བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།
རྩོམ་པ་པོ།:རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-04-24
ཀློག་གྲངས།:
བརྩམས་སྒྲུང་གིས་སྤྱི་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བ་མ་ཡིན་ཡང་། དེས་ང་ཚོའི་མི་གཤིས་གསོ་སྐྱོང་ཐད་ལ་ཕན་པ་མི་དམན་པ་ཡོད། ཁྱད་པར་དུ་རྩོམ་འདིར་ཆ་མཚོན་ནས་བཤད་ན། རྩོམ་པ་པོས་རང་ཉིད་ཀྱི་བསྟན་བྱའི་མི་སྣ་གཉིས་པོ་གསལ་བརྗེན་དུ་མ་བརྗོད་པར་གབ་སྦེད་ཀྱི་ཚུལ་དུ་མཚོན་པར་བྱས་ཡོད་པས། ཀློག་པ་པོར་བསམ་གཞིག་གི་བར་སྟོང་ཞིག་བསྐྲུན་ཞིང་། རྩོམ་དེར་ནུབ་ལ་ཉེ་བའི་ཉི་མ་ཞིག་རྒྱབ་ལྗོངས་སུ་བཀོད་པས་རྩོམ་གྱི་མི་སྣ་གནའ་བཤད་ཨ་མ་ནུབ་ཁའི་ཉི་མ་ཞིག་དང་འདྲ་བར་བུད་ལ་ཉེ་བའི་གཏམ་རྒྱུད་ཀྱི་བརྗོད་དོན་དང་ཆེས་ཁ་འཕྲོད་ལ། རྩོམ་དེའི་ཁ་བྱང་ལས་ང་ཚོར་སྐྱ་ཤུར་ཤུར་གྱི་ཉམས་སྣང་སྐྱ་བོ་ཞིག་གམ་སྐྱོ་ལྷང་ལྷང་གི་ཚོར་སྣང་སྐྱུར་མོ་ཞིག་སྦྱིན་པར་བྱེད། 《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》ཞེས་པའི་རྩོམ་འདིའི་ནང་། མི་སྣ་གཙོ་བོ་“ང”དང་“ངའི”དང་ཆང་འཐུང་གྲོགས་པོ་རྡོ་རྗེ། ཁོའི་སློབ་གྲོགས་དང་ཕ་ཡུལ་གཅིག་པ་ཡིན་པ་གང་ཞིག ཁོའི་ཀློག་པ་པོ་རྣལ་མ་ཞིག་ཡིན་པའི་བུ་མོ་ཐར་རེ་འཚོ་གསུམ་བཀོད་འདུག་ཅིང་། རྩོམ་དེ་ཁོའི་བརྩམས་སྒྲུང《ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ》ཞེས་པའི་བརྗོད་བྱ་དང་ཕལ་ཆེར་འདྲ་བར་སློབ་གསོའི་སྐོར་ཞིག་ཡིན་ཡང་། དེ་ནི《ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ》ལས་བརྗོད་བྱ་བཀོད་སྒྲིག་དང་། བྱུང་རིམ་བཀོད་སྒྲིག་བྱེད་སྟངས། མཛེས་རྟོག་གི་ཆ་སོགས་གང་ཐད་ནས་བལྟས་ཀྱང་འདའ་འགོངས་མཛད་ཡོད་པས། དེ་ལས་ཁོའི་བརྩམས་སྒྲུང་གསར་རྩོམ་གྱི་ཆུ་ཚད་རིམ་བཞིན་གོང་མཐོར་འགྲོ་བ་དང་། བརྩམས་སྒྲུང་རིམ་བཞིན་ནར་སོན་བཞིན་ཡོད་པ་ཤེས་ཐུབ། རྩོམ་འདི་ནི“ང”དང“ངའི”དང་ཆང་འཐུང་གྲོགས་པོ་རྡོ་རྗེའི་ཁ་བརྡའི་ཁྲོད་བྲིས་པ་ཞིག་ཡིན་ཞིང་། དེའི་ནང་ཐར་རེ་འཚོ་གཏམ་རྒྱུད་ཀློག་མཁན་ལ་ངོ་སྤྲོད་བྱས་པ་དང་སྦྲགས། “ངའི”ཆང་འཐུང་གྲོགས་པོ་རྡོ་རྗེའི་ཡིད་ཀྱི་འགྱུར་བ་དང་ཚོར་བ་མཚོན་པར་བྱས་ཡོད་དེ། མོ་ནི་འབྱུང་འགྱུར་ལ་རེ་སྙེགས་ཀྱི་འདུན་པ་བརྟན་ཞིང་བརླིང་ལ་ཧུར་བརྩོན་ཡར་བསྐྱེད་ཅན་ཞིག་ཡིན་ལ་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པའི་ཕུལ་བྱུང་སློབ་མ་ཞིག་ཡིན་ཡང་། ལོ་ངོ་བཅུ་བདུན་སོན་ཙམ་ནས་ཆུང་དུས་ཕ་མས་གཉེན་རྟགས་བཞག་ཡོད་པའི་གནས་ལ་བྱིན་པའི་སྐྱོ་གར་དང་། མོས་ཨ་མའི་བཙན་ཚུགས་ཀྱི་ཁ་ལ་ཉན་འདོད་མ་སྐྱེས་ཡང་ཕ་མའི་ཁ་ལེན་ཚིག་བརྩི་ལས་བརྒལ་མི་ནུས་པར་སློབ་གྲྭ་དང་རང་ཉིད་ཀྱི་འབྱུང་འགྱུར་རྨི་ལམ་བསྐྱུར་ནས་གནས་ལ་སོང་བའི་གནས་ཚུལ་དང་། མོའི་འགྱུར་ལྡོག་གླེང་ཡོད་པ་མ་ཟད། དེ་ལས་ཡ་མཚན་པ་ཞིག་ལ། མོ་གནས་སུ་སོང་སྟེ་ཕྲུ་གུའི་ཨ་མ་ཞིག་ཏུ་གྱུར་ཡོད་ཀྱང་སྔར་བཞིན་དཔེ་དེབ་ལྟ་ཀློག་ལ་རོལ་བ་མ་ཟད།“ངའི”ཆང་འཐུང་གྲོགས་པོ་རྡོ་རྗེའི་ཀློག་པ་པོ་རྣལ་མ་ཞིག་ཏུ་གྱུར་ཡོད་པ་རེད། རྡོ་རྗེས་འདི་ལྟར་རང་ཉིད་ཀྱི་སློབ་གྲོགས་དང་ཕ་ཡུལ་གཅིག་པ། ཁོའི་ཀློག་པ་པོ་རྣལ་མ་ཞིག་ཡིན་པའི་ཆ་ནས་མོར་གདུང་སེམས་མཉམ་སྐྱེས་དང་སྙིང་རྗེ་ཚད་མེད་སྐྱེས་ཤིང་ཁོ་རང་ལའང་ཡིད་སྐྱོ་བའི་སེམས་པ་སྐྱ་བོ་ཞིག་བྱུང་བའི་སྐོར་གླེང་ཡོད། སྤྱིར“བརྩམས་སྒྲུང་གི་མི་སྣ“ང”ཞེས་པ་འདིར་ལྷུག་བརྗོད་བྱེད་སྟངས་ལ་ཉེ་ལོགས་པའི་ཚུལ་གྱིས་གཞན་གྱི་གཏམ་རྒྱུད་སྤྲོ་བའི་རིགས་ཤིག་དང་། མི་སྣ་གཙོ་བོའི་རང་རྣམ་ལྷུག་བརྗོད་བྱེད་པའི་ཚུལ་གཉིས་ཡོད”【29】ཅེས་གསུངས་པ་ལྟར། བརྩམས་སྒྲུང་དེ་ནི་གོང་གི་ལྷུག་བརྗོད་བྱེད་སྟངས་སུ་གཏོགས་པ་ཡིན། རྩོམ་འདིའི་ནང་སློབ་གྲྭ་ལ་ཡོང་དུས་ཀྱི་མིའི་ཕྱིའི་རྣམ་པ་དང་བྱ་སྤྱོད་དང་། སློབ་གྲྭ་ནས་བུད་དེ་གནས་ལ་སོང་བའི་ལོ་ངོ་བཅུ་ལྷག་གི་མོའི་ཕྱིའི་རྣམ་པ་དང་བྱ་སྤྱོད་ཐད་ཀྱི་འགྱུར་ལྡོག་དེ་གཉིས་ཁ་གསལ་དུ་བྲིས་ཤིང་། ཡུལ་ལྗོངས་ཀྱི་བཀོད་པ་ཕྲ་རགས་ཞིབ་འབྲི་བྱས་པ་དག་ཀྱང་བརྗོད་བྱའི་དོན་དང་ཤིན་ཏུ་ནས་ཁ་འཕྲོད་པས། དེ་ལས་ང་ཚོར་སྣང་ ངོར་རྩོམ་པ་པོ་ཁོང་ནི་རྩོམ་ཡིག་འབྲི་རྒྱུར་བྱང་བ་མ་ཟད། འབྲེལ་ཡོད་རྩོམ་རིག་གཞུང་ལུགས་ཀྱི་ཆུ་ཚད་ཀྱང་མི་དམན་པ་ཞིག་ཡོད་པ་ཤེས་ཐུབ། འོན་ཀྱང་། རྩོམ་འདིར་མོའི་སྐྱོ་གར་གྱི་གནས་དུ་མ་འགྲེམས་སྟོན་བྱས་པ་ཙམ་ལས། སྐྱོ་གར་གྱི་འབྱུང་རྐྱེན་ལ་རྩོམ་པ་པོས་མིག་དབང་གསར་བ་ཞིག་གི་ཐོག་ནས་བལྟ་ཐུབ་མེད་དེ། སྐྱོ་གར་གྱི་འབྱུང་རྩ་དེ་གཞན་ བསྟུན་གྱི་བསམ་བློ་ཆེ་བས་ཡིན་པས། རྩོམ་ནང་སྐྱོ་གར་གྱི་གནས་དུ་མ་བསྟན་པ་ཙམ་མ་གཏོགས་སྐྱོ་གར་གྱི་སྙིང་སྟོབས(悲剧精神)ཤིག་འབྲི་བཞེངས་ཐུབ་མེད། དེ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་གསུངས་པ་ལྟར།“གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། ། གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། ། གྲོགས་དང་འགྲོག་ལུགས་སུ་ལ་འཚོལ་ཡང་རུང་། ། གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །”ཞེས་པ་ལྟར། རྩོམ་དེའི་མི་སྣ་ཐར་རེ་འཚོའི་སྐྱོ་གར་གྱི་འབྱུང་རྩ་ནི་གཙོ་བོ་སྲོལ་རྒྱུན་གྱི་གཞན་བསྟུན་བསམ་བློའི་མི་ཆོས་སྟོབས་ཤུགས་ཐལ་ཆེ་བས་ལན་པ་ཡིན་ཡང་རྩོམ་ནང་དེའི་སྐོར་གསལ་བོར་བསྟན་མེད་དེ། རྩོམ་ནང་གཞན་བསྟུན་གྱི་བསམ་བློ་ཐལ་ཆེ་བའི་དབང་གིས་ད་གཟོད་རང་ཉིད་ཀྱི་ཁེ་ཕན་དང་ཕུགས་བསམ་ཡོད་དོ་ཅོག་བརླག་པ་རེད། དེ་ལས་ང་ཚོས་རྟོགས་ཐུབ་པ་ནི། སྲོལ་རྒྱུན་གྱི་གཞན་བསྟུན་གྱི་བསམ་བློ་དང་དེང་གི་མི་བུ་སྒེར་གྱི་དབང་ཐང་དང་རང་ཚུགས་བར་འགལ་བ་ངེས་ཅན་ཞིག་ཡོད་དེ། སྲོལ་རྒྱུན་གྱི་གཞན་བསྟུན་བསམ་བློས་ད་གཟོད་མི་བུ་སྒེར་གྱི་དབང་ཐང་། ཕུགས་བསམ་མཐའ་དག་བརླགས་པར་བྱེད་པས་རེད། དེས་ན། རྩོམ་ནང་རྩོམ་པ་པོས་སྲོལ་རྒྱུན་གྱི་མིག་དབང་ནས་མ་གཏོགས་མོའི་ཨ་མ་ནས་གཙོས་པའི་ཆུང་དུས་ཀྱི་གཉེན་རྟགས་རྒྱག་མཁན་དང་སློབ་གྲྭ་ནས་ཕྱིར་འཐེན་བྱེད་མཁན་དག་ལ་འཐབ་རྩོད་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པའི་གསར་གཏོད་ཀྱི་ཆ་དེ་ཞིབ་འབྲི་ཐུབ་མེད་པས། སྲོལ་རྒྱུན་གྱི་གོམས་སྲོལ་དབང་གིས་མི་བུའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་གོམས་གཤིས་ངན་པའི་འཆིང་སྒྲོག་དེ་ལས་ཐར་ཐུབ་མེད། སྐུ་ཞབས་རང་གྲོལ་གྱིས་ཀྱང་།“ཁྱེད་ཀྱིས་གོམས་སྲོལ་གྱི་འཆིང་སྒྲོག་དེ་གཏོར་ཐུབ་རྒྱུ་ན། ཁྱེད་རང་རྗེས་ལུས་ཀྱི་སྤྱི་ཚོགས་དེའི་གནས་སྒོ་འགྲིམས་པའི་སྡུག་བསྔལ་ཀྱང་ཡོད་རྒྱུ་མ་རེད”【30】ཅེས་པའི་གཏམ་དེ་རྩོམ་དེའི་སྐྱོ་གར་གྱི་འབྱུང་རྐྱེན་ལ་ཤིན་ཏུ་ཁ་འཕྲོད་པ་ཡིན། རྩོམ་པ་པོ་ཞིག་ལ་ཆ་མཚོན་ན་འཚོ་བའི་གནད་དོན་དངོས་མ་ཞིག་བརྩམས་ཆོས་སུ་བསྐྱར་མཚོན་བྱེད་རྒྱུ་ཁོ་ན་མ་ཡིན་པར། ད་དུང་དེར་རང་ཉིད་ཀྱི་སྔོན་ཐོན་གྱི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་ཞིག་མངོན་ལྐོག་གང་རུང་ནས་ངེས་པར་ཡོད་དགོས་པ་ཞིག་ཡིན་པས། སྐྱོ་གར་ཡིན་ཡང་སྐྱོ་གར་གྱི་སྙིང་སྟོབས་ཀྱི་མཛེས་པ་སྟེ། ཕྱི་རྒོལ་གྱི་སྙིང་སྟོབས་ལེགས་པོ་ཞིག་འཁྱོངས་མེད་པས། རྩོམ་འདི་སྲོལ་རྒྱུན་གྱི་མ་རིག་པའི་གནས་ལ་དགག་རྒྱག་དང་སུན་འབྱིན་བྱ་ཆེད་ཀྱི་ལག་ཆ་ལྟ་བུར་གྱུར་བ་ལས་མི་བུ་སྒེར་གྱི་དབང་ཐང་དང་ཁེ་ཕན་སོགས་ལ་བརྩོན་ལེན་བྱེད་པའི་མི་གསོན་པོ་ཞིག་དང་། མི་བུ་སྒལ་ཚིགས་ཅན་ཞིག་གི་སྣང་བརྙན་གསར་བཞེངས་བྱ་ཐུབ་མེད། དཔེར་ན་རྩོམ་འདིའི་ནང་དུ། ཨ་མས་བཙན་ཚུགས་ཀྱིས་མོ་སློབ་གྲྭར་འགྲོ་རུ་མ་བཅུག་པར་གནས་ལ་བྱིན་པའི་སྐྱོ་གར་དང། དེ་མིན་གནས་ལ་སོང་རིང་གི་སྐྱོ་གར་གྱི་ངོས་དུ་མ་འགྲེམས་སྟོན་བྱས་ཡོད་པ་ལས། དེ་ལ་རྒོག་འགོལ་བྱས་ནས་རང་ཉིད་ཀྱི་ཕུགས་བསམ་ཆེད་དུབརྩོན་ལེན་བྱས་མེད་པས། སྐྱོ་གར་འབའ་ཞིག་ལས་སྐྱོ་གར་གྱི་སྙིང་སྟོབས་ཅི་ཡང་མེད་སྟབས། རྩོམ་དེར་མཛེས་རྟོག་གི་ཆ་ཆེས་ཆེར་མེད་པའོ། རྩོམ་འདི་བརྗོད་དོན་གྱི་ཆ་ནས། ཁོའི《རྩྭ་ཐང་གི་རྨི་ལམ》དང་ཆ་འདྲ་བར་གཉིས་ཀར་ཕ་མའི་དབང་ཡོད་སྒེར་སྡོམ་ཁོ་ནའི་དབང་གིས་བུ་ཕྲུག་གི་ལས་དབང་ལ་བར་ཆད་དང་ཉམ་ང་བའི་འཚོ་བའི་གཏམ་རྒྱུད་ཅིག་བྲིས་པ་ལྷུར་བླངས་ཡོད་དེ། གཉིས་ཀར་ཕ་མས་བཙན་ཚུགས་ཀྱིས་བུ་ཕྲུག་གི་གཉེན་སྒྲིག་ལ་ཐེ་ཇུས་དང་། གཉིས་ཀར་སྐྱོ་ར་གྱི་གནས་ཚུལ་བྲིས་པ་གང་ཞིག སྐྱོ་གར་གྱི་སྙིང་སྟོབས་མེད་པའང་གཅིག་མཚུངས་ཡིན། འོན་ཀྱང་ཅུང་ཟད་མི་འདྲ་ས་ནི་《རྩྭ་ཐང་གི་རྨི་ལམ》ནང་ཆོས་མཚོས་རང་སྲོག་རང་གིས་བཅད་པའི་སྐྱོ་གར་བྲིས་པ་དང་། དེ་ནི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་མཚོན་ཐབས་ལ་གཞོལ་ཆེ་ཞིང་། 《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》ཞེས་པའི་ནང་མི་སྣའི་སྐྱོ་གདུང་གི་འཚོ་བའི་གཏམ་རྒྱུད་བཀྲམ་སྟོན་གྱི་ཕྱོགས་སུ་འབད་པ་ལྷུར་ལེན་བྱས་པ་མང་བས། དགག་སྒྲུབ་དང་སུན་འབྱིན་གྱི་ཆ་བྲིས་པ་ཅུང་ཟད་ཉུང་བ་རེད། 