང་ཡང་ཕན་པ་ཅི་ཡང་མེད། ང་ཚོར་དཔེར་འཇོག་གསལ་བོ་ཞིག་ཡོད་པ་ནི་ཡི་དྭགས་ཞེས་པའི་འགྲོ་བ་ཞིག་ཡོད་པ་དེ་ཡིན། དེ་ལ་རྒྱུ་ནོར་བསམ་གྱིས་མི་ཁྱབ་པ་ཡོད་རུང་ལོངས་སུ་གཏན་ནས་སྤྱོད་མི་ཐུབ་པས་ཚེ་གང་བོར་ལྟོགས་སྐོམ་འབའ་ཞིག་མྱོང་བ་རེད།
     མདོར་བསྡུས་ན་དཔལ་འབྱོར་རང་ངོས་ནས་ངན་པ་དགུ་ཚང་གི་དུག་སྦྲུལ་གྱི་ཚང་ལྟ་བུ་ཞིག་མིན་ལ་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བ་ཞིག་ཀྱང་གཏན་ནས་ཡིན་མི་སྲིད་མོད་བཀོལ་སྤྱོད་ཀྱི་སྟེང་ནས་བཤད་ན་ལ་ལར་ངན་པ་དགུ་ཚང་གི་དུག་སྦྲུལ་གྱི་ཚང་དུ་འགྱུར་ལ་ལ་ལར་ཕུན་སུམ་ཚོགས་པའི་ལྷ་ཡི་ལོངས་སྤྱོད་དུའང་འགྱུར། བཀོལ་སྤྱོད་ཀྱི་ངོས་ནས་དེའི་རིན་ཐང་འབྱུང་སྲིད་ལ་དེའི་ཉེས་པའང་འབྱུང་སྲིད་པ་རེད།
     ནང་བའི་ལུགས་ལ་དཔལ་འབྱོར་གྱི་དགོས་པ་ནི་མིའི་བདེ་སྐྱིད་དང་དགེ་བ་གང་ཞིག་བསྒྲུབ་པའི་མཐུན་རྐྱེན་གཉིས་དང་འབྲེལ་ཞིང་དེ་གཉིས་ཀྱང་ཐད་ཀར་དཔལ་འབྱོར་གྱི་ནུས་པ་དང་འབྲེལ་ཡོད་ལ་ང་ཚོས་དཔལ་འབྱོར་བསྒྲུབ་པའི་དགོས་མཁོ་དང་འབྲེལ་ཡོད།
     དེ་བས་དཔལ་འབྱོར་ནི་མཐུན་རྐྱེན་ཞིག་ལས་མི་ཚེ་སྙིང་བོ་ཞིག་གཏན་ནས་མིན། ཆོས་སྒྲུབ་ན་འདྲ། འཇིག་རྟེན་སྒྲུབ་ནའང་འདྲ། གཙོ་བོ་རང་གི་ལུས་སེམས་ལ་ཕན་བདེ་ཞིག་སྐྱེད་པར་བྱེད་པ་ལས་མི་རང་གི་སྲེད་པའི་དབང་དུ་གྱུར་ན་དཔལ་འབྱོར་དེས་རང་ལ་བདེ་སྐྱིད་བསྐྲུན་མི་ཐུབ་ཁར་སྡུག་བསྔལ་འབའ་ཞིག་འབྱུང་ངེས་རེད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།