logo

ནང་བསྟན་གྱི་དཔལ་འབྱོར་རིག་པ་མདོ་ཙམ་གླེང་བ།

རྩོམ་པ་པོ།:ནང་བསྟན་དཔལ་འབྱོར་རིག་པ་ལས་བཏུ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-11 ཀློག་གྲངས།:
                                            གཉིས་པ། མི་དང་དཔལ་འབྱོར།
དང་བོ། མི་སྒེར་དང་དཔལ་འབྱོར།
1 དབུལ་བོ་དང་ཕྱུག་པོ།
     སྤྲང་བོ་ནི་ཚེ་འདིར་གཞན་གྱིས་བཅོམ་པ་མིན་ལ་རང་ལ་དཔལ་འབྱོར་བསྒྲུབ་འདོད་པའི་རེ་བ་མེད་པའང་མིན། རྩོལ་སྒྲུབ་བྱས་ནའང་དཔལ་འབྱོར་ལག་ཏུ་མི་ཡོང་བའམ་ཕྱུག་པོར་མི་ཆགས་པ་ནི་སྔོན་བསགས་ལས་ཀྱི་རྣམ་སྨིན་ཡིན། མི་སུ་ཡིན་རུང་ཕྱུག་པོར་ཆགས་རྒྱུ་རེ་བ་ཡོད་ཀྱང་རེ་བ་དེ་མངོན་དུ་འགྱུར་བ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན་ཏེ་འཇིག་རྟེན་ན་མི་དབུལ་བོ་མང་བ་ལས་ཕྱུག་པོ་དེ་འདྲ་མེད་པ་ལ་ལྐོག་ཏུ་གྱུར་པའི་རྒྱུ་རྐྱེན་མེད་པ་ཞིག་ག་ལ་ཡིན། ནང་བ་སངས་རྒྱས་པའི་ལུགས་ལ་དེའི་རྒྱུ་རྐྱེན་དག་ལ་དབྱེ་ཞིབ་བྱས་ཡོད་ལ། ལྷག་པར་ལྐོག་ཏུ་གྱུར་པའི་རྒྱུ་རྐྱེན་ཞིག་ལྷང་ལ་འཕུད་ཡོད་པ་ནི་ལས་འབྲས་ཀྱི་འབྲེལ་བའི་ཆ་ནས་གཙོ་བོ་ཚེ་སྔོན་མར་འབྲེལ་བ་ཡོད་པ་དེ་ཡིན་ནའང་སྐྱེ་བ་འདི་ལ་འབྲེལ་བ་མེད་པ་ཞིག་གཏན་ནས་མིན།
     དབུལ་བོ་ལ་ཕྱི་ནང་གི་རྐྱེན་གཉིས་ཡོད་དེ་ནང་གི་རྐྱེན་སྐྱེ་བ་སྔ་མར་སྦྱིན་གཏོང་མ་བྱས་པ་ལ་ཐུག་ཡོད་དེ་རྩ་ཤེ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་སྦྱིན་པ་བཏང་བ་ལས་མ་འོངས་པ་ན་ལོངས་སྤྱོད་འབྱུང་ཞིང་ཚུལ་ཁྲིམས་སྲུང་བ་ལས་མ་འོངས་པ་ན་བདེ་བ་འབྱུང་བར་གསུངས། དེ་ཡང་ཡིན་ཏེ་འབྲས་བུ་གང་ཞིག་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་དེ་བཞིན་སྤྲང་བོ་ཡང་ཚེ་རབས་སྔོན་མར་སེར་སྣ་དང་གཞན་གྱི་རྒྱུ་ནོར་རྐུ་འཕྲོག་བྱས་པ་ལས་བྱུང་བ་ཡིན་ནའང་དེ་ནི་གཏན་ནས་བསྒྱུར་བཅོས་བྱེད་མི་ཐུབ་པ་གཏན་ནས་མིན། དེའི་རྒྱུ་རྐྱེན་དབུལ་བོར་འགྱུར་བའི་ལས་བསགས་ཡོད་ནའང་དེའི་རྣམ་སྨིན་འབྱུང་བ་ནི་མི་རང་ཉིད་ལ་ཐུག་ཡོད་དེ། མི་ནི་རང་ཉིད་ཀྱི་བདག་པོ་ཡིན་ལ་འཇིག་རྟེན་གྱི་བདག་པོ་ལས་ཆེས་གོ་གནས་མཐོ་བ་ཞིག་ཡིན་ཏེ། དེའི་གནད་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་བཅོས་བསྒྱུར་བྱེད་ཐུབ་མིན་ལ་ཐུག་ཡོད། དེ་ལ་མཆོད་སྦྱིན་དང་བསོད་ནམས་བསག་པའི་སྦྱོར་བ་གཙོ་བོར་བཟུང་ནས་རང་གི་སྔོན་གྱི་མི་དགེ་བའི་ལས་དེ་སྒྲིབ་སྦྱོང་གནད་དུ་གཟུང་འོས།
     ཕྱུག་པོར་འགྱུར་བ་རང་ཉིད་ཕྱུག་པོར་ཆགས་འདོད་པ་ཞིག་ཡིན་པས་མི་ཆོག་ལ་རང་གིས་རྩོལ་སྒྲུབ་བྱས་པ་ཙམ་གྱིས་ཐོབ་པ་ཞིག་ཡིན། དེའི་རྒྱུ་རྐྱེན་དུ་མ་ཡོད་པ་ལས་གཅིག་ནི་སྔོན་བསགས་ཀྱིས་དགེ་བའི་ལས་དགོས་ལ་གཉིས་སུ་རང་ལ་ཚེ་འདིར་དགེ་བའི་ལས་གསག་དགོས། གསུམ་དུ་རང་ཉིད་ཀྱིས་དཔལ་འབྱོར་གྱི་ཆེད་དུ་རྩོལ་སྒྲུབ་བྱ་དགོས་པ་རེད། དེ་མིན་ཕྱུག་པོར་ཆགས་རྒྱུ་ཆེས་ཤིན་ཏུ་དཀའ། དེ་དག་ནི་གཤམ་དུ་བཤད་འདོད་པས་འདིར་མང་དུ་མི་བརྗོད་དོ། །
2 དཔོན་པོ་དང་དཔལ་འབྱོར།
     ནང་བའི་ལུགས་ལ་དཔོན་པོར་འདུག་དགོས་པའི་དོན་ནི་འགྲོ་བ་གཞན་གྱི་དོན་བསྒྲུབ་པའི་ཆེད་དུ་ཡིན་པ་ལས་རང་དང་གཉེན་ཉེ་ལ་དཔལ་འབྱོར་བསྒྲུབ་པའི་ཆེད་དུ་མིན། ཡིན་ནའང་དཔལ་འབྱོར་ནི་གཞན་དོན་བསྒྲུབ་པའི་ཡན་ལག་ཅིག་ཡིན་པས་དཔོན་པོ་ཞིག་ཡིན་ན་འབངས་ཀྱི་བདེ་ཐབས་སུ་དམངས་ཀྱི་དཔལ་འབྱོར་བསྒྲུབ་དགོས་པ་ནི་བཤོལ་ཐབས་མེད་པ་ཞིག་ཡིན། གཞན་དོན་བསྒྲུབ་པའི་ཡན་ལག་ཅེས་པའང་རང་གིས་དཔལ་འབྱོར་ལོངས་སུ་སྤྱད་ནས་གཞན་དོན་ལ་རེམ་པ་དེ་མིན་པར་འཁོར་འབངས་ལ་དཔལ་འབྱོར་བསྒྲུབས་ནས་དེ་དག་གི་ལོངས་སྤྱོད་ལས་བདེ་བ་རོལ་ཐུབ་པར་བྱེད་པ་དེ་ཡིན། དེ་བས་དཔོན་པོ་ཆོས་པ་ཞིག་ཡིན་ནའང་ཁོ་རྒྱུ་ནོར་ལ་སྲེད་པ་ཅི་ཡང་མེད་ནའང་རྒྱུ་ནོར་མཐའ་གཅིག་ཏུ་འདོར་བྱར་འཛིན་མི་ཆོག་པ་ཡིན་ཏེ་རྒྱུ་མཚན་ནི་དཔོན་པོར་འདུག་པའི་དམིགས་ཡུལ་ནི་འབངས་ཀྱི་བདེ་སྡུག་བསམ་པའི་ཆེད་དུ་ཡིན་ལ་དཔལ་འབྱོར་ནི་དམངས་ཀྱི་བདེ་སྡུག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དཔལ་འབྱོར་མེད་ན་མཆོག་གསུམ་ལ་མཆོད་བཀུར་དང་དམན་པར་སྦྱིན་པ་གཏོང་བའི་ལས་དག་ཀྱང་འགྲུབ་ཐབས་མེད་ལ་རང་གི་འཚོ་གནས་ཀྱི་བདེ་སྐྱིད་དང་མི་ཚེའི་གཞི་རྩའི་གནད་དོན་དག་ཀྱང་གཏན་ནས་མི་འགྲུབ་པའི་ཕྱིར་རོ། །
3 ཚོང་བ་དང་དཔལ་འབྱོར།
     ཚོང་བ་ནི་དཔལ་འབྱོར་གཉེར་བའི་ལས་རིགས་ཀྱི་ནང་དུ་ཆེས་དམིགས་བསལ་ཞིག་ཡིན། ནང་བའི་བསྟན་པ་ནི་བདེན་དྲང་དང་ཞི་བདེ་ཡིན་ན་ཚོང་བྱེད་པ་ནི་ནང་བའི་དགོངས་དོན་དང་མཐུན་ནམ་ཞེ་ན་དེ་ནི་གནད་ཤིན་ཏུ་ཆེ་བའི་དྲི་བ་ཞིག་སྟེ་ཚོང་བའི་ལས་རིགས་ཀྱིས་ཚོང་བྱེད་པ་དེ་ནི་ཉོ་མཁན་དང་འཚོང་མཁན་གཉིས་ཀྱི་བར་དུ་ཕན་ཚུན་གྱི་འདོད་མོས་བཞིན་བྱུང་བ་ཡིན་པས་ནང་བའི་དགོངས་དོན་དང་མི་མཐུན་པའི་དོན་ཅི་ཡང་མེད་དོ། །ལྷག་པར་ནང་བའི་ཚོང་བའི་རིགས་ནི་བདེན་དྲང་དང་རང་གཞན་གཉིས་ལ་ཕན་སེམས་གཙོ་ཆེ་དགོས་པ་ནི་རྩ་བའི་རྨང་གཞི་ཡིན་ལ་དེའང་ཆ་རྐྱེན་བཞི་ཡོད་པའི་དང་བོ་ནི་ཉོ་བདག་ལ་ཡིད་ཆེས་པ་དང་གཉིས་པ་ནི་ཚོང་རྫས་ལ་ཡིད་ཆེས་པ། གསུམ་པ་ནི་རང་གི་བདེན་པའི་རང་བཞིན་ལ་ཡིད་ཆེས་པ། བཞི་བ་ནི་ཉོ་བདག་དང་རང་ཉིད་བར་གྱི་འབྲེལ་བ་ལ་བརྩི་བཀུར་བྱ་རྒྱུ་དེ་ཡིན་ནོ། །
     ལྷག་པར་ཤེས་དགོས་པ་ནི་གོང་གི་ཆ་རྐྱེན་དེ་དག་ནི་རང་ཉིད་ནང་བ་སངས་རྒྱས་ཡིན་པའི་རྐྱེན་གྱིས་ཡིན་ནའང་དེ་ལས་རང་གི་དཔལ་འབྱོར་གྱི་ལས་ཀའི་དམིགས་ཡུལ་རིང་ཞིང་གཞན་གྱི་ཡིད་ཆེས་བྱེད་པའི་ཐབས་བླ་ན་མེད་པ་ཞིག་ཡིན་ནོ། །དེ་ཡང་ཡིན་ཏེ་མི་ནི་རང་གི་མིག་མདུན་ལ་བལྟ་བ་ལས་རྒྱང་རིང་ལ་མི་བལྟ་ལ་དེ་ལྟ་བུའི་བསམ་ཚུལ་དེ་ནི་གནས་སྐབས་ཀྱི་ཚོང་ལས་ལས་མིག་རྒྱང་རིང་བའི་ཚོང་ལས་མིན་ལ་ལྷག་པར་འཕྲལ་ཡུན་གཉིས་ལས་འཕྲལ་གྱི་ཁེ་ཕན་དམིགས་པ་དེས་རང་གི་ལས་རིགས་ཀྱི་མཚན་སྙན་དང་། མིང་གྲགས་ཡིད་ཆེས་རྣམས་ཤོར་ངེས་པས་རང་གིས་རྒྱལ་ཁ་ལེན་པའི་ཚོང་ལས་ཀྱི་རིགས་ཤིག་གཏན་ནས་མིན་ཏེ་ཕུགས་འདུན་གྱི་རྨང་གཞི་བོར་བས་སོ། །དེ་བས་མིག་སྔའི་ཚོང་རའི་གནས་བབས་ནི་གཡོ་ཁྲམ་གྱིས་གྲུབ་ནའང་ནང་བའི་དཔལ་འབྱོར་རིག་པ་ལྟར་ན་དེ་ནི་མདུན་ལམ་མེད་པའི་ཚོང་ལས་སུ་བཤད་ཆོག དེ་བས་ནང་བའི་ཚོང་བ་ནི་བདེན་དྲང་གི་ཚོང་བ་དང་ཞི་བདེ་དང་དགེ་བའི་ལས་རིགས་དང་འབྲེལ་བའི་ཚོང་བ་ཞིག་ཡིན་དགོས་པའི་ཕྱིར་རོ། །
4 ཁྱིམ་པ་དང་དཔལ་འབྱོར།
     དེ་ཡང་འདུལ་བའི་མདོ་ལས། ཁྱིམ་པ་གང་ཞིག་ཡིན་ནའང་དཔལ་འབྱོར་དགོས་ལ་དཔལ་འབྱོར་ནི་མི་ཚེ་བདེ་ཐབས་ཤིག་ཏུ་ངོས་འཛིན་བཞིན་ཡོད་པས་མི་སུ་དང་སུ་ཡིན་རུང་མི་ཚེ་བདེ་ཐབས་ནི་ཤིན་ཏུ་གལ་ཆེ་བ་སྟེ་ཁྱིམ་པའི་མི་ཚེ་ལ་མེད་དུ་མི་རུང་བ་ཞིག་གོ །
     ཡིན་ནའང་། ཁྱིམ་པ་དང་དཔལ་འབྱོར་བར་གྱི་འབྲེལ་བ་ནི་ལོངས་སྤྱད་བྱ་དང་ལོངས་སྤྱོད་མཁན་བར་གྱི་འབྲེལ་བ་ཡིན་ལ་འབྲེལ་བ་དེ་དོན་མཐུན་ཞིག་ཏུ་འགྱུར་བའི་ཆེད་དུ་དཔལ་འབྱོར་དེ་ནི་དངོས་པོའི་དཔལ་ཡོན་ཡིན་དགོས་པའི་རེ་བ་འདོན་བཞིན་ཡོད། རེ་བ་དེ་ནི་གཞན་གྱིས་དང་ལེན་བྱས་མིན་ལ་མ་ལྟོས་པར་འགྲོ་བ་མི་རིགས་ཀྱི་བདེ་སྐྱིད་དང་འདྲ་མཉམ། ཞི་བདེ་བཅས་ཀྱི་གཞི་རྩའི་གནད་དོན་དུ་གྱུར་ཡོད། ཡིན་ནའང་། ནང་བའི་དཔལ་འབྱོར་གྱི་རིག་པས་དམིགས་བྱ་གཙོ་བོ་ནི་བསྟན་པའི་སྦྱིན་བདག་སྟེ་ནང་བའི་ཆོས་ལ་དད་པ་ཡོད་པའི་མི་སྐྱ་དག་ལ་དམིགས་ཡོད་དེ་བདག་ཅག་གི་སྟོན་པས་ཁོ་བོའི་སྦྱིན་བདག་དག་ནོར་གྱིས་དབུལ་བར་འགྱུར་བ་གཏན་ནས་མི་སྲིད་དོ་ཞེས་གསུངས་པ་འདིས་གཅིག་ཏུ་བསྟན་པའི་སྦྱིན་བདག་ལ་དཔལ་འབྱོར་མེད་དུ་མི་རུང་བ་དང་གཉིས་སུ་སྟོན་པས་ཀྱང་ནང་བའི་བསྟན་པའི་སྦྱིན་བདག་དག་འབྱོར་ཕྱུག་ལྡན་པར་ཐུགས་ཁུར་གནང་བ། གསུམ་དུ་དཔལ་འབྱོར་དེ་ཡང་ནང་བསྟན་གྱི་དགོངས་དོན་བཞིན་རྩོལ་སྒྲུབ་དང་ལོངས་སྤྱད་བྱ་དགོས་པ་སོགས་ནང་བའི་དཔལ་འབྱོར་གྱི་ལྟ་ཚུལ་ལས་གནད་མང་བོ་ཞིག་གསལ་བོར་བསྟན་ཡོད་ལ་རྒྱ་བོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དག་གིས་ཀྱང་བསྟན་པའི་སྦྱིན་བདག་གི་མངའ་ཐང་དར་བ་ནི་ནང་བའི་བསྟན་པ་དར་རྒྱས་སུ་འགྲོ་བའི་གནད་དོན་དང་འདྲ་བར་གལ་ཆེ་བ་ཞིག་ཏུ་ངོས་འཛིན་གྱིན་ཡོད་ཅིང་ང་ཚོས་རྒྱུན་དུ་ཞལ་འདོན་དུ་བྱེད་པའི་སྨོན་ལམ་དུའང་། མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་ནང་བསྟན་གྱི་སྨོན་ལམ་མཐའ་དག་གི་སྙིང་བོར་བསྡུས་པ་འདི་ལས་བླ་མའི་སྐུ་ཚེ་བརྟན་པ་དང་གཅིག བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ་པ་དང་གཉིས། བསྟན་པའི་སྦྱིན་བདག་གི་མངའ་ཐང་དར་བ་དང་གསུམ་ནི་ནང་བའི་བསྟན་པ་དར་ཞིང་རྒྱས་པའི་ཆ་རྐྱེན་ཆེན་པོ་གསུམ་དུ་བགྲང་ཡོད་པ་འདིས་གསལ་བོར་ཤེས་ཐུབ། དེ་བས་དེང་སང་འགའ་ཞིག་གི་འདོད་པ་ལྟར་ནང་བསྟན་དཔལ་འབྱོར་གྱི་གེགས་རྒྱར་འགྲོ་བཞིན་པ་ཞིག་གཏན་ནས་ཡིན་མི་སྲིད་པ་དེ་གསལ་བོར་མཚོན་ཡོད།
     དེ་ཡང་ཡིན་ཏེ་འཇིག་རྟེན་པའི་མི་ཕལ་བ་ཞིག་ལ་མཚོན་ན་རང་དང་གཞན་གང་གི་དབང་དུ་བྱས་ཀྱང་དཔལ་འབྱོར་ནི་མེད་དུ་མི་རུང་བ་ཞིག་རེད། དེ་དག་དཔལ་འབྱོར་བསྒྲུབ་པ་ནི་བྱང་སེམས་ལྟར་གཞན་དོན་ཁོ་ནའི་སླད་དུ་སྒྲུབ་པ་ཡང་མ་ཡིན་པར་རང་གི་བདེ་དགེ་ལེགས་ཚོགས་གཞིར་བཟུང་ནས་བསྒྲུབ་པ་ཞིག་ཡིན་ལ་མདོར་ན་དཔལ་འབྱོར་དེའི་དཔལ་འབྱོར་གྱི་ནུས་པ་ཐོན་པའི་ཆེད་དུ་ཡིན་པ་ལས་མི་དགེ་བའི་ནུས་པ་ཐོན་པའི་ཆེད་དུ་གཏན་ནས་མིན་པས་སོ། །
     མདོར་ན་ཁྱིམ་པའི་དཔལ་འབྱོར་བསྒྲུབ་དགོས་ལ་དཔལ་འབྱོར་སྒྲུབ་བ་པོ་དེ་ཁོའི་འོས་འགན་ཡིན་པ་ལས་འོས་འགན་དེ་ཡང་མཐར་གཏུགས་ན་རང་གི་བདེ་སྐྱིད་དང་འབྲེལ་ཡོད་པ་དེའོ། །འོས་འགན་དེ་ནི་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་གྱི་འོས་འགན་ཡིན་ལ་དེ་ལས་རང་གི་བདེ་བ་འཐོབ་དགོས་པ་ནི་དམིགས་བྱ་ཉག་གཅིག་ཡིན།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།