《ནག་ཞར་སྡེ་བའི་གཏམ་རྒྱུད》ཅེས་པ་ནི་རབ་བྱེད་ཀྱི་ཚུལ་དུ་ནག་ཞར་སྡེ་བའི་གཏམ་རྒྱུད་ཁག་བདུན་བྲིས་ཡོད་ཅིང་། རབ་བྱེད་རེ་རེ་དབྱེ་སྟངས་ལ་ཞིབ་ཏུ་བལྟས་ཚེ་བརྗོད་དོན་ཕྱིར་མཚོན་པར་སོ་སོར་དགེ་མཚན་དང་ཁྱད་ཆོས་རེ་རེ་ཡོད། རབ་བྱེད་ཁག་དང་པོའི་ནང་ཡི་དམ་ནག་འདུས་ཀྱི་གནས་ཚུལ་བཀོད་ཡོད་དེ། ཡི་དམ་གྱི་མཚང་མིང་ལ་ནག་ འདུས་ཟེར་ཞིང་། དེར་ཁོའི་གཏམ་རྒྱུད་མཚར་པོ་ཞིག་སྟེ། གྲལ་རིམ་འཐབ་རྩོད་ཀྱི་སྐབས་སུ་ཁོ་ནི་འབྱོར་མེད་གྲལ་རིམ་རྨ་མེད་པ་ཞིག་ཡིན་པས། མི་ཚང་མས་ཁོ་ལ་བསྟོད་པའི་ཚུལ་གྱིས“ཡི་དམ་རྒྱ་དམར”ཟེར་ཞིང་། ཁོ་ལ་བཀྲ་བྷ་ཟེར་བའི་ཆུང་མ་ཞིག་ཀྱང་ལག་ཏུ་ཐེབས་ཡོད། གྲལ་རིམ་འཐབ་རྩོད་མཇུག་འགྲིལ་རྗེས་ཁོ་ད་གཟོད་ནག་འདུས་ཞིག་ཏུ་གྱུར་བའི་གནས་ཚུལ་བཀོད་དེ། དུས་སྐབས་ལ་འགྱུར་ལྡོག་ཅི་ཙམ་བྱུང་རུང་ཁོས་སྔར་བཞིན་“འབྱོར་མེད”ཀྱི་བརྟུལ་ཞུགས་འཛིན་པས། སྔོན་ཆད་ཁོ་ལ་བསྟོད་སའི་ཡུལ་ད་ཆ་སྨད་སའི་གཞི་རུ་གྱུར་བའི་སྙིང་རྗེའི་རྣམ་པ་ཞིག་བཀོད་ཡོད། རྩོམ་འདིས་འདི་འདྲའི་གཏམ་རྒྱུད་མཚར་པོ་ཞིག་བཀོད་ནས“གྲལ་རིམ་འཐབ་རྩོད”སྔ་གཞུག་གི་ཡི་དམ་ནག་འདུས་ཀྱི་གནས་ཚུལ་དང་། མཁྲེགས་འཛིན་གྱི་བསམ་བློའི་རང་གཤིས་བཀོད་ནས། ང་ཚོར་བསམ་སྦྱོར་གང་ཞིག་ཡིན་རུང་དུས་སྐབས་ཀྱི་རྗེས་བསྙེགས་ཐུབ་པ་དང་། དུས་རབས་ཀྱི་འཕོ་འགྱུར་དང་ཁྱད་ཆོས་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་རྗེས་སུ་འབྲངས་ཐུབ་པ་དགོས་པའི་གོ་བསྐོན་སློབ་གསོ་བཏང་ཞིང་། རྙིང་ཞེན་མཁྲེགས་འཛིན་གྱི་ལྟ་ཚུལ་བཟུང་ན་ནམ་ཡང་དུས་རབས་ཀྱི་རྗེས་བསྙེགས་མི་ནུས་པའི་རྗེས་ལུས་དབྱུག་པ་འཕོག་ཡུལ་དུ་གྱུར་བའི་བསམ་བློ་བསྟན་ཡོད། རབ་བྱེད་གཉིས་པའི་ནང་། “མིང་བོ་བདུན་གྱི་དཀྱིལ་དུ་སྡོད་པའི་ཨ་ཅེ”ཞེས་པ་དེ་བཀོད་ཅིང་། དེའི་ནང་རིག་སྐྱིད་ཟེར་བའི་བུ་མོ་དེ་ཨ་མའི་བཀའ་ལྟར་མི་ལོ་ཉི་ཤུར་ཨ་མའི་ནུ་མོ་ཚང་དུ་གནས་ལ་བསྐྱལ་ཞིང་། གནས་ལ་བུད་ནས་ལོ་བརྒྱད་འགོར་རིང་མོ་ནི་བྱིས་པ་གསུམ་གྱི་ཨ་མར་གྱུར་ལ། ལོ་བརྒྱད་ཀྱི་ནང་དུ་མོས་སྔ་གཞུག་ཏུ་ཐེངས་ལྔ་ལ་གནས་ངན་བྱས་ཏེ་ཡུལ་ལ་ལོག མོའི་ཨ་མའི་སེམས་ལ་བུ་མོ་དཀའ་ཁག་གིས་མནར་བ་རེད་སྙམ་ཡང་དོན་དམ་དུ་མོའི་བྱིས་པ་གསུམ་གྱི་ཨ་ཕ་ནི་ནུ་མོ་ཚང་གི་བུའི་ཤ་ཁྲག་ལས་མཆེད་པ་མ་ཡིན་ཏེ། ནུ་མོ་ཚང་གི་མག་པའི་དབང་པོའི་ནུས་པ་ཤོར་བས་ཕྲུ་གུ་བཙའ་མི་ཐུབ་པའི་གཏམ་རྒྱུད་བཀོད་ཡོད། རྩོམ་འདིས་དེ་ལྟར་མོའི་སྐྱོ་གར་དང་། ཨ་མའི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟ་བུ་ཞིག་མ་བྱུང་བས་མཐའ་དག་སྟོང་བསམ་དུ་གྱུར་བའི་གནས་ཚུལ་བྲིས་ཡོད་ལ། ཞར་བྱུང་ཤ་ཁྲག་གི་འབྲེལ་བ་ཡོད་པའི་ཕོ་མོའི་བར་གཉེན་སྒྲིག་བྱེད་པའི་ནག་ཞར་སྡེ་བའི་གཏམ་རྒྱུད་ཁྱད་མཚར་ཞིག་དང་། ཨ་མས་བཙན་གྱིས་བུ་མོ་གནས་ལ་བསྐྱལ་བའི་སྐྱོ་གར་གྱི་གནས་ཚུལ་བཀོད་ཡོད། རབ་བྱེད་གསུམ་པ“མི་མིན་པའི་མི”ཞེས་པའི་ནང་། རྫོང་གཙོས་རིག་གསར་གྱི་སྐབས་སུ་སྔོན་ཆད་ཇག་པ་ཡིན་ཞིང་བཅིངས་འགྲོལ་དམག་མི་མང་པོ་བསད་མྱོང་བའི་རང་ཉིད་ཀྱི་ཕ་རྒན་ལ་དམའ་འབེབས་སྣ་ཚོགས་བྱས་པས། ལས་བྱེད་ཚན་ཁག་གིས་གོ་རིམ་ལ་སྙན་ཞུ་བྱས་པས་ཁོ་ལས་བྱེད་དཔུང་ཁག་ཏུ་ཡར་འཐེན་བྱས་ཀྱང་། གསར་བརྗེའི་ལང་ཕྱོགས་མི་བརྟན་པའི་མི་མང་པོས་ཁོའི་ལྐོག་ཏུ་འཕྱ་སྨོད་སྣ་ཚོགས་བྱེད་ཅིང་། ཐ་ན་སྡེ་བའི་ནང་དུ་ཁོ་ལ་ཁ་མི་གྲག་པའི་གཉེན་ཉེ་ཡང་མང་པོ་བྱུང་ཡོད་པ་རེད། འོན་ཀྱང་དགོད་བྲོ་བ་ཞིག་ལ། ཁོ་རྫོང་གཙོར་བསྐོས་པ་ནས་བཟུང་གཉེན་ཉེ་ཐམས་ཅད་ཀྱིས་ཁོ་ལ་འཛིན་པའི་རྣམ་འགྱུར་འགྱུར་ཏེ། ཁོ་ཕ་ཡུལ་ལ་སླེབས་ཐེངས་རེར་ཇ་ཆང་འདྲེན་པ་མ་ཟད། ད་དུང་ཁོ་ལ་ངོ་དགའ་གང་མང་བྱེད་ཀྱི་ཡོད་པ་རེད། རིམ་གྱིས་རྫོང་གཙོས་ནག་ཞར་སྡེ་བར་རྔོ་ཆེན་པོ་ཐོགས་པས་ཚང་མས་ཁོ་ནི་ནག་ཞར་སྡེ་བའི“ཉི་མ”རེད་ཅེས་བསྟོད་པ་འཕེན་གྱི་ཡོད། རྩོམ་དེས་དེ་ལྟ་བུའི་ནག་ཞར་སྡེ་བའི་མི་རྣམས་ཀྱིས་རྫོང་གཙོ་ལ་འཛིན་པའི་རྣམ་འགྱུར་ཏེ། སྐབས་རེ་རྫོང་གཙོ་ནི“ཁྱི་རྒན”རེད་ཅེས་དམོད་མོ་འདེབས་ལ། སྐབས་རེ་ནག་ཞར་སྡེ་བའི“ཉི་མ”ཡིན་པར་བཤད་དེ། ནག་ཞར་སྡེ་བའི་མི་རྣམས་ཀྱི་འགྱུར་སླ་བའི་རང་གཤིས་ཏེ། ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་ཚད་གཞིར་བཟུང་ནས་གཞན་ལ་གདེང་འཇོག་བྱེད་པའི་རིན་ཐང་གི་ལྟ་ཚུལ་ཞིག་བརྗོད་ཡོད། རབ་བྱེད་བཞི་པར“ཨ་ཁུ་བསྟན་འཕེལ་གྱི་ཤི་རྐྱེན”བཀོད་ཡོད་དེ། རྩོམ་འདིར་ནག་འབུར་མདོ་རུ་འདྲེ་འདུག་ཟེར་བའི་“གསར་འགྱུར”ཞིག་གམ་སྡེ་མི་ཚོའི་རྨོངས་དད་ཀྱིས་ཕྱུག་པའི་བསམ་བློ་ཞིག་སྟེ། འདྲེ་གཏན་ནས་མེད་ཀྱང་རང་ཉིད་ཀྱི་རྣམ་རྟོག་གིས་རང་ཉིད་བསླུ་བཞིན་ཡོད་པའི་བརྗོད་བྱ་ཞིག་རྩོམ་དུ་བཀོད་ལ། ལྷག་པར་སྡེ་དཔོན་ནས་གཙོས་པའི་ཡུལ་མི་མང་པོས་གནད་དོན་དངོས་ལ་བརྟག་དཔྱད་ཞིབ་འཇུག་མི་བྱེད་པར་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲངས་བཞིན་ཡོད་དེ། ནོར་ལུག་འཚོ་མཁན་གྱིས་སྡེ་དཔོན་གྱི་ལྐོག་ཏུ་བྲག་འོག་ཏུ་ཡིབ་ནས་རྡོ་ལོག་ཅིག་ཁོའི་མདུན་སར་འཕངས་པས། ཁོས་དེ་ན་གདོན་འདྲེ་ཡོད་པར་བཤད་ལ། ཨ་ཁུ་བསྟན་འཕེལ་གློ་བུར་དུ་ནད་ལྕི་མོ་ཞིག་ཕོགས་ཏེ་མལ་སར་ལྷུང་ཡང་སྨན་ཁང་སོགས་ལ་སྨན་བཅོས་བྱས་ཏེ་ནད་སེལ་དུ་མ་སོང་བར་འདྲེས་གནོད་པར་བཤད་དེ་འདང་རྒྱག་གི་ཀློང་དུ་ཚུད་ཅིང་། ཁོ་ལ་དགོན་པའི་བན་དེ་འགའ་དྲངས་ནས་རིམ་གྲོ་མང་དུ་མཛད་ཀྱང་མཐར་མི་ཕན་པར་འཆི་ལམ་དུ་བུད་པ་རེད། དེའང་རེད་དེ། ང་ཚོ་རོང་འབྲོག་ཁུལ་གྱི་བོད་མི་ཕལ་ཆེ་བར་གལ་ཏེ་ལུས་ལ་ན་ཚ་འབྱུང་ཚེ་ཁོ་ཚོ་མང་དག་ཅིག་གིས་སྔོན་ལ་སྨན་ཁང་དུ་མ་བསྐྱོད་པར་དགོན་པ་ལྷ་ཁང་ཁག་ཏུ་ཕྱིན་ནས་ཆོས་སྒྲུབ་རིམ་གྲོ་བྱེད་ཀྱི་ཡོད། མཐའ་མ་རིམ་གྲོ་ཆོས་ཀློག་གིས་མི་ཕན་ན། ད་གཟོད་སྨན་ཁང་དྲན་གྱིན་ཡོད་པས། སྨན་ཁང་དུ་སླེབས་དུས་ནད་པའི་ན་ཚར་དུས་འགྱངས་ཤོར་ནས་ཚེ་སྲོག་ལ་གནོད་པ་ཐེབས་ཀྱི་ཡོད་ལ། འགའ་རེ་ད་དུང་འཆི་བའི་གཡང་གཟར་ལས་ཐར་ཐུབ་ཀྱི་མེད། དེ་ནི་ང་ཚོས་ངེས་པར་དུ་བསམ་གཞིག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། རྩོམ་འདིས་དེ་ལྟ་བུའི་རྨོངས་ཞེན་གྱིས་ཕྱུག་པའི་བསམ་བློའི་འཆིང་ཐག་ལས་གྲོལ་ཐུབ་རྒྱུར་འབོད་སྐུལ་བྱས་ཡོད་ལ། གནད་དོན་གང་ཞིག་ཡིན་རུང་སྔོན་ལ་བརྟག་དཔྱད་གཟབ་ནན་བྱ་དགོས་པའི་སློབ་གསོ་གནང་ཞིང་། འཇིག་རྟེན་འདིའི་གནད་དོན་མང་པོ་ཞིག་རང་ཉིད་ཀྱི་རྣམ་རྟོག་ལ་བརྟེན་ནས་འབྱུང་གིན་ཡོད་པས། རང་ཉིད་ཀྱི་རྣམ་རྟོག་གིས་རང་ཉིད་བསླུ་མི་ཉན་པར་མི་བུ་བདེན་ལུགས་ཁར་འཛིན་མཁན་ཅིག་བྱ་དགོས་པའི་གནས་ལུགས་བསྟན་ཡོད། རབ་བྱེད་ལྔ་པར“རྟ་ནག”ཞེས་པ་དེ་བཀོད་ཡོད་ཅིང་། དེའི་ནང་དོན་གྲུབ་ལ་རྟ་ནག་པོ་ཚང་མས་ཡིད་སྨོན་འཆོར་ཡུལ་ཅིག་ཡོད་པར། སྔ་ཕྱིར་སྡེ་དཔོན་དང་ཧྲུའུ་ཅི། ཡུལ་གཙོ་སོགས་ཀྱིས་ཉོ་འདོད་ཀྱང་མ་བཙོངས་པས། མཐར་རྟ་ནག་དེ་ཨ་ལགས་ཚང་གི་ཐབས་བཀོད་ལ་བརྟེན་ནས་ཨ་ལགས་ཚང་རང་ཉིད་ལ་དབང་བའི་གཏམ་རྒྱུད་བཀོད་ཡོད། རྩོམ་འདིས་ཨ་ལགས་ཚང་ལྟ་བུའི་ཆོས་བྱེད་མི་སྣ་མང་པོས་མང་ཚོགས་ཀྱི་རྒྱུ་ནོར་རང་ཉིད་ཀྱི་ལག་ཏུ་ཐོབ་རྒྱུར་འབད་བཞིན་པའི་བརྣབ་སེམས་དང་། ཐ་ཤལ་བའི་གཤིས་སྤྱོད་ལ་སུན་འབྱིན་བྱས་ཡོད། རབ་བྱེད་དྲུག་པའི་ནང“སློབ་གྲྭ་ཆེན་མོ་བ་གཅིག་པུ་དང་ཁོའི་གཉེན་དོན”གྱི་སྐོར་བྲིས་ཤིང་། དེའི་ནང་རིག་རྒྱམ་ནི་སློབ་གྲྭ་ཆེན་མོ་བ་གཅིག་པུ་དེ་ཡིན་ཡང་། ཁོ་ནི་ཡོད་ཚད་ཕ་མའི་བཀའ་སྒོས་ལྟར་སྒྲུབ་མཁན་ཞིག་དང་། དེ་ལས་དགོད་བྲོ་བ་ཞིག་ནི། ཁོས་རང་ཉིད་ལ་མནའ་མ་བླངས་པའི་གནས་ཚུལ་མ་རྟོགས་གོང་དང་མནའ་མ་མིག་གིས་མ་རིག་གོང་ནས་མནའ་མར་ཕྲུ་གུ་བཙས་ནས་ཁོ་ལ་བསུ་མ་བྱེད་བཞིན་ཡོད་པ་དེ་རེད། རྩོམ་དེས་ཕ་མས་བུ་ཕྲུག་གི་གཉེན་སྒྲིག་རང་དབང་ལ་མ་བལྟོས་པར་བུ་ལ་གཉེན་བཙན་སྒྲིག་བྱེད་དུ་བཅུག་པའི་སྲོལ་རྒྱུན་གྱི་སྐྱོ་གར་དེ་བརྗོད་བྱར་བཀོད་ཡོད་ལ། ཞར་བྱུང་རིག་རྒྱམ་ནི་སློབ་གྲྭ་ཆེན་མོ་བ་ཞིག་དང་ཤེས་ཡོན་ཅན་ཞིག་ཡིན་པའི་ངོས་ནས། ཁོས་སྲོལ་རྒྱུན་གྱི་ལམ་སྲོལ་ངན་པའི་སྐྱོ་གར་གྱི་འོག་ཏུ་ཁ་གྲག་རྒྱུ་མེད་པར་ཁུ་སིམ་མེར་གཉའ་འཁུམས་ནས་འདུག་པ་ལས། ཡོན་ཏན་པ་ཞིག་གི་མིག་དབང་གསར་བ་དང་ལང་ཕྱོགས་ཀྱི་ཐོག་ནས་དེར་རྒོལ་ལན་སྤྲད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་ཐུབ་མེད་ལ། རང་ཚུགས་ཐུབ་པའི་མི་ཞིག་བྱ་ཐུབ་མེད་པས། སྐྱོ་གར་གྱི་ཁོར་ཡུག་ཁྲོད་དུ་སྐྱོ་གར་འཁྲབ་མཁན་འབའ་ཞིག་ཏུ་གྱུར་ཡོད་པའོ།། རབ་བྱེད་ཚན་པ་བདུན་པ་ནི། “གྲོང་ཁྱེར་དུ་ཚོགས་འདུར་ཕྱིན་པའི་སྡེ་བའི་འཐུས་མི་དག”ཅེས་པ་དེ་ཡིན་ཞིང་། དེའི་ནང་ནག་ཞར་སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན། རྩིས་གཉེར་པ་ཚོ་སྡེ་བའི་འཐུས་མི་བྱས་ཏེ་གྲོང་ཁྱེར་དུ་ཚོགས་འདུར་ཕྱིན་པའི་གནས་ཚུལ་དགོད་བྲོ་བ་འགའ་བཀོད་དེ། མཐོང་རྒྱ་ཐོས་རྒྱ་ཆུང་ལ་བྱ་དངོས་གསར་བ་དང་དུ་ལེན་དཀའ་བའི་ཁོ་ཚོའི་བླུན་པོའི་གཤིས་ལུགས་དེ་གསལ་བརྗེན་དུ་བཏོན་ཡོད་པའོ།། དེ་ལྟ་བུའི་རབ་བྱེད་ཀྱི་རྣམ་པའི་འབྲི་ཚུལ་དེར་བསྟན་དོན་ཆིག་རྐྱང་བ་ཅན་དུ་མ་གྱུར་བར་ཕན་པ་ཡོད་ཀྱང་བསྟན་དོན་མཐའ་དག་གཅིག་སྡུད་ཡོང་རྒྱུར་འགོག་རྐྱེན་བཟོ་ལ། བྱུང་རིམ་དག་མཐར་ཆགས་སུ་བཀྲམ་མི་ཐུབ་པར་ཆིག་རྐྱང་བའི་རྣམ་པ་ཞིག་ཆགས་སྲིད། ཁོའི《མི་རབས་གསུམ་གྱི་རྨི་ལམ》ནང་མི་རབས་གསུམ་སྟེ། མི་རབས་དང་པོ་གུར་མགོན་ལྷ་གཡག་དང་། མི་རབས་གཉིས་པ་ལྷ་སྐྱབས། མི་རབས་གསུམ་པ་ལྷ་སྐྱབས་ཀྱི་བུ་མོ་དཔལ་མཚོ་བཅས་ཀྱི་གཏམ་རྒྱུད་བཀོད་དེ་ཕ་རྒོད་པོ་ཤ་གཟན་ལ་བུ་ཁ་ཏ་སྐྱག་གཟན་སྐྱེ་བའི་མི་རབས་འདིའི་འགྱུར་བག་དང་ཉམས་རྒུད་བྲིས་ཡོད་པ་སྟེ། མི་རབས་དང་པོ་གུར་མགོན་ལྷ་གཡག་ནི་མགོན་པོ་ལྷ་གུར་གྱི་འཕྲུལ་སྲས་ཡིན་ཞིང་ཁོ་ནི་མདོ་ཁམས་སྟོད་སྨད་ཀུན་ལ་སྙན་གྲགས་ཆེ་བའི་མི་སྣ་ཞིག་སྟེ། ཁོས་ལོ་དྲུག་ལ་སྐོར་སྐྱོད་ཀྱིས་དགྲ་ངན་ཇག་པ་དང་འཐབ་ཏེ་སྟོད་ཨ་ཆེན་གངས་འདབས་ནས་སྨད་ལྷ་རི་རྫོང་དཀར་བར་དུ་ཇག་དམག་བསད་པའི་ཁྲག་ལམ་བཏོད་ཅིང་། དགྲ་ངན་ལ་མགོ་མི་སྒུར་བའི་དཔའ་བོའི་མཚན་སྙན་མངའ་བ་ཞིག་དང་། མི་རབས་གཉིས་པ་ལྷ་སྐྱབས་ནི་གུར་མགོན་ལྷ་གཡག་གི་བུ་ཡིན་ཞིང་། ཁོས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཕ་ཡི་རྗེས་སུ་མ་འབྲངས་པར་ལྷ་འདྲེ་གདོན་བགེགས་ལ་དགག་པ་བརྒྱབ་ནས་ཕ་ལྷ་ཡི་འཕྲུལ་སྲས་ལ་བུ་ལྷ་ལ་དགག་པ་རྒྱག་མཁན་ཞིག་ཏུ་གྱུར་བའི་ལོ་རྒྱུས་འཁོད་ཡོད། མི་རབས་གསུམ་པ་ལྷ་སྐྱབས་ཀྱི་བུ་མོ་དཔལ་མཚོ་ནི་བརྩེ་དུང་ལ་བློ་རྩ་མི་བརྟན་མཁན་ཞིག་སྟེ། ཐོག་མར་ལྷ་བྱམས་དང་གཉེན་འཐོར་བྱས་ནས་ཨ་ལགས་དང་གཉེན་སྒྲིག་བྱས་པ་དང་། འཛུམ་བག་གི་ཁྲོད་དུ་འཚོ་བའི་མདོ་མེད་འཕྱོར་མོ་ཞིག་གི་གཏམ་རྒྱུད་བརྒྱུད་ནས། མི་རབས་ཤིག་ཉམས་རྒུད་དུ་འགྲོ་བའི་བརྒྱུད་རིམ་དང་། རྩོམ་པ་པོའི་ཡིད་ཀྱི་ཕངས་སེམས་དང་ན་ཟུག་མཚོན་པར་བྱས་ཡོད་ལ། དཀར་ནག་ཕྱིན་ཅི་ལོག་པའི་རིག་གསར་གྱི་ནག་ཉེས་དང་། དེང་དུས་སྤྱི་ཚོགས་ཁྲོད་ཀྱི་མི་རྣམས་ཀྱི་ཀུན་སྤྱོད་མར་ངོའི་ཟླ་བཞིན་ཉམས་དམས་སུ་འགྲོ་བའི་རྣམ་པའང་ཚུར་སྣང་བྱས་ཡོད། རྩོམ་དེ“ང”དང་ཚེ་ཕྱུག་བར་གྱི་གཏམ་གླེང་ཁྲོད་བྲིས་པ་ཞིག་ཡིན་ཞིང་། དེར་གུར་མགོན་ལྷ་གཡག་ལྟ་བུའི་དགྲ་ལ་སྡང་ཞིང་མིང་གྲགས་ཁེ་དབང་གི་སླད་དུ་དཔའ་མི་ཞུམ་པའི་རང་ཚུགས་ཅན་གྱི་དྲང་ཕྱོགས་མི་སྣ་བཀོད་ཡོད་ལ། ཕ་ལ་རྒྱབ་གཏོད་ཅིང་མིང་གྲགས་དང་ཁེ་དབང་། དེ་བཞིན་ཡུལ་དུས་ངན་པའི་ཡོ་ལང་ཁྲོད་རང་ཚུགས་ཤོར་བའི་ལྡོག་ཕྱོགས་མི་སྣའང་ཡོད། དེ་མིན་བརྩེ་དུང་ལ་བློ་ཁ་མི་བརྟན་པའི་བུ་མོ་དཔལ་མཚོ་ལྟ་བུའི་མདོ་མེད་འཕྱོར་མོའི་རང་གཤིས་མངའ་བའི་མི་སྣའང་ཡོད་པས། དེས་ཀློག་མཁན་ལ་ཡིད་སྨོན་འཆོར་སར་འཆོར་བ་དང་། མཆིལ་ཞགས་འཕེན་སར་མཆིལ་ཞགས་འཕེན་འོས་པའི་གནས་མང་དག་ཅིག་བཀྲམས་ཡོད། དེ་མིན་རྩོམ་འདི་སྤྱིར་དུམ་བུ་བཅུ་ལ་བགོས་ནས་ཡོད་ལ། འདིའི་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་ཞིག་མིན་པར་བར་བཅུག་སོགས་ཀྱི་འབྲི་ཚུལ་སྤྱད་ཡོད་དེ། དཔེར་ན་སྐབས་རེ་དཔལ་མཚོའི་གཏམ་རྒྱུད་བྲིས་ཡོད་ལ། ཡང་བར་མཚམས་འགའ་རེར་གུར་མགོན་ལྷ་གཡག་དང་ལྷ་སྐྱབས་ཀྱི་གནས་ཚུལ་ཡང་བྲིས་ཡོད་པས་བྱུང་རིམ་དག་དྲ་བ་སྦྲེལ་བ་ཇི་བཞིན་བསྣོལ་མར་གནས་ཡོད་ཀྱང་བསྟན་དོན་ལ་གཅིག་སྡུད་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད་པས་ལེགས་པར་མཐོང་། ཡང་ཕྱོགས་གཅིག་ནས་ང་ཚོས་འདི་ལྟར་བཤད་ཆོག་སྟེ། མི་རབས་དང་པོ་གུར་མགོན་ལྷ་གཡག་ནི་རང་བྱུང་གི་མི་སྣ་ཡིན་ཏེ། དེ་ནི་བོད་ཀྱི་རིག་གནས་ཀྱི་མཁའ་དབུགས་ཁྲོད་འཚོ་ཞིང་། ཁོས་ཕ་མེས་ཀྱི་ལུགས་སྲོལ་རྒྱུན་བསྐྱངས་ཤིང་། མེས་པོའི་གོམས་སྲོལ་མཐའ་དག་ལས་བརྒལ་མེད་ལ། མི་རབས་གཉིས་པ་ལྷ་སྐྱབས་ནི་དུས་འགྱུར་གྱི་མི་སྣ་ཡིན་ཏེ། ཁོ་ལྷ་འདྲེ་གདོན་བགེགས་བྱེད་མཁན་དུ་གྱུར་དོན་ཡང་སྐབས་དེའི་ཡུལ་དུས་ཀྱི་འཕེལ་ཕྱོགས་ཏེ་རིག་གསར་གྱིས་ཤན་ཤུགས་ཐེབས་ཤིང་། རིག་གསར་གྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བས་ཡིན། མི་རབས་གསུམ་པ་དཔལ་མཚོ་ནི་དེང་རབས་ཀྱི་མི་ཡིན་ཏེ། སྤྱི་ཚོགས་དཔལ་འབྱོར་ལ་གནམ་ས་བླ་འོག་གི་འཕོ་འགྱུར་འབྱུང་ཞིང་། དཔལ་འབྱོར་ལྟེ་བར་འཛིན་པའི་དེང་དུས་ཀྱི་ཁོར་ཡུག་ཁྲོད་དུ་མི་དང་མིའི་བར་གྱི་འབྲེལ་བ་དང་། མིའི་རིན་ཐང་ལྟ་ཚུལ་དང་གོང་ཐང་འཁྱེར་ཕྱོགས་ལའང་འཕོ་འགྱུར་འགྲོ་བཞིན་ཡོད་པས། དཔལ་མཚོ་ཡང་བརྩེ་དུང་ལ་བློ་ཁ་མི་བརྟན་མཁན་ཞིག་ཏུ་གྱུར་དོན་ཡང་མོ་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་དང་འབྲེལ་བ་ཡོད་པར་སེམས། དེས་ན། ང་ཚོས་ལྷ་སྐྱབས་དང་དཔལ་མཚོ་གཉིས་ལའང་མིག་དབང་གཞན་ཞིག་གི་ངོས་ནས་བལྟས་ན་ཆོག་སྟེ། མི་བུ་སོ་སོར་རང་རང་གི་ལས་དབང་དང་ཕུགས་བསམ། མི་ཚེའི་བགྲོད་ལམ་སོགས་ལ་ཁ་ལོ་བསྒྱུར་བའི་དབང་ཆ་དང་ཐོབ་ཐང་ཡོད་པས། ཐམས་ཅད་ཕའི་རྗེས་སུ་འབྲངས་ནས་ཕའི་རིག་གནས་ཤུལ་བཞག་དང་མི་ཆོས་གོམས་སྲོལ་སོགས་ཀྱི་རྗེས་སུ་འབྲངས་དགོས་པའི་ངེས་པ་མེད་པའི་ཕྱིར། ལྷག་པར་དུ། མི་རབས་གསུམ་པོའི་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་མི་གཅིག་པས། ཡུལ་དུས་མི་འདྲ་བའི་སྤྱི་ཚོགས་ཁྲོད་ཀྱི་མིའི་སྤུས་ཚད་ཀྱི་ཚད་གཞི་དང་ཀུན་སྤྱོད་ཀྱི་ལྟ་བ། རིན་ཐང་ལྟ་ཚུལ་སོགས་ལ་འགྱུར་བའི་རང་བཞིན་མངའ་བས། སྤྱི་ཚོགས་ཁོར་ཡུག་མི་འདྲ་བའི་ཁྲོད་དུ་མི་སྣ་སོ་སོའི་རང་གཤིས་དང་། བརྩིས་མཐོང་། གནས་བབ་སོགས་མི་འདྲ་བ་འབྱུང་སྲིད་པ་ཡིན་ཏེ། མི་ནི་ཡུལ་དུས་ངེས་ཅན་ཞིག་གི་སྤྱི་ཚོགས་ཐོན་འབྲས་ཡིན་པའི་ཕྱིར། དེའི་དབང་གིས་མི་རབས་གསུམ་པོའི་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བའི་དབང་གིས་མི་རབས་གསུམ་པོའི་རྨི་ལམ་ལའང་ཐ་དད་བྱུང་བ་དེ་སྤྱིར་རྒྱུན་གཏན་ཞིག་དང་གནས་ལུགས་དང་མཐུན་པ་ཞིག་ཡིན་པས། ང་ཚོས་ཁོ་ཚོའི་འཚོ་གནས་བྱ་ཡུལ་གྱི་སྤྱི་ཚོགས་ཁོར་ཡུག་གི་ཁྱད་ཆོས་དང་བསྟུན་ནས་ཁོ་ཚོའི་བྱ་སྤྱོད་ལ་བལྟ་ཐུབ་པ་དགོས་པ་ཡིན། ཁོའི《མི་ཚེའི་གླུ་དབྱངས》ནི་ཅུང་ཟད་ཁྱད་པར་བ་ཞིག་ཞིང་། རྩོམ་འདིར《མི་རིགས་རྩོམ་རིག》གི་བྱ་དགའ་ཡང་ཐོབ་མྱོང་བ་རེད། རྩོམ་འདིའི་ནང་ཨ་ཁུ་ཉི་མའི་མི་ཚེའི་བརྒྱུད་རིམ་དེ་བྱིས་པ་ལོ་ལོན་ཞིག་ནས་རྒན་པོ་ཞིག་ཏུ་གྱུར་བའི་མི་ཚེའི་གནས་ཚུལ་དང་། ཉིན་ལྟར་འདང་རྒྱག་གི་ཀློང་དུ་ཚུད་པའི་རྒན་པོའི་ཁྱད་ཆོས་ལེགས་པར་བྲིས་ཡོད། དེ་མིན་རྩོམ་འདིའི་ནང་གླུ་ཚིག་མང་དག་བཀོད་ཅིང་། དེ་དག་ཀྱང་རྩོམ་གྱི་བརྗོད་དོན་དང་ཤིན་ཏུ་ནས་འཚམས་ལ། དེས་རྩོམ་ནང་མེད་ན་མི་ཆོག་པ་ལྟ་བུའི་གལ་ཆེའི་གནས་བབ་ཟིན་ཡོད། དེ་ཡང་ཡིན་ཏེ། བོད་ཀྱི་རིག་གནས་ཁོར་ཡུག་ཁྲོད་དུ་འཚར་ལོངས་བྱུང་བའི་རྩོམ་པ་པོ་ཁོང་ལ་ཆ་མཚོན་ནས་བཤད་ན། ཁོའི་བརྩམས་སྒྲུང་མི་ཉུང་བ་ཞིག་ཏུ་གླུ་ཚིག་ཞིབ་འབྲི་བྱས་ཡོད་ཅིང་། གླུ་ཚིག་དང་གཏམ་རྒྱུད་གཉིས་གནད་དུ་འཁེལ་བའི་ངང་གཞི་གཅིག་ཏུ་འདྲེས་ཏེ་གླུ་ཚིག་དེས་གཏམ་རྒྱུད་ལྷུག་བརྗོད་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་བླ་ལྷག་ཏུ་ཐོན་པར་བྱེད་ཀྱི་ཡོད། དེ་ནི་བོད་ཀྱི་འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བ་ཡོད་དེ། བོད་མི་རིགས་ནི་གླུ་ལ་བརྟེན་ནས་རང་ཉིད་ཀྱི་བརྩེ་དུང་དང་ཚོར་བ་བརྒྱུད་སྒྲོག་བྱེད་པར་ཞེན་ཅིང་། དེ་འདྲའི་ཁོར་ཡུག་ཁྲོད་འཚོ་གནས་ལ་རོལ་བའི་རྩོམ་པ་པོ་ཞིག་ལ་མཚོན་ན་ཁོའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་ཁྲོད་དུ་གླུ་ཚིག་ནི་མི་སྣའི་ཡིད་ཀྱི་འགྱུར་བ་དང་མི་སྣའི་ཁྱད་ཆོས་འབྲི་བཞེངས་བྱེད་སྐབས་ཀྱི་ཐབས་ལམ་ཅིག་ཏུ་གྱུར་ཡོད་ལ། ཁོ་ཚོས་གླུ་ཚིག་ཅེས་པའི་དམིགས་བསལ་གྱི་མི་སྣའི་སྐད་ཆར་བརྟེན་ནས་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་དེའང་རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ཐབས་ལམ་ཁྱད་པར་བ་ཞིག་ཏུ་གྱུར་ཡོད། རྩོམ་འདིར་སྤྱིར་མཚར་སྣང་ལྡན་པའི་གཏམ་རྒྱུད་ལྷུག་བརྗོད་བྱས་མེད་ལ། དགག་རྒྱག་སུན་འབྱིན་ལྷུར་དུ་བླངས་པ་ཞིག་ཀྱང་མ་ཡིན། རྩོམ་འདིར་གཙོ་བོ་རྒད་པོ་ཞིག་གི་མི་ཚེའི་བཤུལ་ལམ་ཁྲོད་ཀྱི་བབ་ཆགས་རང་བཞིན་ལྡན་པའི་འཚོ་བའི་སྣང་བརྙན་ཞིག་དང་། སྲོལ་རྒྱུན་གྱི་འཚོ་བའི་སྤྱི་འགྲོས་ཤིག་འབྲི་བཞེངས་བྱས་ཡོད་ལ། དྲན་ཤེས་མི་བརྟན་ལ་འདང་རྒྱག་གི་ཀློང་དུ་ཚུད་པའི་རྒད་པོ་ཞིག་གི་ཁྱད་ཆོས་རྣལ་མ་ཞིག་གསོན་ཉམས་བདེན་གྲུབ་ངང་གསར་བཞེངས་བྱས་ཡོད་པས། མཛེས་རྟོག་གི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་ཡིན། དེ་མིན《མི་ཚེའི་གླུ་དབྱངས》ཞེས་པས“བོད་མི་རིགས་ཀྱི་དུས་རྒྱུན་གྱི་འཚོ་བ་དངོས་དེ་སྙན་ངག་གི་བྲོ་བས་ཕྱུག་པའི་སྤྲོས་བརྗོད་བྱས་པ་བརྒྱུད་ནས་ཟད་མཐའ་བྲལ་བའི་མི་ཚེའི་ཚོར་འདུ་གང་ཡང་ཞིག་སྒྲུང་རྩོམ་དུ་དྲངས་ཤིང་ཀློག་པ་པོ་རྣམས་ལ་ཐུན་མོང་མ་ཡིན་པའི་བསམ་གཞིག་དང་རོལ་མྱོང་གི་འཇུག་སྒོ་ཡངས་པོ་ཞིག་ཕྱེ་འདུག”【31】ཅེས་རང་མི་རིགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་དུ་འཚོ་གནས་ལ་རོལ་བཞིན་པའི་རྒད་པོ་ཞིག་གིས་མི་ཚེ་ལ་འཛིན་པའི་ཚོར་འདུ་རྣལ་མ་ཞིག་རྩོམ་དུ་བཀོད་ཡོད་པའོ། དེ་མིན་རྩོམ་དེར་རང་མི་རིགས་ཀྱི་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་ཞིག་གི་རྒྱན་གྱིས་བརྒྱན་ཡོད་པས། ཀློག་མཁན་ལ་རོལ་མྱོང་བྱེད་པའི་གནས་གསར་བ་ཞིག་བཞེངས་སྐྲུན་བྱས་ཡོད་པའོ།། ཚང་མས་མཁྱེན་གསལ་ལྟར། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་དུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས(魔幻现实主义)ཀྱི་ཐབས་ལམ་ནས་བརྩམས་པའི་བརྩམས་ཆོས་ཅུང་ཟད་མང་བ་ཡིན་ཏེ། དཔེར་ན་གོང་དུ་བརྗོད་པའི《ཉིན་གཅིག་གི་ཆོ་འཕྲུལ》དང《མི་རབས་གསུམ་གྱི་རྨི་ལམ》ལྟ་བུ་རེད། དགེ་རྒན་བདུད་ལྷ་རྒྱལ་གྱིས“གསང་བ་བློ་འདས་ཀྱི་འཚོ་བའི་སྣང་ཚུལ་མཚོན་བྱེད་དུ་བྱས་ནས་ནང་ཁོང་གི་ཆ་ལ་དང་དོད་ཆེན་པོ་བྱེད་མཁན་སྟག་འབུམ་རྒྱལ་གྱི་གསང་བའི་རིང་ལུགས་ཀྱི་བརྩམས་སྒྲུང་རེད”【32】ཅེས་པའི་གཏམ་ལས་ཀྱང་ཤེས་ནུས་སོ། 《ཉིན་གཅིག་གི་ཆོ་འཕྲུལ》ནང་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་ཀྱི་འཕེལ་རྒྱས་མེད་པའི་ཐེར་ཟུག་བསྐྱར་ཟློས་ཀྱི་འཚོ་བའི་རྣམ་པ་དེ་གཡང་འབུམ་གྱི་ཉིན་གཅིག་གི་འཚོ་བའི་གོ་རིམ་ནང་བྱུང་བ་ལྟར་སྒྱུ་འཕྲུལ་གྱི་ཚུལ་དུ་བྲིས་ཡོད་པ་དང་། 《མི་རབས་གསུམ་གྱི་རྨི་ལམ》ནང་མི་རབས་དང་པོ་གུར་མགོན་ལྷ་གཡག་ནི་གཞི་བདག་མགོན་པོ་ལྷ་གུར་གྱི་སྲས་སུ་འཁྲུངས་པའི་གནས་ཚུལ་དེ་ཆེས་གསང་བ་ལྐོག་གྱུར་ཅན་ཞིག་གི་ལམ་ནས་བྲིས་ཡོད་པ་རེད། རྩོམ་དེ་དག་གིས་དངོས་ཟོལ་ཟུང་དུ་འབྲེལ་བའི་སྒོ་ནས་བརྗོད་དོན་ལྷུག་བརྗོད་བྱས་པ་འདྲ་བ་ཡིན། དེ་མིན《ང་རང་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་འགྲོ་བ་ཡིན》ཅེས་པ་དེའང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཐབས་ལམ་ནས་བྲིས་པ་ཞིག་སྟེ། དངོས་ཟོལ་ཟུང་འབྲེལ་གྱི་ལམ་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣ་དོན་གྲུབ་རང་གི་མ་རྒན་དང་ཞལ་གྱེས་ཞུས་ནས་སྡེ་བའི་རྩྭ་ས་མེད་པར་བཟོ་མཁན་གྱི་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་འགྲོ་བའི་ལམ་བར་གྱི་གནས་ཚུལ་བཀོད་ཡོད་དེ། ཁོ་ཨ་བྲ་གསོད་པའི་རྫས་འཚོལ་བར་འགྲོ་བའི་ལམ་བུ་ནི་ཤིན་ཏུ་ནས་ཀྱག་ཀྱོག་ཆེ་ཞིང་འཇིགས་སུ་རུང་བའི་བར་དོའམ་དམྱལ་ཁམས་ལྟ་བུའི་ལམ་ཞིག་ཡིན་ཞིང་། ལམ་བར་ནས་དུས་རབས་གཅིག་གི་ནང་བྱུང་བའི་དོན་ཆེན་བཀོད་ཡོད་དེ། “ཟི་ལིང་མཱ་ཀྲུའུ་ཞིའི་དུས་སྐབས་དང་། ང་བརྒྱད་ལོའི་དོན་རྐྱེན་དང་། ལྟོགས་གྲིར་ཤི་བའི་དོན་རྐྱེན་དང་། ཆོས་ལུགས་ཀྱི་མཆོད་གཞིས་རྩོད་པའི་དོན་དག ཕ་སྤུན་ནང་འཁྲུག་གི་དོན་དག་དང་འབྲེལ་བའི་མི་སྣར་འཕྲད་ནས་དུས་རབས་ཤིག་གི་ལོ་རྒྱུས་རྩོམ་ནང་གླེང་ཡོད”【33】ཅེས་པ་ལྟར་རོ།། རྩོམ་འདིས་དུས་ཚོད་ལ་གསལ་སྒྲིབ་བྱས་ཏེ་གསང་བ་བློ་འདས་ཀྱིས་འཚོ་བའི་བརྙན་རིས་གསལ་བོར་མི་སྣང་བར་མག་མོག་ཅན་དུ་ཞིབ་འབྲི་བྱས་ཡོད་པས། གསང་བ་ལྐོག་གྱུར་གྱི་ཆ་དང་རྟོག་མེད་ཀྱི་རང་བཞིན་ཆེས་ཆེར་ལྡན་ཡོད་པས། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་དུ་མཚོན་ཡོད། རྩོམ་འདིའི་མཇུག་འབྲས་ནི་ཁོའི་རྩོམ་ཕལ་ཆེ་བ་དང་ཆ་འདྲ་བར་སྐྱོ་གར་གྱི་སྒོ་ནས་མཇུག་བསྡུས་ཡོད་དེ། ཁོས་ཨ་བྲ་དག་རྨེག་མེད་དུ་གཞོམ་ཐུབ་མེད་ལ། སྟག་ལུང་སྡེ་བ་དང་རང་ཉིད་ཀྱི་ལོ་ན་བགྲེས་པའི་ཨ་མ་སོགས་ཨ་བྲས་བཟས་ནས་མེད་པར་བཏང་ཡོད་པ་རེད། ཁོའི་བརྩམས་སྒྲུང《རྒྱང་དུ་གྱེས་པ》ནི་ང་རང་གི་ངོས་ནས་བཤད་ན་ཅུང་ཟད་ཀློག་སྤྲོ་བའི་བརྩམས་སྒྲུང་ཞིག་སྟེ། དེ་ནི་རང་སྒྲའི་བརྩམས་སྒྲུང《ཚེ་ཐར་གྱི་རང་གཏམ》ཞེས་པའི་རྩོམ་ནང་འཁོད་པའི་ལུག་ཚེ་ཐར་གཏོང་ཚུལ་དང་མི་འདྲ་སྟེ། 《རྒྱང་དུ་གྱེས་པ》ཞེས་པའི་ནང་ལུག་རྫི་གཞོན་ནུས་ལུག་ཚེ་ཐར་དུ་གཏོང་འདོད་ཀྱི་བསམ་བློ་འཁོར་དོན་ནི་ཁོ་རང་ལུག་རྫི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ལུག་དང་ཁོའི་བར་བརྩེ་དུང་ཞིག་ཆགས་ཡོད་པ་དང་། བྱམས་དང་སྙིང་རྗེའི་བསམ་པ་ཞིག་གིས་བསྐུལ་བས་ཡིན་ཞིང་། དེ་ལས་རང་མི་རིགས་ཀྱི་མི་ཆོས་ཀྱི་བསམ་བློ་ཤུགས་སུ་མཚོན་ཡོད་དེ། བྱམས་དང་སྙིང་རྗེ་ནི་ང་ཚོ་གངས་རིའི་འདབས་སུ་འཚོ་བའི་གདོང་དམར་བོད་པའི་མི་ཆོས་ཀུན་སྤྱོད་ཀྱི་སྲོག་ཤིང་དུ་ ངེས་ཤིང་། དེ་ལས་མི་གཤིས་ཀྱི་དགེ་བའི་ཆ་དེ་ཤུགས་ཆེར་མངོན་ཡོད། དགེ་བ་ཞེས་པ་ནི་སྤྱིར་མི་ཆོས་རིག་པའི་ཐོག་ནས་འགྲེལ་བཤད་བྱ་དགོས་པའི་གནད་དོན་ཅིག་ཡིན་ཞིང་། དེ་ནི་མི་རྣམས་ཀྱི་བསམ་སྦྱོར་གང་ཡང་རུང་བ་ཞིག་ཡུལ་དུས་ངེས་ཅན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་དང་མཐུན་པ་གང་ཞིག རང་ཅག་བོད་མི་རིགས་ལ་མཚོན་ན། དེ་ནི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་ན་ཅི་མ་རུང་ཨང་སྙམ་པའི་བྱམས་པ་དང་། སེམས་ཅན་ཡོད་དོ་ཆོག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ཐུབ་ན་ཅི་མ་རུང་ཨང་སྙམ་པའི་སྙིང་རྗེ་ཡོད་པ་དེ་ཡིན། 《རྒྱང་དུ་གྱེས་པ》ཞེས་པའི་ནང་དུ། ཨ་ཕས་ཁོ་གྲོང་ཁྱེར་དུ་མངགས་ནས་ལུག་གཉིས་པོ་བཙོངས་ཏེ་གྲོ་ཞིབ་དང་བརྗེ་དགོས་པའི་བཀའ་མངགས་མཛད་ཀྱང་། ཁོས་ཐེངས་དང་པོར་ལུག་གཉིས་པོའི་འཇིགས་སྣང་གི་སེམས་པ་དེ་མཐོང་འཕྲལ་བྱམས་དང་སྙིང་རྗེའི་བསམ་པ་ཞིག་གི་བསྐུལ་ནས་ལུག་གཉིས་པོ་འཚོང་མ་འདོད་པར། རང་ཉིད་ཀྱི་སློབ་གྲོགས་སམ་བརྩེ་གྲོགས་ཤིག་གི་གམ་ནས་དངུལ་སྒོར་བསྐྱིས་ཏེ་གྲོ་ཞིབ་ཉོས་པ་རེད། འོན་ཀྱང་། རང་སྒྲའི《ཚེ་ཐར་གྱི་རང་གཏམ》ཞེས་པའི་ནང་ཁོས་ལུག་ཚེ་ཐར་དུ་གཏོང་དོན་ནི་བྱམས་དང་སྙིང་རྗེ་ཞིག་གིས་བསྐུལ་བས་མ་ཡིན་ཏེ། རྫི་བོས་ལུག་གི་ཆེད་དུ་ལུག་ཚེ་ཐར་དུ་བཏང་བ་མ་ཡིན་ལ། རྫི་བོ་རང་གི་ཆེད་དུ་ལུག་ཚེ་ཐར་དུ་བཏང་བའང་མ་ཡིན་པར། ཡིན་རྒྱུ་ནི་ཨ་མྱེས་གཞི་བདག་གི་ཆེད་དུ་ལུག་ཚེ་ཐར་དུ་བཏང་བ་ཞིག་ཡིན་པ་རེད། དེ་མིན《རྒྱང་དུ་གྱེས་པ》ཞེས་པའི་རྩོམ་དེ་རྩོམ་པ་པོ་ཚེ་རིང་ནོར་བུས་བརྩམས་པའི《ལུག་ཚེ་ཐར》ཞེས་པའི་ནང་བཀོད་པའི་ལུག་ཚེ་ཐར་གཏོང་བའི་དམིགས་ཡུལ་དང་ཡང་ཅུང་ཟད་མི་འདྲ་བ་ཡིན། 《ལུག་ཚེ་ཐར》ཞེས་པའི་ནང་ཚེ་རིང་ནོར་བུས་ལྷ་ས་ཁུལ་གྱི་མང་ཚོགས་དཀྱུས་མའི་རིག་གནས་ཀྱི་སྣང་ཚུལ་ཤིག་རྨང་གཞིར་བཟུང་ནས་བོད་མིའི་གོམས་སྲོལ་ཞིག་དང་། སེམས་ཁམས་ཀྱི་འཁྱེར་སོ། ཆོས་ལུགས་ཀྱི་རིག་གནས་ཤིག་ཀྱང་ཚུར་སྣང་བྱས་ཡོད་ལ། ཁོ་ཚོའི་ཕྱི་ཚུལ་ལས་འདའ་འགོངས་མཛད་དེ་ནང་སེམས་ཀྱི་གཏིང་ཟབ་ས་ཞིག་ཏུ་འཛུལ་ནས་ཁོ་ཚོའི་ནང་སེམས་ཀྱི་འཇིག་རྟེན་ཚད་མཐོན་པོ་ཞིག་གི་ཐོག་ནས་ཞིབ་འབྲི་བྱས་ཡོད། འོན་ཀྱང《ལུག་ཚེ་ཐར》ཡིན་ནའང་འདྲ། 《རྒྱང་དུ་གྱེས་པ》ཡིན་ནའང་འདྲ། དེ་གཉིས་ཀར་རང་མི་རིགས་ཀྱི་མི་ཆོས་རིག་གནས་དུ་མ་འབྲི་བཞེངས་བྱས་ཡོད། སྟག་འབུམ་རྒྱལ་གྱི《རྒྱང་དུ་གྱེས་པ》ཞེས་པའི་ནང་ད་དུང་ལུག་རྫི་གཞོན་ནུ་དང་ཚེ་རིང་སྒྲོལ་མ་ཟེར་བའི་བུ་མོ་དེའི་བར་གྱི་མཇུག་འབྲས་མེད་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཀྱང་བཀོད་དེ། ཁོ་དང་ཚེ་རིང་སྒྲོལ་མའི་སྔར་སོང་གི་ལོ་རྒྱུས་དང་། ཉིན་དེ་དག་རིང་གི་གནས་ཚུལ་སོགས་ཞིབ་འབྲི་བྱས་ཡོད། མཇུག་མཐར་མོ་ནི་བོད་ཀྱི་གསར་བྱུང་གླུ་མ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཞིག་ཁོས་མདུན་རོལ་གྱི་ཚགས་པར་རལ་བོ་ཞིག་གི་ཐོག་ནས་མཐོང་ཞིང་། ཚེ་རིང་སྒྲོལ་མ་དེ་ལྟར་རླུང་གིས་འཁུར་བའི་ཚགས་པར་རལ་བ་དེ་དང་འདྲ་བར་གྲོང་ཁྱེར་དེ་ནས་བུད་དེ་ཁོ་དང་རྒྱང་དུ་གྱེས་པའི་གནས་ཚུལ་བཀོད་ཡོད། གཤམ་དུ་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་གསར་རྩོམ་ཁྲོད་ཀྱི་ཁྱད་ཆོས་མདོར་བསྡུས་བཤད་ན།
གཅིག མི་སྣ་འབྲི་བཞེངས་ཀྱི་ཁྱད་ཆོས་ངོས་ནས་བཤད་ན། དེ་ཡང་སྒྲུང་གཏམ་ཁྲོད་ཀྱི་ལས་ཀའི་ལྟེ་བ་ནི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་རྒྱུ་དེ་ཡིན་ཞིང་། མི་སྣའི་སྣང་བརྙན་གསར་བཞེངས་བྱས་པ་འབུར་ཐོན་དང་ཁྱད་དུ་འཕགས་པ་ཞིག་བྱུང་མིན་ནི་བརྩམས་སྒྲུང་ལེགས་འགྲུབ་བྱུང་མིན་གྱི་འགག་རྩ་ཡིན་ཏེ། བརྩམས་སྒྲུང་ནི་མ་གཞི་ནས་མི་སྣའི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མངོན་མཚོན་བྱེད་པའི་ལས་ཀ་ཞིག་ཡིན་པས་སོ། སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་དག་ལ་མཚོན་ན། སྤྱིའི་ཆ་ནས་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲི་བྱས་པ་ཅུང་ཟད་ཉུང་བ་ཡིན་ཏེ། ཁོའི《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་ཧཱ་པའི་ཕྱིའི་ཁྱད་ཆོས་ཞིབ་འབྲི་བྱས་པ་ཅུང་ཟད་ཞིབ་ཚགས་ཅན་ཞིག་ཡིན་པ་ལས། དེ་མིན་གྱི་བརྩམས་ཆོས་ཕལ་ཆེ་བའི་ནང་མི་སྣ་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་པ་ལས་ཞིབ་ཚགས་ཅན་གྱི་མི་སྣའི་ཕྱིའི་སྣང་ཚུལ་ཞིབ་འབྲི་བྱས་པ་ཉུང་ལ། དེ་མིན་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པ་ཐར་ཐོར་ཡོད་ཀྱང་སེམས་ཁམས་ཞིབ་འབྲི་ཕུན་སུམ་ཚོགས་པ་ཞིག་ཞིབ་འབྲི་ཐུབ་མེད་དེ། དཔེར་ན《ཁྱི་རྒན》ལྟ་བུའི་ནང་མི་སྣའི་དངངས་འཚབ་ཀྱི་རང་གཤིས་དེ་ཞིབ་འབྲི་བྱས་ཡོད་ཅིང་། 《ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ》ཞེས་པའི་ནང་སོམ་ཉིའི་ཀློང་དུ་ཚུད་པའི་མི་སྣའི་ནང་སེམས་ཀྱི་གནས་ཚུལ་ཞིབ་འབྲི་བྱས་ཡོད། དེ་མིན《གཏན་དུ་རེ་བའི་རྨི་ལམ》ནང་མི་བུའི་འགྱོད་གདུང་གིས་མནར་བའི་སེམས་ཁམས་ཀྱི་གནས་ཚུལ་བྲིས་ཡོད། འོན་ཀྱང་དེ་དག་ལ་སེམས་ཁམས་ཞིབ་འབྲི་བྱས་པའི་སྣང་ཚུལ་ཡོད་ཀྱང་སེམས་ཁམས་ཞིབ་འབྲི་བྱས་པ་ཚད་མཐོན་པོ་ཞིག་ཏུ་སླེབས་མེད་པས། དེས་ཀློག་མཁན་ལ་བག་ཆགས་ཟབ་མོ་ཞིག་འཇོག་པར་མི་ནུས། དེ་མིན་མི་སྣའི་གཤིས་ཀ་ཕུན་ཚོགས་གྱ་ནོམ་ཅན་ཞིག་ཞིབ་འབྲི་བྱས་པ་ཧ་ཅང་ཉུང་ལ། གཤིས་ཀ་ཞིབ་འབྲི་བྱས་པ་ཐར་ཐོར་ཡོད་ཀྱང་འགའ་རེ་ནི་བྱུང་རིམ་གྱི་ཁྲོད་དུ་ཡལ་བར་དོར་ནས་འབུར་ཐོན་ཅན་ཞིག་ཏུ་མངོན་མེད་ལ། འགའ་རེ་ནི་གཤིས་ཀ་ཆིག་རྐྱང་ཅན་དུ་གྱུར་བས་གཤིས་ཀ་ཞིབ་འབྲིའི་ཕྱོགས་ལ་ད་དུང་མི་འདང་བར་སེམས། ཁོའི་སྨྱུག་འོག་གི་མི་སྣ་ཕལ་ཆེ་བ་ནི་རོང་འབྲོག་ཁུལ་དུ་འཚོ་གནས་ལ་རོལ་བའི་མི་བུ་དཀྱུས་མའི་ལས་དབང་དང་འཚོ་བའི་སྣང་ཚུལ་བྲིས་པ་མང་བ་ཡིན། ཁོའི་བརྩམས་སྒྲུང་ཁྲོད་དུ་མི་གཤིས་ཀྱི་དགེ་བའི་ཆ་དང་མི་དགེ་བའི་གནས་ཞིབ་འབྲི་བྱས་པ་མང་ལ། མི་གཤིས་ཀྱི་ཁྱད་ཆོས་འགྲེམས་སྟོན་བྱས་པའང་ཅུང་ཟད་མང་བ་ཡིན། དཔེར་ན《ཉི་མ་ནུབ་རིར་ཡོལ་དུས》ཞེས་པའི་ནང་གནའ་བཤད་ཨ་མ་དང་སྤྲང་པོ་གཉིས་ཀྱི་ལྷད་མེད་ཀྱི་བརྩེ་དུང་དང་འགྱུར་མེད་ཀྱི་དམ་བཅའ། འཆི་གསོན་གང་ལ་ཐུག་ཀྱང་རང་དབང་གི་བརྩེ་དུང་ལ་རེ་སྙེགས་བྱེད་པའི་ཁྱད་འཕགས་ཀྱི་མི་གཤིས་ཞིབ་འབྲི་བྱས་ཡོད་ལ། ཡོད་ཚད་རང་ཉིད་ཀྱི་ཁེ་ཕན་ལ་སེམས་ནས་བུ་ཕྲུག་གི་མདུན་ལམ་ལ་བཀག་འགོག་བཟོ་མཁན་གྱི་མི་སྣའི་སྐྱོ་གདུང་གི་ལས་དབང་ཡང་ཞིབ་འབྲི་བྱས་པ་དཔེར་ན《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》ལྟ་བུ་ཡོད། དེ་མིན《རྒྱང་དུ་གྱེས་པ》ལྟ་བུའི་བརྩམས་སྒྲུང་གི་ནང་དུ་མི་བུའི་ནང་སེམས་ཀྱི་འགལ་འདུ་ཞིབ་འབྲི་བྱས་ཡོད་ལ། རྩོམ་གྱི་མི་སྣ་ལུག་རྫི་གཞོན་ནུ་ལྟ་བུར་རང་མི་རིགས་ཀྱི་མི་ཆོས་ཀུན་སྤྱོད་དམ་ཡང་ན་བྱམས་དང་སྙིང་རྗེའི་ཁྱད་ཆོས་ཤིག་ཀྱང་གསལ་སྟོན་བྱས་ཡོད། ཁོའི་བརྩམས་སྒྲུང་ཁྲོད་དུ་དཀར་ཕྱོགས་ཀྱི་མི་སྣ་ཡོད་ལ། ནག་ཕྱོགས་ཀྱི་མི་སྣའང་ཡོད། དེས་མ་ཟད་ཁོའི་སྨྱུག་འོག་གི་མི་སྣ་མང་པོ་ཅིག་ལེགས་ན་བཟང་བའི་ཁྱད་ཆོས་ཁོ་ན་བརྗོད་པ་མ་ཡིན་ལ། ངན་ན་ངན་ཕྱོགས་ཀྱི་ཁྱད་ཆོས་ཁོ་ན་ཞིབ་འབྲི་བྱས་པ་ཞིག་མ་ཡིན་པར། སྤྱིར་བཟང་ཕྱོགས་ཀྱི་མི་སྣ་ཡིན་པ་ལ་དེའི་ནག་ནོག་གི་ཆ་ཡང་ཅུང་ཟད་ཞིབ་འབྲི་བྱས་ཡོད་པ་དང་། ཡང་སྤྱིར་མི་སྣ་དེ་ངན་ཕྱོགས་ཀྱི་མི་སྣ་ཡིན་པ་ལ་ཡང་དེའི་བཟང་ཕྱོགས་ཀྱི་ཁྱད་ཆོས་ཀྱང་ཅུང་ཟད་ཞིབ་འབྲི་བྱས་ཡོད་པས། དེ་ནི་ཁོའི་མི་སྣའི་སྣང་བརྙན་ཞིབ་འབྲིའི་ཐད་ཀྱི་དགེ་མཚན་ཅིག་ཏུ་མཐོང་ལ། སྒྲུང་ཐུང་ཕལ་ཆེ་བར་མི་སྣ་བཀོད་སྒྲིག་བྱས་པ་ཅུང་ཟད་ཉུང་བས་སྒྲུང་ཐུང་གི་རྩ་བའི་ཁྱད་ཆོས་དང་མཐུན་ཡོད།
གཉིས། བྱུང་རིམ་བཀོད་སྒྲིག་བྱེད་སྟངས་ཀྱི་ཁྱད་ཆོས་ངོས་ནས་བཤད་ན། སྤྱིར་བྱུང་རིམ་ནི་མི་སྣའི་ལས་དབང་དང་གཤིས་ཀའི་ཁྱད་ཆོས་ལ་བརྟེན་ནས་སྤེལ་བའི་གཏམ་རྒྱུད་ཀྱི་བརྒྱུད་རིམ་ཅིག་ཡིན་ཞིང་། ཁོའི་བརྩམས་སྒྲུང་དག་གི་བྱུང་རིམ་སྤེལ་སྟངས་ཆ་ནས་བཤད་ན། སྤྱིར་མུ་ཏིག་བསྟར་ལ་བརྒྱུས་པ་ཤས་ཆེ་ཡང་འགའ་རེར་བར་བཅུག་དང་ལྡོག་བཅུག་སོགས་ཀྱི་འབྲི་ཐབས་སྤྱད་པའང་མི་ཉུང་བ་ཞིག་ཡོད། ཁོའི་སྒྲུང་ཐུང་གི་བྱུང་རིམ་ཕལ་ཆེ་བ་ཀྱ་ཀྱུ་འཕྲུལ་འཛིང་ཅན་ཞིག་མ་ཡིན་པར་སྐུད་སྣེ་ཆིག་རྐྱང་བ་ཞིག་བརྟེན་ཡོད་པས། སྒྲུང་ཐུང་གི་ཁྱད་ཆོས་མངོན་པར་གསལ་བ་ཡིན། དེ་མིན་བྱུང་རིམ་ཕལ་ཆེ་བ་སྤྱིར་རྒྱུ་འབྲས་གཏན་ཚིགས་ཅན་ཞིག་ཏུ་བྲིས་ཡོད་ཀྱང་བྱུང་རིམ་ལ་ལར་གཏམ་རྒྱུད་ཀྱི་ཤས་ཅུང་ཟད་ཡོད། དེ་ཡང་གཏམ་རྒྱུད་ནི་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་པའི་དོན་རྐྱེན་བསྟན་པ་ལ་བརྗོད་ཅིང་བྱུང་རིམ་ནི་རྒྱུ་འབྲས་ཀྱི་གནས་ལུགས་སྟོན་པའི་དོན་རྐྱེན་གྱི་ཕྱོགས་འདུས་ཤིག་བསྟན་པར་བྱ་བས། བྱུང་རིམ་ཡིན་ན་དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་བསྒྲིགས་དགོས་པའི་ངེས་པ་མེད་དེ། དཔེར་ན་ཁོའི་སྒྲུང་ཐུང《ཉིན་གཅིག་གི་ཆོ་འཕྲུལ》དང《ང་རང་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་བར་འགྲོ་བ་ཡིན》ལྟ་བུ་རྒྱུ་འབྲས་གཏན་ཚིགས་ཅན་གྱི་བྱུང་རིམ་སྤེལ་ཚུལ་ཞིག་ཡིན་པ་ལས། གཏམ་རྒྱུད་བཞིན་དུས་ཚོད་གོ་རིམ་གསལ་བོར་བསྟན་མེད་པར་མག་མོག་ཅན་ནམ་རབ་རིབ་ཅན་དུ་བཏང་ཡོད་པ་ལྟ་བུ་རེད། སྤྱིར་བཏང་དུ་བཤད་ན།“སྒྲུང་གཏམ་གྱི་བྱུང་རིམ་ནི་རྒྱུ་རྐྱེན་གཉིས་ལས་གྲུབ་པར་མངོན་ཏེ། གཅིག་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ལས་གྲུབ་པའི་མི་སྣའི་ཕྱིའི་བྱ་འགུལ་གྱི་གོ་རིམ་དང་། ཅིག་ཤོས་ནི་མི་སྣའི་བྱ་འགུལ་བྱེད་པར་བསྐུལ་བའི་བསམ་པའི་རྔམ་པ་དང་དེའི་འཕེལ་རིམ་མོ”【34】ཅེས་གསུངས་པ་བཞིན། དེ་ལས་སྔ་མ་ནི་བྱུང་རིམ་གྱི“ཕྱིའི་ཕུང་པོ”དང་ཕྱི་མ་ནི་བྱུང་རིམ་གྱི“ནང་གི་བླ་སྲོག”ཏུ་བརྩིས་ཆོག འོན་ཀྱང་སྒྲུང་གཏམ་ལེགས་པོ་ཞིག་ལ་དེ་གཉིས་པོ་ངེས་པར་དུ་གཅིག་གྱུར་ཅན་ཞིག་ཡིན་དགོས་པ་ཡིན།
གསུམ། ཁོར་ཡུག་ཞིབ་འབྲི་བྱེད་སྟངས་ཀྱི་ངོས་ནས་བཤད་ན། ཁོར་ཡུག་ནི་མི་སྣ་འཚོ་སྡོད་དང་འགུལ་སྐྱོད་བྱེད་ཡུལ་ཡིན་ལ། མི་སྣའི་སྣང་བརྙན་དང་རང་གཤིས་མངོན་པར་གསལ་བ་དང་གསོན་ཉམས་ཅན་དུ་འགྲོ་བར་རམ་འདེགས་ཀྱི་ནུས་པའི་ཕྱི་རོལ་གྱི་འཇིག་རྟེན་དང་རང་བྱུང་ཁམས་ཀྱི་སྐྱེ་ཁམས་སོགས་ཞིབ་འབྲི་བྱེད་ཐབས་ཤིག་ཡིན། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཐུང་གྲས་དག་གི་ཁྲོད་དུ་སྤྱིར་ཁོར་ཡུག་ཞིབ་འབྲི་གཙོར་བྱས་ནས་བྲིས་པའི་བརྩམས་སྒྲུང་སྤྱིར་བཏང་དུ་མེད་ཅེས་བརྗོད་ན་ཆོག་མོད། བརྩམས་སྒྲུང་གི་ཁྲོད་དུ་འོས་འཚམས་ཀྱིས་ཁོར་ཡུག་ཞིབ་འབྲི་ཐར་ཐོར་བྱས་ཡོད་པས། དེས་རྩོམ་གྱི་མི་སྣའི་སྣང་བརྙན་གསར་བཞེངས་དང་སྒྲུང་ལ་དགོས་ངེས་ཀྱི་མཁའ་དབུགས་ཤིག་སྦྱིན་པར་བྱས་ཡོད་པས་བཟང་བར་མཐོང་། ཁོས་དཀའ་ཞིང་སྡུག་པའི་ཁོར་ཡུག་ཁྲོད་ནས་མི་སྣའི་ཉམ་ཐག་གི་ལས་དབང་དང་མི་བུའི་ནང་སེམས་ཀྱི་སྐྱོ་གདུང་གི་སེམས་ངལ་དེ་མངོན་པར་མཚོན་པར་བྱས་ཡོད་པས། དེས་སྒྲུང་ཐུང་ནང་གནས་བབ་གལ་ཆེན་ཟིན་ཡོད་ཅིང་། ཁོར་ཡུག་ཞིབ་འབྲི་དག་ལས་གཅིག་ནས་རང་མི་རིགས་ཀྱི་རིག་གནས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་མཁའ་དབུགས་ཁྲོད་འཚོ་གནས་ལ་རོལ་བའི་མི་བུའི་སྤྱིར་བཏང་མིན་པའི་སེམས་ཁམས་ཀྱི་འཁྱེར་སོ་དང་འཇིག་རྟེན་ལྟ་ཚུལ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ཀྱི་མི་རིགས་ཀྱི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་མང་དག་ཐིག་གསལ་མཚོན་བྱ་རྒྱུར་ཕན་པ་མི་དམན་པ་ཐོན་བཞིན་ཡོད་ལ། ཁོར་ཡུག་ཞིབ་འབྲི་དག་གིས་སྒྲུང་གཏམ་ལ་གཏམ་རྒྱུད་ཀྱི་ཤས་ཆུང་བར་གཏོང་བར་ཕན་ནུས་ངེས་ཅན་ཐོན་ཡོད་པའོ། །
གཉིས་པ། སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་གསར་རྩོམ་གྱི་ཁྱད་ཆོས་རགས་བཤད།
སྤྱིར་སྒྲུང་འབྲིང་ནི་མི་སྣ་བཀོད་སྒྲིག་བྱེད་སྟངས་དང་། བསྟན་དོན་གྱི་ཆ་ནས། འཚོ་བའི་འདུ་ཚད་ཀྱི་ཆ་ནས། བྱུང་རིམ་བཀོད་སྒྲིག་བྱེད་སྟངས་སོགས་ཀྱི་ཐད་ནས་བཤད་ན་སྒྲུང་ཐུང་ལས་མི་སྣ་བཀོད་སྒྲིག་བྱས་པ་ཅུང་ཟད་མང་བ་དང་། ཡིག་ཚོགས་ཀྱི་ཆ་ནས་སྒྲུང་རིང་ལས་ཅུང་ཟད་ཐུང་བ། བསྟན་དོན་ཆིག་རྐྱང་ཅན་ཞིག་མ་ཡིན་པར་འཚོ་བའི་འདུས་ཚད་ཅུང་ཟད་ཁྱབ་རྒྱ་ཆེ་བ་ཅན་ཞིག་ཡིན་དགོས་པས། སྒྲུང་འབྲིང་ནི་སྒྲུང་ཐུང་དང་སྒྲུང་འབྲིང་གཉིས་ཀྱི་བར་ན་གནས་ཡོད་པ་ཞིག་ཡིན། ཡང་གཅིག་བཤད་ན། སྒྲུང་འབྲིང་ཞིག་ཡིན་ཕྱིན་ཡང་ན་བསྟན་དོན་ཆིག་རྐྱང་ཅན་ཞིག་ཆེ་མཐར་ཆགས་སུ་བཀྲམ་ཐུབ་པ་དགོས་པ་དང་། བསྟན་དོན་ཟབ་རྒྱས་སུ་བཀྲམ་པའི་སྒོ་ནས་བབ་ཆེན་པོ་ཞིག་སྒྲུབ་པ་ལྷུར་དུ་བླངས་ནས་སྒྲུང་འབྲིང་གི་ལྗིད་ཚད་དེ་འདང་བར་བྱ་དགོས་པ་ཡིན། ཡང་ན་བསྟན་དོན་ལ་རིམ་པ་དུ་མ་ཅན་གྱི་རྣམ་པ་ཞིག་ཆགས་པ་བྱ་དགོས་པ་ཡིན། སྟག་འབུམ་རྒྱལ་ལ་ཆ་མཚོན་ནས་བཤད་ན་སྒྲུང་འབྲིང་ཡང་ཅུང་ཟད་མང་བར་མཐོང་སྟེ། ཁོ་ལ་སྒྲུང་འབྲིང་ཕྱོགས་བསྒྲིགས《ཁ་བ་མེད་པའི་དགུན་ཁ》ཞེས་པ་ཞིག་དང་། དེ་མིན《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཞེས་པ་དང་།《མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མ》《དབང་ཤུགས་དང་རེ་སྙེགས》《སྡེ་དཔོན》ཅེས་པ་སོགས་ཡོད་པའོ། ཁོའི《ཁ་བ་མེད་པའི་དགུན་ཁ》ནི་སྔར་བཞིན་རོང་འབྲོག་ཁུལ་གྱི་འཚོ་བ་བརྗོད་བྱར་བྱས་པ་ཞིག་ཡིན་ཞིང་། དེའི་ནང་སྡེ་དཔོན་ལྟ་བུའི་མང་ཚོགས་ཀྱི་སླད་དུ་དཀའ་བ་སྟོང་ཕྲག་ཁྱད་དུ་བསད་ནུས་པའི་དྲང་ཕྱོགས་མི་སྣ་ཡོད་ལ། རྒད་པོ་དཔལ་སྐྱབས་ནས་གཙོས་པའི“ཕྱུག་པོར་འགྱུར་འདོད་ན་སྡུག་མྱོང་ལོས་དགོས། འོན་ཀྱང་ང་ལ་མཚོན་ན་རྒྱལ་ཁབ་ཀྱི་དྲིན་ལ་ཕོ་བ་ལྟོགས་མི་དགོས་པར་འདུག་པས། དེ་འདྲའི་སྡུག་རུས་མེད་ལ་སྡུག་རུས་བྱེད་ཀྱང་མི་འདོད། དེ་ལས་དབུལ་སྐྱོར་ཟས་ཏེ་ཉི་མར་སྡེ་ནས་བསྡད་ན་སྐྱིད་པོ་རེད”ཅེས་བརྗོད་མཁན་གྱི་ཡུལ་མི་སྟེ། ཕྱུག་པོར་འགྱུར་འདོད་ན་སྡུག་མྱང་དགོས་པའི་རྒྱུ་འབྲས་གཏན་ཚིགས་ཀྱི་གནས་ལུགས་གསལ་བོར་ཤེས་ཀྱང་། དབུལ་སྐྱོར་ཕྲན་བུ་ཁོ་ནར་དམིགས་ཏེ་མི་ཚེ་སྐྱེལ་བ་ལས། རང་གི་ལག་ཟུང་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་པའི་དཀའ་བ་ཁྱད་བསད་ཀྱི་སྙིང་རུས་མེད་ཅིང་། འཕེལ་རྒྱས་ཀྱི་འཚོ་བའི་ལམ་བུར་བསྐྱོད་པའི་འདང་རྒྱག་དང་ཧུར་བརྩོན་གྱི་སྙིང་སྟོབས་མེད་པར། བྱ་ནེ་ལེ་བཞིན་ཨ་བྲའི་ཟས་ཁོ་ནར་དམིགས་པ་བཞིན་དང་། “ཤིང་སྡོང་འོག་ཏུ་རི་བོང་སྒུག་པ”ལྟ་བུའི་དབུལ་སྐྱོར་ཕྲན་བུ་ཁོ་ནར་དམིགས་ནས་སྡོད་པ་ལས་འཚོ་བའི་དམིགས་འབེན་མི་གསལ་ཅིང་། འཚོ་སྡོད་ཙམ་མ་གཏོགས་འཚོ་གནས་ལ་མི་རེ་ལ། གནས་སྐབས་ཙམ་མ་གཏོགས་རྒྱང་རིང་ལ་མིག་རྒྱང་བསྲིངས་པའི་མིག་ཟུང་མེད་པ། མིག་མདུན་གྱི་བཟའ་བཏུང་ཕྲན་བུ་མ་གཏོགས་འཕེལ་རྒྱས་ཀྱི་ལམ་བུར་བཞུགས་པའི་འདང་རྒྱག་མེད་མཁན་གྱི་མདོ་མེད་ཡུལ་མིའི་སྒྱིད་ལུག་ཐ་ཤལ་གྱི་གཤིས་སྤྱོད་ཀྱང་ཡོད། ཁྱི་ཕྲུག་ཐར་ལྟ་བུའི་རང་དོན་གྱི་སླད་དུ་གཞན་ལ་གནོད་འཚེ་གཏོང་ཞིང་། ཡུལ་ཁྲིམས་མི་སྲུང་བར་ཁྲེལ་མེད་ལུང་མེད་བྱེད་མཁན་གྱི་མི་བུ་ཐ་ཤལ་བ་སྟེ། ཐམས་ཅད་རང་ཉིད་ཀྱི་ཁེ་ཕན་ཚད་ཐིག་ལ་བཟུང་ནས་གཞན་ལ་བལྟ་བར་བྱེད་མཁན་གྱི་འཁྱམས་པོའང་ཡོད། དེ་ཡང་ཡིན་ཏེ། དོར་ཞིས།“ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།། བླུན་པོ་ནོར་རྐྱལ་འཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།། ཆོས་མཐུན་བཀུར་བསྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།། སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་ཚུལ་དེ་སྐྱོ་བ།།”ཞེས་པའི་ནང་འཁོད་པ་ལྟར། གཞན་དོན་སླད་དུ་ལྷག་བསམ་རྣམ་དག་གིས་འབད་འབུངས་བྱེད་བཞིན་པའི་སྡེ་དཔོན་ལྟ་བུར་ཁྱི་ཕྲུག་ཐར་ལྟ་བུའི་མདོ་མེད་སྐྱེ་བུ་དག་གིས་གནོད་འཚེ་གཏོང་བཞིན་པའི་གནས་ཚུལ་ཡང་ཡོད། དེ་མིན་ཡུལ་གཙོ་ཐར་ལྟ་བུའི་སྤྱང་ཀི་ཁྲག་ལ་རྔམས་པ་ལྟ་བུའི་གཞན་གྱི་རྒྱུ་ནོར་ལྐོག་ཟ་བྱེད་པར་འཛེམས་བག་མེད་མཁན་གྱི་རུལ་སུང་དཔོན་པོ་ཡང་ཡོད། དེ་མིན་རྒྱུ་འཕྲོག་དང་ཤོ་སྦག་རྒྱན་རྩེད་ལ་བག་མེད་རོལ་མཁན་གྱི་མང་ཚོགས་ཀྱི་སྣང་བརྙན་ཡང་ཞིབ་འབྲི་བྱས་ཡོད། དེ་མིན་ཁྱི་ཕྲུག་ཐར་ལྟ་བུའི་དམིགས་བསལ་གྱི་ཁྱད་ཆོས་ཏེ་ལུག་ཤ་རྡོ་སྲེག་བྱེད་ཤེས་པའི་དབང་གིས་ལྟ་སྐོར་ལས་བྱེད་པར་སྣེ་ལེན་བྱེད་མཁན་གྱི་གྲས་སུ་ཚུད་པའི་མི་སྣའི་འགྱུར་ལྡོག་ཀྱང་ཡོད། རྩོམ་འདིས་དེ་ལྟ་བུའི་འབྲོག་ཁུལ་གྱི་འཚོ་བའི་བརྙན་རིས་ཤིག་ང་ཚོའི་འདྲེན་བྱེད་ཟུང་གི་དགའ་སྟོན་དུ་བཤམས་ཏེ། ནམ་ཡང་འཕེལ་རྒྱས་མེད་པའི་འབྲོག་ཁུལ་གྱི་ཡུལ་མི་ཚོའི་སྒྱིད་ལུག་གི་གཤིས་སྤྱོད་ཐ་ཤལ་བ་ཞིག་ཞིབ་འབྲི་བྱས་ཏེ། ཐུན་མོང་གིས་འབད་པ་མེད་ན་སྡེ་དཔོན་ལྟ་བུའི་མི་སྣས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཀྱང་དེ་ནི་ཁ་བ་མེད་པའི་དགུན་ཁ་ཞིག་དང་མཚུངས་པར་རེ་བའི་འབྲས་བཟང་སྨིན་མི་ཐུབ་པའི་གནས་ཚུལ་བཀོད་ཡོད་པས། རྩོམ་དེར་དོར་ཞིས་གསུངས་པའི“རྨོངས་པའི་གཉིད་ལས་སད་བྱེད་འབྲུག་གི་སྒྲ།། གཤིས་ངན་དུག་སྦྲུལ་ཚང་བརྟོལ་གནམ་ལྕགས་ཐོག ། ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར།། དགོངས་གཞིར་བྱས་པ་སྒྱུ་རྩལ་མཆོག་ཏུ་བསྔགས།།”ཞེས་པ་བཞིན་རྒད་པོ་དཔལ་སྐྱབས་ནས་གཙོས་པའི་མི་སྣ་དག་སྒྱིད་ལུག་གི་གཤིས་སྤྱོད་དང་རྨོངས་ཞེན་གྱི་གནས་ལས་སད་རྒྱུར་འབོད་སྐུལ་གྱི་ཅོང་བརྡ་སྒྲོག་ཡོད་པས་བརྩམས་སྒྲུང་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་། རྩོམ་དེའི་ནང་ཁ་བ་དེ་མཚོན་བྱེད་ཙམ་དུ་བཀོད་པ་ལས་རྩོམ་གྱི་རྒྱབ་ལྗོངས་སུ་བྱས་མེད། དེ་ནི་པདྨ་ཚེ་བརྟན་གྱི《ཁ་བ་མེད་པའི་དགུན་ཁ》ཞེས་པ་དང་ཅུང་ཟད་མི་འདྲ་བ་ཡིན་ཏེ། མ་གཞི་གཉིས་ཀར་ཁ་བ་མེད་པའི་དགུན་ཁ་ཞིག་རྩོམ་བྱང་དུ་བཀོད་ནས་སྐྱ་ལྷང་ལྷང་གི་ཡུལ་ལྗོངས་ཤིག་དང་། སྐྱོ་ལྷང་ལྷང་གི་འཇིག་རྟེན་ཞིག་བཞེངས་སྐྲུན་བྱས་པ་འདྲ་ཡང་། པདྨ་ཚེ་བརྟན་དང་སྟག་འབུམ་རྒྱལ་གཉིས་ཀྱི《ཁ་བ་མེད་པའི་དགུན་ཁ》ཞེས་པའི་རྩོམ་གཉིས་ཅུང་ཟད་མི་འདྲ་ས་ནི་པདྨ་ཚེ་བརྟན་གྱི《ཁ་བ་མེད་པའི་དགུན་ཁ》ཞེས་པ་དེ་སྒྲུང་ཐུང་ཞིག་གི་ཚུལ་དུ་བརྩམས་ཤིང་། སྟག་འབུམ་རྒྱལ་གྱི《ཁ་བ་མེད་པའི་དགུན་ཁ》ཞེས་པ་དེ་ནི་སྒྲུང་འབྲིང་ཞིག་གི་ཚུལ་དུ་བརྩམས་ཡོད་པས། སྒྲུང་འབྲིང་གི་རང་མདངས་མངོན་པར་བྱས་ཡོད། དེ་གཉིས་པོའི་ནང་མི་སྣའི་བཀོད་སྒྲིག་གི་མང་ཉུང་དང་། བྱུང་རིམ་བཀོད་སྒྲིག་བྱེད་སྟངས་སོགས་མི་འདྲ་ཞིང་། པདྨ་ཚེ་བརྟན་གྱི《ཁ་བ་མེད་པའི་དགུན་ཁ》ཞེས་པའི་ནང་ཁ་བ་དེ་བརྗོད་བྱའི་ནང་དུ་བཀོད་པ་མང་ལ། རྩོམ་དེའི་ཡུལ་ལྗོངས་ཞིབ་འབྲི་བྱས་པའང་ལེགས་པར་མཐོང་། འོན་ཀྱང་། ཁ་བྱང་གཅིག་པའི་བརྩམས་སྒྲུང་དེ་གཉིས་སོ་སོར་རང་རང་གི་ཁྱད་ཆོས་རེ་རེ་མངོན་པར་བྱས་ཡོད་ལ། ལྷག་པར་དུ་སྟག་འབུམ་རྒྱལ་ལྟ་བུར་མཚོན་ན་ཁོའི་བརྩམས་སྒྲུང་གསར་རྩོམ་ཡང་རྟོག་བཟོ་ལས་བརྒལ་ཏེ་འཚོ་བ་དངོས་ལ་ཟབ་བཞུགས་བྱེད་པའི་འགོ་གསར་བ་ཞིག་ཚུགས་ཡོད། སྟག་འབུམ་རྒྱལ་གྱི《ནོར་རྫི་བྱིས་པ》ཞེས་པ་དེ་ནི་ཅུང་ཟད་ཡིད་སེམས་འགུལ་བའི་རྩོམ་ཞིག་དང་སྤྲོ་གར་དང་སྐྱོ་གར་ཟུང་དུ་འབྲེལ་བའི་རྩོམ་ཞིག་རེད། རྩོམ་དེའི་ནང་“ང”ནོར་རྫི་བྱིས་པ་ཞིག་ཡིན་པའི་ངོས་ནས་བྱིས་པའི་ཚོའི་ལྷད་མེད་ཀྱི་མི་གཤིས་དང་། གཡའ་དག་པའི་སེམས་ཁམས། དེ་མིན་བྱིས་པ་ཚོའི་བསམ་པའི་འཁྱེར་སོ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡིད་ཀྱི་འཆར་སྣང་སོགས་མེ་ལོང་བཞིན་ང་ཚོའི་མིག་མདུན་དུ་དྲངས་ཤིང་། དེ་མིན“ངའི”ཨ་ཕ་དང་མ་ཡར་བར་གྱི་བཅོས་མ་མིན་པའི་ལྷད་མེད་ཀྱི་བརྩེ་དུང་དང་དྲོ་སྐྱིད་ཀྱི་ཁྱིམ་ཚང་། ད་དུང་ཨ་ཕ་དང་མ་ཡར་གྱིས“ང”བྱམས་དང་བརྩེ་བས་བསྐྱངས་པའི་གཏམ་རྒྱུད། ཁོ་ཚོས་བུ་ཕྲུག་ལ་བཅོལ་བའི་འདུན་པ་དང་། བུ་ཕྲུག་གི་སླད་དུ་ཡོད་ཚད་བློས་གཏོང་བྱེད་པའི་རླབས་ཆེའི་བརྩེ་དུང་རྣལ་མ་ཞིག་བཀོད་ཡོད་ལ། དེ་མིན“ང”དང་ལྷ་མོའི་བར་གྱི་བརྩེ་དུང་གི་གཏམ་རྒྱུད་དང་། ལྷ་མོའི་ཕ་མས་མོ་མ་འདོད་བཞིན་དུ་བཙན་ཚུགས་ཀྱིས་གནས་ལ་སྐྱེལ་བའི་སྐྱོ་གར་སོགས་ཀྱི་སྣང་ཚུལ་དུ་མ་བཀོད་ནས། “ངའི”ཕ་མས་ང་ལ་བཅངས་པའི་བརྩེ་བ་དང་། ཡོད་ཚད་བུ་ཕྲུག་གི་སླད་དུ་འབད་འབུངས་བྱེད་པའི་ཕ་མའི་ལྷད་མེད་ཀྱི་མི་གཤིས་ལ་བསྔགས་བརྗོད་དང་། ལྷ་མོའི་ཕ་མ་ལྟ་བུའི་ཕ་མ་འགའ་རེས་བུད་མེད་གཉོམ་ཆུང་དག་ལ་རང་འདོད་བཞིན་དུ་བྱེད་དུ་མ་བཅུག་པར་བཙན་ཤེད་ཀྱིས་གནས་ལ་སྐྱེལ་བའི་བྱ་སྤྱོད་ངན་པ་སོགས་ལ་དམོད་མོ་བྱས་ཡོད། འོན་ཀྱང་། རྩོམ་དེའི་མཛེས་པ་གཙོ་བོ་དགག་རྒྱག་སྟེང་ན་མེད་པར་བྱིས་པའི་ལྷད་མེད་ ཀྱི་མི་གཤིས་འགྲེམས་སྟོན་དང་། “ངའི”ཕ་མ་ཟུང་གི་ལྷད་མེད་ཀྱི་བརྩེ་དུང་། ཁོ་ཚོས་བུ་ཕྲུག་ལ་བཅངས་པའི་བརྩེ་སེམས། ཡོད་ཚད་བུ་ཕྲུག་གི་འདོད་མོས་ལ་བརྩི་འཇོག་བྱེད་པའི་ཁྱད་འཕགས་ཀྱི་མི་གཤིས་ཤིག་འགྲེམས་སྟོན་བྱས་པའི་ངོས་ན་ཡོད། རྩོམ་འདི་སྤྱིར་སྤྲོ་གར་དང་སྐྱོ་གར་ཟུང་འབྲེལ་ཅན་ཞིག་ཡིན་ཏེ། སྤྲོ་གར་ཡིན་དོན་ནི“ང”རང་ཉིད་ཀྱི་འདོད་མོས་ལྟར་ནོར་རྫི་བྱིས་པ་ཞིག་ནས་སློབ་གྲྭ་བ་ཞིག་ཏུ་གྱུར་ལ། སློབ་གྲྭ་བ་ཞིག་ནས་ལས་བྱེད་པ་ཞིག་ཏུ་གྱུར་བས་ང་རང་གི་ཕུགས་བསམ་མངོན་འགྱུར་བྱུང་བས་རེད། སྐྱོ་གར་ཡིན་དོན་ནི་“ངའི”བྱ་གཞག་ཐད་གྲུབ་འབྲས་ཐོབ་ཀྱང“ང”རང་གི་བརྩེ་དུང་ལ་གོད་ཆག་བྱུང་བ་སྟེ། “ང”དང་ལྷ་མོའི་བར་གྱི་བརྩེ་དུང་ལ་འབྲས་བུ་མ་སྨིན་པར་ལྷ་མོའི་ཕ་མས་ལྷ་མོ་མ་འདོད་བཞིན་དུ་གནས་ལ་བྱིན་པས་རེད། 《སྐྱབས་ལོ་དང་ཁོའི་རལ་བ》ཞེས་པའི་ནང་སྐྱབས་ལོ་ནི་རང་ཉིད་ཀྱི་མེས་པོའི་གཏམ་རྒྱུད་ཁྲོད་ནར་སོན་པའི་ནོར་རྫི་བྱིས་པ་ཞིག་ཡིན་ཡང་སྟེས་དབང་གི་གོ་སྐབས་ཤིག་གམ་ཁོར་གཞན་དང་མི་འདྲ་བའི་རལ་བ་ཞིག་ཡོད་པ་ལ་བརྟེན་ནས་གློག་བརྙན་འཁྲབ་ཁྲིད་པ་ཞིག་གིས་སྐྱབས་ལོ་འཁྲབ་སྟོན་པར་བདམས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་བཙན་པོ་སྲོང་བཙན་སྒམ་པོ་འཁྲབ་དུ་བཅུག་སྟེ་རྒྱལ་ཁ་ལེན་པའི་སྐོར་དང་། རྗེས་སུ་རྫོང་མཁར་གྱི་མགོ་ཁྲིད་དག་གིས་སྐྱབས་ལོ་རྫོང་རིག་རྩལ་ཁང་དུ་ཡར་འཐེན་བྱས་ནས་ལས་བྱེད་པའི་གྲས་སུ་བཞག་ལ། རིམ་བཞིན་ཁོ་དང་མདོ་འཛིན་བུ་མོའི་བར་བརྩེ་དུང་གི་མྱུ་གུ་སྨིན་ཏེ་གཉེན་སྒྲིག་གི་སྟོན་མོར་རོལ་ཏེ་རྫོང་དཔོན་ཚང་གི་མག་པར་གྱུར་བ་རེད། འོན་ཀྱང་། རྗེས་སུ་ཁོའི་ལས་བྱེད་མི་སྣའི་སྣང་བརྙན་དང་རལ་བའི་བར་འགལ་བ་ཆགས་པ་སྟེ། ཁོའི་ལས་བྱེད་ཀྱི་ཐོབ་ཐང་གོང་མཐོར་འགྲོ་བར་ཁོའི་མགོ་སྟེང་དུ་སྐྱེས་པའི་རལ་བས་གནོད་ཀྱི་ཡོད་སྟབས། ཁོས་ལོ་མང་རིང་ཉར་ཚགས་སྲུང་སྐྱོང་གང་ལེགས་བྱས་པའི་རལ་བ་དེ་མེད་པར་བཟོ་དགོས་བྱུང་བའི་སྐྱོ་གདུང་གི་གནས་ཚུལ་བཀོད་ཡོད། རྩོམ་འདིས་འདི་ལྟར་མི་སྣ་སྐྱབས་ལོའི་དཔེ་མཚོན་གྱི་ཁྱད་ཆོས་ཏེ་ནག་ཅིང་སྟུག་ལ་འཇིལ་འཁྱིལ་ལེར་ཡོད་པའི་རལ་བ་ཞིག་སྒྲུང་གི་སྐུད་སྣེར་བཟུང་ནས། གཅིག་ནས་རལ་བས་ཁོའི་མདུན་ལམ་དང་བྱ་གཞག་ལ་ཕན་པ་ཐོན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་རལ་བས་ཁོའི་མདུན་ལམ་དང་བྱ་གཞག་ལ་གནོད་པའང་སྐྱེལ་བཞིན་ཡོད་པའི་འགལ་བའི་རང་བཞིན་ཅན་གྱི་གཏམ་རྒྱུད་ཅིག་བཀོད་པ་དང་། མཐར་གོ་གནས་དང་ཐོབ་ཐང་གི་སླད་དུ་རང་ཚུགས་ཤོར་བའི་མི་སྣའི་སྐྱ་བོའི་ལས་དབང་མཚོན་པར་བྱས་ཡོད། རྩོམ་ནང་དཔེ་མཚོན་མི་སྣའི་དཔེ་མཚོན་གྱི་ཁྱད་ཆོས་ཞིབ་འབྲི་བྱས་པ་ལེགས་པར་མཐོང་སྟེ། བརྩམས་སྒྲུང་ཞིག་ཡིན་ན་གཙོ་བོ་མི་སྣ་རང་མཚན་པའི་དཔེ་མཚོན་གྱི་ཁྱད་ཆོས་ཞིབ་འབྲི་བྱ་རྒྱུ་གལ་ཆེ་བས་ཡིན། གོང་དུ་བརྗོད་དུ་བཞིན། སྟག་འབུམ་རྒྱལ་གྱི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་ལ་སྒྲུང་ཐུང་ཡོད་ལ་སྒྲུང་འབྲིང་ཡང་ཡོད་དེ། དེ་ནི《མི“རྒྱ་བྷ”ཁྱི“རྒྱ་བྷ”》ཞེས་པ་དང་། 《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པ་གཉིས་ཡིན། ཁོའི《མི“རྒྱ་བྷ”ཁྱི“རྒྱ་བྷ”》ཞེས་པའི་ནང“ང”རང་སྤྱིར་སློབ་གྲྭའི་དགེ་རྒན་ཞིག་ཡིན་ཡང“ངས”སྡེ་དཔོན་དང་ཨ་ནེ་ཕག་མཚོ་གཉིས་ལྷན་འདུག་བྱས་པའི་གནས་ཚུལ་མཐོང་བའི་དབང་གིས། ཁོས“ང”ལ་ན་ཟུག་བཅངས་ཏེ། ཁོ་ཚང་གི་ཁྱི་རྒྱ་བྷའི་གཅེས་མིང་དེ་“ངའི”མཚང་མིང་དུ་བཏགས་པ་རེད། གནད་དོན་དེའི་འབྱུང་ཁུངས་ནི“ང”དང་ཆང་འཐུང་གྲོགས་པོ་འགའ་ཀུ་རེའི་ཚུལ་གྱིས་ཨ་ནེ་ཕག་མཚོའི་ནང་དུ་སུ་འགྲོ་ནུས་མིན་ལ་རྒྱན་རྩོད་བཞག་ནས། “ངས”རང་ཉིད་ཀྱི་དཔའ་སྟོབས་ངོམས་ཏེ་ཁོ་མོ་ཚང་དུ་བུད་པས། སྟབས་མི་ལེགས་པ་ཞིག་ལ་སྡེ་དཔོན་སྐ་ཐེ་དང་ཨ་ནེ་ཕག་མཚོ་གཉིས་ལྷན་དུ་བསྡད་ཡོད་པའི་གསང་བ་ཤེས་པས་རེད། འོན་ཀྱང་། སྤྱིར་ཁོ་གཉིས་བར་གྱི་ལྐོག་གྱུར་གྱི་འབྲེལ་བ་ ཤེས་མཁན་དེ“ང”གཅིག་པུ་མ་ཡིན་པར་སྡེ་བའི་མི་ཕལ་ཆེ་བས་ཤེས་གསལ་ཡིན་ཀྱང་། ཁོའི་ཚུལ་འཆོས་ཀྱི་བྱ་ངན་དེ་རྗེས་སུ་སྡེ་ཁུལ་ཡོངས་ལ་ཁྱབ་པས། སྡེ་དཔོན་སྐ་ཐེའི་སྙམ་པར་གནད་དོན་དེ་ངས་གསང་བ་ཕྱི་ལ་བཤད་པར་ངོས་འཛིན་བྱས་ནས་ང་ལ་མ་ཉེས་ཁ་གཡོགས་བྱས་ཏེ། “ངའི”སྟེང་ལ་འཁོན་སེམས་བཅངས་པའི་མགོ་བརྩམས་པ་རེད། ཁོ་ནི་སྡེ་བའི་ནང་གི་ཐོབ་ཐང་ཆེ་ཤོས་ཀྱི་མི་སྣ་ཞིག་ཡིན་པས། ཁོས“ང”ལ་དྲང་ཐད་དུ་འཁོན་ལན་མ་བསློག་པར། ཁོ་དང་ལྐོག་ཉལ་བྱེད་མཁན་གྱི་ཨ་ནེ་ཕག་མཚོ་སློབ་གྲྭའི་ནང་དུ་བཏང་ཏེ་སློབ་གཙོ་ལ་གཏུག་བཤེར་བྱས་ཤིང་། དེ་ལས་དགོད་བྲོ་བ་ཞིག་ལ། ཨ་ནེ་ཕག་མཚོས་སློབ་གྲྭའི་མགོ་ཁྲིད་ཀྱི་གམ་དུ་ཕྱིན་ནས“ངས”མོ་ལ་བརྙས་བརྐོ་བྱས་ཚུལ་གྱི་ཕྱིན་ཅི་ལོག་པའི་གནད་དོན་ཅིག་བཤད་ཅིང་། “ངས”མོ་ལ་དགོངས་དག་ཞུ་བར་ཕྱིན་ཡང་མོས་དམོད་མོ་སྣ་ཚོགས་འཕེན་པ་མ་ཟད། ང་ལ་སྙོན་འཛུགས་སྣ་ཚོགས་བྱས་པའི་སྐོར་དང་། སྡེ་དཔོན་སྐ་ཐེའི་བཀོད་པ་ལྟར།“ང”རང་ཡིག་རྨོངས་བའི་དགེ་རྒན་ལ་འགྲོ་དགོས་པའི་བཀའ་ཕབ། དེ་ནི་ཁོས“ང”རང་ཁོ་རང་ཉིད་ཀྱི་ལག་འོག་ཏུ་ཚུད་པར་བྱས་ཏེ“ང”ལ་འཁོན་ལན་སློག་པའི་གོ་སྐབས་བཙལ་བ་ཞིག་རེད། རྗེས་སུ་སྡེ་དཔོན་སྐ་ཐེའི་བུ་མོ་སྒྲོལ་མ་སྐྱིད་དང“ངའི”བར་བརྩེ་བ་ཆགས་པའི་ལོ་རྒྱུས་བརྗོད་ཡོད་མོད།“ང”ནི་བཟའ་མི་བུ་ཕྲུག་ཡོད་པའི་མི་ཞིག་ཡིན་པའི་དབང་གིས། སྒྲོལ་མ་སྐྱིད་དང་ལྷན་དུ་འདུག་ཐབས་མེད་པའི་འགལ་བ་བརྗོད་ཡོད། རྩོམ་མཇུག་ནི་སྤྲོ་གར་གྱི་ཚུལ་དུ་བསྡུས་ཡོད་དེ། “ང”རང་རང་ཉིད་ཀྱི་རེ་བ་འདོད་ཐོག་ཏུ་སྨིན་ཏེ་བཟའ་མི་བུ་ཕྲུག་ཡོད་སར་ལས་བསྒྱུར་ཐུབ་པ་བྱུང་ལ། སྡེ་དཔོན་སྐ་ཐེ་དང་སློབ་གཙོ་ཀུན་བཟང་བར་གྱི་འབྲེལ་བའང་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། གཏམ་རྒྱུད་འདིས་དེ་ལྟ་བུའི་མི་རྒྱ་བྷ་དང་ཁྱི་རྒྱ་བྷའི་གནས་ཚུལ་བཀོད་དེ། སྡེ་དཔོན་ལྟ་བུའི་རང་ཉིད་ཀྱི་གོ་ས་དབང་ཐང་སྤྱད་ནས་གང་བྱུང་དུ་མི་ལ་སྐྱོན་འཛུགས་དང་འཁོན་ལན་སྤྲོད་པའི་ཐ་ཤལ་གྱི་མི་གཤིས་དང་གནས་ལུགས་མི་འཛིན་པའི་གཤིས་སྤྱོད་ཞིབ་འབྲི་བྱས་ཡོད་ལ། སྡེ་དཔོན་གྱི་བུ་མོ་སྒྲོལ་མ་སྐྱིད་བཞིན་ཡ་རབས་གཞུང་དྲང་ལྡན་ཞིང་། འཇིག་རྟེན་གྱི་གནས་ལུགས་རྟོགས་མཁན་གྱི་ཁྱད་འཕགས་མི་སྣའི་མི་གཤིས་ཤིག་ཀྱང་འགྲེམས་སྟོན་བྱས་ཡོད། འོན་ཀྱང་། རྩོམ་དེར་སྡེ་དཔོན་སྐ་ཐེ་ལྟ་བུའི་ལྡོག་ཕྱོགས་མི་སྣའི་མི་གཤིས་ཀྱི་མི་དགེ་བའི་གནད་ཁོ་ན་བྲིས་པ་ཞིག་མ་ཡིན་ལ། བུ་མི་སྐ་ཐེ་ལྟ་བུའི་དྲང་ཕྱོགས་མི་སྣའི་བཟང་ཕྱོགས་ཀྱི་གནས་ཚུལ་ཁོ་ན་བྲིས་པ་མ་ཡིན་པས། རྩོམ་པ་པོས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣའི་རང་གཤིས་ལ་བརྩི་འཇོག་བྱས་ནས་མི་གཤིས་ཀྱི་ཁྱད་ཆོས་རྣལ་མ་ཞིག་ཞིབ་འབྲི་བྱ་ཐུབ་ཡོད་པ་དེ་རྩོམ་དེའི་ལེགས་ཆ་ཞིག་ཏུ་བརྩིས་ཆོག དེ་མིན་རྩོམ་འདིར་རོང་འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་ཕུན་སུམ་ཚོགས་པར་བྲིས་ཡོད་པ་ཡིན། འོན་ཀྱང་། ཁོའི《མི“རྒྱ་བྷ”ཁྱི“རྒྱ་བྷ”》ནས་གཙོས་པའི་བརྩམས་ཆོས་མི་ཉུང་བ་ཞིག་གི་ནང་དུ་རྩོམ་གྱི་སྐད་ཆ་འགའ་རེ་སྤྱི་མཚན་ཅན(抽象)དུ་སོང་ཡོད་པས། དེ་ནི་ཅུང་ཟད་མི་འོས་པར་སེམས་ཏེ། རྩོམ་རིག་གི་སྐད་ཆ་ནི་མ་གཞི་ནས་མཚན་ཉིད་ རིག་པའི་སྐད་ཆ་ལྟ་བུ་ཞིག་མ་ཡིན་པར། སྣང་བརྙན་བཞིན་ཚོར་བ་དང་དངོས་ཡོད་དམ་ཕྲ་ཞིབ(具体)ཅན་ཞིག་ངེས་པར་ཡིན་དགོས་ཏེ། རྒྱུ་མཚན་ནི“རྩོམ་རིག་སྒྱུ་རྩལ་གྱི་མཚོན་པར་བྱ་བ་ནི་མངོན་སུམ་དང་དབང་ཤེས་ལ་བརྟེན་ནས་ཉམས་སུ་མྱོང་དགོས་པ་ཞིག་ཡིན། གལ་ཏེ་དེ་ཕལ་ཆེ་བ་སྤྱི་མཚན་ཅན་དུ་སོང་ཡོད་ཚེ། དེ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་བོར་ནས་མཚན་ཉིད་དང་ཚན་རིག་གི་སྐད་ཆར་གྱུར་བ་རེད”【35】ཅེས་སྒྱུ་རྩལ་རྩོམ་རིག་གི་སྐད་ཆ་དེ་ངེས་པར་དུ་མངོན་སུམ་ཅན་ཞིག་ཡིན་དགོས་པ་བསྟན་ཡོད། དཔེར་ན་“མྱང་ཚ་དཀར་རྒྱན་ནི་མཛངས་མའི་ཡོན་ཏན་གྱིས་ཕྱུག་པའི་བུད་མེད་སྤྱང་གྲུང་ཅན་ཞིག་རེད”ཅེས་པའི་སྐད་ཆ་ལྟ་བུ་ནི་མངོན་སུམ་ཅན་ཞིག་མ་ཡིན་པར་སྤྱི་མཚན་ཅན་དུ་སོང་ཡོད་དེ། རྩོམ་རིག་སྒྱུ་རྩལ་གྱི་སྐད་ཆ་ཡིན་ན་མོ་ཇི་ལྟར་སྤྱང་གྲུང་འཛོམས་པ་དང་ཇི་ལྟར་མཛངས་མའི་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན་པ་དེ་ཐད་བརྗོད་མ་བྱས་པར་མོའི་སྐད་ཆ་དང་བྱ་བྱེད། སེམས་ཁམས་ཀྱི་འཁྱེར་སོ་སོགས་རྩོམ་རིག་གི་སྐད་ཆར་བརྟེན་ནས་ཚུར་སྣང་བྱ་དགོས་པ་ཡིན། དཔེར་ན《མི་ལ་རས་པའི་རྣམ་ཐར》ནང་མྱང་ཚ་དཀར་རྒྱན་གྱིས་རྣལ་འབྱོར་པ་བརྒྱུད་ནས་མི་ལ་རས་པར་དངུལ་སྲང་བདུན་བསྐུར་བའི་སྐབས་ཀྱི་གབ་ཚིག་བེད་སྤྱོད་བྱས་པ་སོགས་ཀྱི་འཕྲིན་ཡིག་གི་སྐད་ཆར་བརྟེན་ནས་ད་གཟོད་མོའི་སྤྱང་གྲུང་ལྡན་པའི་ཁྱད་ཆོས་དེ་ཞིབ་འབྲི་བྱས་ཡོད་པ་ལྟ་ བུ་རེད། དེ་མིན་དཔེར་ན་“རྒད་པོ་བཀྲ་བྷ་སྦྲ་ནག་ཅིག་གི་མདུན་དུ་སྐྱིལ་ཀྲུང་བཅོས་ཤིང་། ལག་ཏུ་འཁྱགས་ཟིན་པའི་འོ་ཇ་དཀར་ཡོལ་གང་བཟུང་འདུག་ཅིང་། འབར་ཞུན་རྐང་གཉིས་གཏད་ཡོད་པའི་མིག་ལྕིབས་འོག་གི་མདངས་ཡོངས་སུ་ཉམས་ཤིང་ལྐོག་ཏུ་ལྷུང་བའི་མིག་ཆུང་ཆུང་དེ་གཉིས་ཀྱིས་རྒྱང་རིང་གི་ཕྱོགས་སུ་གཅེར་ནས་ཧད་འདུག”【36】ཅེས་པའི་བརྩམས་སྒྲུང་གི་སྐད་ཆ་ལྟ་བུ་སྤྱི་མཚན་ཅན་དུ་གྱུར་མེད་པར་རྩོམ་རིག་གི་སྐད་ཆའི་ཁོངས་སུ་འདུ་བ་ཡིན། ཁོའི《མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མ》ཞེས་པའི་བརྩམས་སྒྲུང་ལ་ཆ་མཚོན་ན། མི་རྐྱང་གཅོད་རྐྱང་པ་ནི་རྩོམ་གྱི་བརྗོད་བྱའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ཡང་། རྩོམ་ནང་དུ་བརྗོད་དོན་གཙོ་བོ་ནི་ཁོའི་ཁ་བྱང་ལས་བཤད་པའི་མི་རྐྱང་གཅོད་པའི་གཏམ་རྒྱུད་ཁྲོད་ཀྱི་སྒྲོལ་མའི་གནས་ཚུལ་མ་ཡིན་པར། ཁོ་བོས་སེམས་ན་ཁོས་གཙོ་བོར་ཟླ་བ་ཞེས་པའི་དགེ་རྒན་ཞིག་གིས་དཀའ་ངལ་མཐའ་དག་ཁྱད་དུ་བསད་ཅིང་བློ་རྩ་བརྟན་པོས་རང་གི་སྔོན་དུས་ཀྱི་སློབ་གྲོགས་སམ་ཡང་ན་དགའ་གྲོགས་སྒྲོལ་མ་འཚོལ་དུ་ཕྱིན་པའི་གཏམ་རྒྱུད་དེ་ཡིན་པར་སེམས། རྒྱུ་མཚན་ནི་རྩོམ་གྱི་ནང་མི་རྐྱང་གཅོད་པ་དང་སྒྲོལ་མ་མ་གཞི་བརྗོད་བྱའི་ཁྲོད་ཀྱི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། དེ་ལས་རྒྱས་པར་བྲིས་ཡོད་པ་ནི་ཟླ་བས་སྒྲོལ་མ་བཙལ་བར་ཕྱིན་པའི་གནས་ཚུལ་དང་ལམ་བར་གྱི་མཐོང་ཐོས་མྱོང་གསུམ་དེ་ཡིན་པས་སོ། འོན་ཀྱང་། རྩོམ་གྱི་ནང་དུ་སྒྲོལ་མ་དང་འབྲེལ་བའི་མི་རྐྱང་གཅོད་པའི་སྐོར་གྱི་རྙོག་འཛིང་རང་བཞིན་པའི་གཏམ་རྒྱུད་གང་མང་བཀོད་ཡོད་དེ། རེ་འགས་ཟེར་ན་མི་རྐྱང་གཅོད་པ་ནི་རླབས་ཆེན་གྱི་སྙན་ངག་མཁན་དང་། འཆར་ལྡན་བུ་བཙའི་སྲིད་ཇུས་དྲིལ་བསྒྲགས་མཁན། ནང་འཁྲུག་བར་འདུམ་གྱི་བྱས་རྗེས་མཆོག་འགྱུར་ཅན་ཞིག་ཡིན་པར་བཤད་པ་མ་ཟད། ཐ་ན་ཁོ་ནི་མི་རིགས་ཀྱི་དཔའ་བོ་དང་མི་དམངས་ཀྱི་མགོན་སྐྱབས། མ་འོངས་པའི་མིག་དཔེ། ཐམས་ཅད་མཁྱེན་པའི་ཙོང་ཁ་པ་སོགས་ཀྱི་མཚན་སྙན་བཏགས་ནས་བསྟོད་པ་མང་དག་ཅིག་འཕེན་གྱི་ཡོད་ལ། ཡང་མི་འགའ་རེས། མི་རྐྱང་གཅོད་པ་ནི་བླུན་པོ་རེད། རྐུན་མ་རེད། ཉེས་ཅན་པ་རེད་ཅེས་སྨྲས་ཏེ་སྡིགས་དམོད་དང་མཆིལ་ཞགས་འཕེན་མཁན་ཡང་ཡོད་པ་རེད། ཐ་ན་སྤྱི་ཚོགས་ཐོག་དངོས་འབྲེལ་དྲང་འབྲེལ་དུ་འཚོ་བའི་མི་རྐྱང་གཅོད་པ་ཞེས་པ་ཞིག་ཡོད་སྲིད་པ་ཞིག་ཡིན་ལ། ཡོད་མི་སྲིད་པ་ཞིག་ཀྱང་རེད། དེས་མ་ཟད་མི་རྐྱང་གཅོད་པ་རྫུན་མའང་ཡོད་པ་རེད། སྒྲོལ་མའང་གཅིག་འདྲ་ཡིན་ཏེ།“ངས”སྒྲོལ་མ་འཚོལ་བའི་ལམ་བར་དུ་སྒྲོལ་མའི་གཏམ་རྒྱུད་སྣ་ཚོགས་མཆིས་པ་ཏེ། དང་ཐོག“ངས”དགེ་ལུགས་པའི་དགོན་རྙིང་ཞིག་ཏུ་སྒྲོལ་མ་འཚོལ་བར་ཕྱིན་ཡང་། དགོན་པའི་གྲྭ་རྒན་གྱིས་“ང”ལ་ཐང་ཀའི་ངོས་ཀྱི་སྒྲོལ་མ་དང་། དཔེ་ཆ《སྒྲོལ་མ》འགའ་ཞིག་སྦྱིན་པའི་སྐོར་བཀོད་ཡོད། དེ་ཡང་ཡིན་ཏེ། འཚོ་བ་ནི་མ་གཞི་ནས་འགལ་འགྲེལ་གྱི་ཕུང་པོའི་ངོས་ན་ཡོད་པས། དེ་འདྲའི་གོ་འཛོལ་བྱུང་བའང་རྒྱུན་གཏན་རེད། ཡང་མཚམས་རེ་སྒྲོལ་མ་ནི་མི་རྐྱང་གཅོད་པའི་ཆུང་མ་ཡིན་པར་བཤད་ལ། འགའ་རེས་མོ་ནི་སྨད་འཚོང་མ་ཞིག་ཡིན་པར་བཤད་ཀྱི་ཡོད། རྩོམ་དེས་དེ་འདྲའི་མི་རྐྱང་གཅོད་པ་དང་སྒྲོལ་མའི་སྐོར་གྱི་གཏམ་རྒྱུད་ཞིག་ལྷུག་བརྗོད་བྱས་ཤིང་། རྩོམ་གྱི་མི་སྣ་གཙོ་གྲས་ཟླ་བས་ཡོད་ཚད་བློས་གཏོང་དང་དཀའ་བ་མཐའ་དག་ཁྱད་དུ་བསད་ནས་རང་ཉིད་ཀྱི་སྙིང་ཉེ་བའི་སྒྲོལ་མ་འཚོལ་བར་ཕྱིན་ཡང་ཁོ་ལ་ཐོབ་པ་ནི་སྒྲོལ་མ་མི་གཞན་པ་དང་གཉེན་སྒྲིག་བྱས་ཟིན་པའི་སྐྱོ་གར་ཞིག་བརྗོད་ཡོད། སྒྲུང་འབྲིང《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》ཞེས་པ་དེ་ནི་རྩོམ་པ་པོས་དངོས་ཡོད་རིང་ལུགས་ཀྱི་ཐབས་ལམ་ནས་བརྩམས་པ་ཞིག་ཡིན་པ་དང་། དེའི་ནང་ཨ་ནེ་བཀྲ་ཁོ་དང་། བུ་མོ་ཚེ་སྐྱིད། བུ་མོ་ཚེ་སྐྱིད་ཀྱི་བུ་སྐྱ་བྷོ། ཨ་ཁུ་དབང་ལོ། ཨ་ཁུ་དབང་ལོའི་བུ་དོན་གྲུབ་སོགས་ནས་གཙོས་པའི་མི་སྣ་བརྒྱད་དགུ་ཙམ་ཞིག་བཀོད་སྒྲིག་བྱས་འདུག་ཅིང་། རྩོམ་དེའི་མི་སྣ་གཙོ་བོ་ནི་ཚེ་སྐྱིད་ཡིན་པར་སེམས། རྒྱུ་མཚན་ནི་རྩོམ་པ་པོས་རྩོམ་གྱི་མགོ་ནས་མཇུག་བར་སྨྱུག་ཁ་མང་པོ་བཀོལ་ནས་ཞིབ་འབྲི་ཅུང་རྒྱས་པར་གནང་ཡོད་པ་ནི་བུ་མོ་ཚེ་སྐྱིད་ཡིན་ལ། རྩོམ་དེའི་ནང་དོན་གྱི་ཆ་ནས་བཤད་ཀྱང་། མི་སྣ་གཙོ་བོ་བུ་མོ་ཚེ་སྐྱིད་ཀྱི་བརྒྱུད་མྱོང་བའི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལམ་བུ་དེ་སྡོང་པོའི་སྟེང་གི་ལོ་མ་རེ་རེའི་ཐོག་ཏུ་བཀོད་པའི་བརྙན་རིས་བཞིན་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད་པས་སོ།།
འཇིག་རྟེན་གྱི་གཏམ་དཔེར།“དཔྱིད་གསུམ་རིང་མོར་གྲང་གསུམ་དྲོ་གསུམ་དང་། མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ”ཞེས་པ་ལྟར། བརྩམས་སྒྲུང་དེའི་ནང་དུ་མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་བརྒྱུད་མྱོང་བའི་སྐྱིད་སྡུག་འདྲེས་མའི་མི་ཚེའི་ལམ་བུ་དེ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཡོད་དེ། ཐོག་མར་མོ་ལོ་བཅོ་བརྒྱད་ལ་སོན་པའི་ལོ་དེར་སྡེ་བའི་བུ་མོ་འགའ་དང་ལྷན་དུ་འགྲོགས་ནས་མཁར་གྲོང་དུ“ལས་ཀ”བྱེད་པར་བུད་ཀྱང་། མོའི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟ་བུ་ཞིག་མ་བྱུང་བའི་ཁར་ཕ་སུ་ཡིན་ཆ་མི་འཚལ་བའི་བྱིས་པ་ཞིག་མངལ་དུ་སྦྲུམ་ནས་ཕ་ཡུལ་དུ་ཕྱིར་ལོག་བྱ་དགོས་བྱུང་བའི་སྐྱོ་གར་དང་། རང་ཉིད་ལ་འཚམས་པའི་ཁྱོ་ག་ཞིག་ལག་ཏུ་འབྱུང་རྒྱུ་ལྟ་ཅི། ཀླད་པའི་དབང་རྩར་སྐྱོན་གྱིས་དྲི་མས་བསླད་པའི་བུ་ཞིག་བཙས་ནས་འདུག་དགོས་བྱུང་བས། རང་གི་མ་ནས་གཙོས་པའི་སྡེ་བའི་སྐྱེ་བོ་དུ་མས་མོ་ལ་འཛིན་པའི་རྣམ་འགྱུར་འགྱུར་ཅིང་། མོ་ལ་འཕྱ་སྨོད་དང་ལབ་གླེང་སྣ་ཚོགས་བྱས་པ་སོགས་ཁེར་རྐྱང་དང་སྐྱོ་གདུང་གི་ཀློང་དུ་ཚུད་པའི་མོའི་ཉམ་ཐག་གི་ལས་དབང་བཀོད་སྒྲིག་བྱས་འདུག འོན་ཀྱང་། དོན་གྲུབ་ཀྱི་ཕ་སྟེ་ཨ་ཁུ་དབང་ལོ་མོ་ཚང་དུ་སྐྱ་བྷོ་བཙལ་ནས་བོང་བུ་འཚོལ་བར་ཡོང་བའི་ཉིན་དེ་ནས་བཟུང་མོའི་ལས་དབང་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་བ་སྟེ། ཨ་ཁུ་དབང་ལོས་རང་གི་བུ་དོན་གྲུབ་དང་ཚེ་སྐྱིད་གཉིས་ལྷན་དུ་འདུག་ཏུ་བཅུག་ན་སྙམ་པའི་བསམ་པ་དེ་ཁ་ཁོག་པས་མ་གསང་ལ་བློ་སྒྱུ་མས་མ་བསྐུམ་པར་ཨ་ནེ་བཀྲ་ཁོ་ལ་ཞུས་པ་དང་། རིམ་གྱིས་ཁོང་ཚང་དུ་གཉེན་སློང་བར་ཡོང་བ་སོགས་ཀྱི་གནས་ཚུལ་བྲིས་པ་རྒྱུད། མོའི་བསམ་པར་དགའ་སྐྱོ་ཟུང་འབྲེལ་གྱི་འཆར་སྣང་སྣ་ཚོགས་སྐྱེས་ཤིང་། སྡེ་བའི་མི་རྣམས་ཀྱིས་ཁོ་གཉིས་མཉམ་དུ་འདུག་ན་འཚམས་མིན་གྱི་སྐོར་ལ་ལབ་གླེང་སྣ་ཚོགས་བྱས་ལ། ཁོ་གཉིས་ཁྱི་ཚང་གཉིས་ཀྱི་བར་དབྱེན་དཀྲུག་བརྒྱབ་པ་སོགས་བཀོད་ནས་མོའི་ལས་དབང་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་བ་དང་བསྟུན། སྒྲུང་གི་བྱུང་རིམ་ལ་ཡང་འགྱུར་མཚམས(转折)གསར་བ་ཞིག་བྱུང་ཡོད།
དེ་བཞིན། མོས་གཞན་གྱི་མྱི་ཁ་དང་ཟེར་སྒྲོས་འཆལ་གཏམ་འོག་གཉའ་འཁུམ་ནས་མ་བསྡད་པར་རང་འདོད་བཞིན་དོན་གྲུབ་ཀྱི་ཆུང་མར་ཕྱིན་ནས་གཉེན་སྟོན་ལ་རོལ་ཞིང་། ཁོ་དང་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་འགོ་བརྩམས་ཡོད། དེ་ལས་མོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་། བུ་མོ་ཞིག་གིས་རང་གི་མི་ཚེ་གང་པོའི་བདེ་སྐྱིད་ལ་བརྩོན་ལེན་བྱེད་པའི་རང་གཤིས་རྣལ་མ་དེ་ཀློག་པ་པོ་རྣམས་ལ་ཉམས་སུ་མྱོང་དུ་བཅུག་ཡོད། སྤྱིར་མི་ཚེའི་བགྲོད་ལམ་ནི་དཀའ་སྡུག་དང་བར་ཆད་ཀྱིས་ཁེངས་པའི་ཀྱག་ཀྱོག་གི་ལམ་བུ་ཞིག་ཡིན་པས། བྱ་བ་ཐམས་ཅད་རང་འདོད་བཞིན་གང་བསམ་ལྷུན་གྲུབ་ཞིག་མ་ཡིན་རྐྱེན། ཁོ་གཉིས་ཀྱི་མི་ཚེའི་ལམ་བུའི་ཐོག་ཏུ་ཡང་དཀའ་སྡུག་གི་གནས་དུ་མ་འཕྲད་ཡོད་པ་ནི་སྨོས་ཅི་དགོས། ཐོག་མར་ཚེ་སྐྱིད་ཀྱི་མ་སྟེ་ཨ་ནེ་བཀྲ་ཁོར་མཆིན་ནད་བྱུང་ནས་སྟབས་མ་ལེགས་པར་ཚེ་ལས་འདས་པ་དང་། ཨ་ནེ་བཀྲ་ཁོ་ཚེ་ལས་འདས་རྐྱེན་སྐྱ་བྷོ་ལ་བདག་སྐྱོང་བྱེད་མཁན་མེད་པས། སྐྱ་བྷོར་གསོ་སྐྱོང་བྱ་བའི་འོས་འགན་དེ་ཁོ་ གཉིས་ཀྱི་ཕྲག་ཐོག་ཏུ་བབས་པ་དེ་རེད། གཉིས་ནས་དོན་གྲུབ་ཀྱི་འདོད་པ་བཞིན་ཚེ་སྐྱིད་ལ་ཕྲུ་གུ་བུ་མོ་མ་གཏོགས་བུ་ བཙས་མེད་པས། ཁོའི་རེ་བ་སྟོང་ཟད་དུ་སོང་རྐྱེན། ཁོས་དུས་རྒྱུན་ཁྱིམ་ལ་དུས་ཐོག་ཏུ་མ་ལོག་པ་དང་། མོ་ལ་ཡང་ཁ་ཡ་དེ་ཙམ་མི་བྱེད་པ་སོགས་ཁོ་གཉིས་ཀྱི་བརྩེ་དུང་ལ་མངོན་གསལ་མིན་པའི་བར་ཆད་འབྱུང་བ་སོགས་སྣང་ཚུལ་དུ་མ་འགྲེམས་སྟོན་བྱས་ཡོད་ཅིང་། མོས་རང་ཉིད་ཀྱི་བརྩེ་དུང་ལ་མཐའ་གཅིག་ཏུ་བརྩོན་ལེན་བྱེད་པའི་བཀོད་པ་སྣ་ཚོགས་འཐེན་ཡོད་པའི་སྐོར་དང་། དོན་གྲུབ་ཀྱང་ལས་རོགས་བུ་མོ་ལྕགས་མོ་ཐར་གྱི་བཅོས་མ་མིན་པའི་བརྩེ་དུང་གི་གནས་ཚུལ་ཐོས་རྗེས་རང་སེམས་ལ་གཡོ་སྒུལ་དྲག་པོ་ཐེབས་ནས་མཐར་ཁོ་དང་ཚེ་སྐྱིད་གཉིས་ལ་དྲོད་ལམ་ལམ་གྱི་ཁྱིམ་གཞིས་དྲོན་མོ་ཞིག་འབྱུང་ཚུལ། ཚེ་སྐྱིད་ཀྱི་བུ་སྐྱ་བྷོ་ཡང་ཀླད་པའི་དབང་རྩར་སྐྱོན་ཡོད་པའི་ནད་ལས་སངས་ཏེ་རྐྱེ་ངན་གྲོགས་སུ་གྱུར་ནས་ཀུན་གྱིས་བླ་ནས་བླ་རུ་བཀུར་བའི་གྲུབ་ཐོབ་ཚང་དུ་གྱུར་ཚུལ་སོགས་སྒྲུང་གི་སྟོད་ཆར་སྐྱོ་གདུང་གི་ཀློང་དུ་ཚུད་པའི་བུད་མེད་ཁེར་རྐྱང་བ་ཞིག་གི་ཉམ་ཐག་པའི་ལས་དབང་བཀོད་སྒྲིག་བྱས་འདུག་ཅིང་། བར་དུ་མོའི་ལས་དབང་ལ་འགྱུར་ལྡོག་གསར་བ་ཞིག་བྱུང་སྟེ་དགའ་སྐྱོ་ཟུང་འབྲེལ་གྱི་བརྩེ་དུང་གི་ལམ་བུར་བཞུད་པའི་སྐོར་བྲིས་ཡོད། མཐར་མོའི་ལས་དབང་ལ་བར་ཆད་བྱུང་ནས་མོས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཆེད་དུ་དཀའ་སྤྱད་བརྩོན་ལེན་བྱེད་བཞིན་པའི་གནས་ཚུལ་བྲིས་ནས་སྤྲོ་གར་གྱི་ཚུལ་དུ་མཇུག་བསྡུས་ཡོད་པའོ།།
སྤྱིར་བརྩམས་སྒྲུང་དེའི་ཆེས་དགེ་མཚན་ལྡན་པའི་གནས་གཙོ་བོ་གང་ཡིན་ཟེར་ན། ཁོ་བོས་བལྟས་ན། དངོས་ཡོད་འཚོ་བའི་བྲོ་བས་ཕྱུག་པའི་མི་སྣའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་རྩོམ་དུ་བཀོད་ནས། མིའི་ལྷན་སྐྱེས་ཀྱི་རང་གཤིས་རྣལ་མ་ཞིག་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་དང་མིའི་བར་གྱི་འགལ་འབྲེལ་མཚོན་པའི་སྣང་བརྙན་ཞིག་ཞིབ་འབྲི་བྱས་འདུག་པ་དེ་རེད་ཅེས་བརྗོད་ན་ཆོག་པར་སྙམ། རྒྱུ་མཚན་ནི་ང་ཚོས་རྩོམ་དེ་མགོ་ནས་མཇུག་བར་ལན་འགའ་བཀླགས་རྗེས། ང་ཚོར་བག་ཆགས་ཆེ་ཤོས་བཞག་ཡོད་པ་ནི་ཚེ་སྐྱིད་ཟེར་བའི་བུ་མོ་ཞིག་གིས་མི་དང་མིའི་བར་གྱི་འགལ་འབྲེལ་སྣ་ཚོགས་ཀློང་ནས་རང་ཉིད་ལ་དབང་བའི་བརྩེ་དུང་དོན་གཉེར་གྱི་སླད་དུ་བརྩོན་ལེན་མང་དག་ཅིག་བྱས་ཏེ་མཐར་མོ་ལ་རང་ཉིད་ལ་དབང་བའི་ཁྱིམ་གཞིས་ཤིག་འབྱུང་བ་དེ་རེད་སྙམ། རྩོམ་དེར་མི་སྣའི་བར་གྱི་འགལ་འབྲེལ་གྱི་གནས་དུ་མ་འགྲེམས་སྟོན་བྱས་ཡོད་དེ། དཔེར་ན། ཨ་ཁུ་དབང་ལོ་ཨ་ནེ་བཀྲ་ཁོ་ཚང་དུ་མི་ཡོང་བའི་སྔོན་ལ། སྡེ་བའི་མི་ཙམ་མ་ཟད་རང་ཉིད་ཀྱི་ཨ་མས་ཀྱང་ཚེ་སྐྱིད་ཀྱི་མིང་ནས་མི་འབོད་པར“ཁྱོད” དང“བླུན་མོ”ཞེས་འབོད་ལ། མོ་ལ་སྐྱེས་པ་གཞན་པས་ཚུལ་མིན་གྱི་བརྙས་དམོད་བྱས་ནའང“དེ་ནི་མོ་རང་ཉིད་ཀྱིས་བཙལ་བའི་ལས་ཀ་རེད། སྐྱག་དྲི་མ་བྲོ་ན་སྦྲང་ནག་ག་ལ་འཁོར”ཟེར་བ་སོགས་མཐོང་ཆུང་དང་འཕྱ་སྨོད་བྱེད་ཀྱི་ཡོད་ཀྱང་། རྗེས་སུ་བུ་དོན་གྲུབ་དང་འབྲེལ་བའི་གཉེན་དོན་གླེང་བའི་སྐབས་སུ“ཚེ་བྷོ”དང“ངེད་ཚང་གི་ཚེ་བྷོ”ཞེས་འབོད་ཀྱི་ཡོད་ལ། མོ་ལ་བསྟོད་པ་མང་དག་ཅིག་བྱེད་ཀྱི་ཡོད། དེ་ལས་འཚོ་བའི་ཁྲོད་ཀྱི་མི་དང་མིའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་ཚུར་སྣང་བྱེད་ཅིང་། ཡང་ཚེ་སྐྱིད་ཀྱི་བུ་སྐྱ་བྷོ་ལ་ཆ་མཚོན་ནས་བཤད་ཀྱང་། སྐྱ་བྷོ་ཐོག་མར་དགོན་པར་སླེབས་དུས། ཁོའི་བཙུན་མིང་ལ་དགེ་འདུན་རྒྱ་མཚོའམ་དགེ་རྒྱམ་ཞེས་འབོད་ཀྱི་ཡོད་ཀྱང་། རིམ་གྱིས་ཁོའི་མིང་ནས་འབོད་མཁན་མེད་པར། “མུག་ཕྲུག”དང“བླུན་རྒན”“མུག་རྒན”ཞེས་ངན་སྨོས་དང་འཕྱ་སྨོད་བྱེད་ཀྱི་ཡོད་མོད། ཁོ་ལ་རྐྱེ་ངན་གྲོགས་སུ་འཆར་བའི་དུས་སུ། “གྲུབ་ཐོབ་ཚང”ཞེས་འབོད་ཀྱི་ཡོད་པ་རེད། དེ་ལས་ང་ཚོས་མི་དང་མིའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་གསལ་བཤད་བྱ་བཞིན་ཡོད་ལ། རང་མི་རིགས་ཀྱི་རིག་གནས་ཀྱི་སྣང་ཚུལ་ངན་པ་སྟེ་དམན་ལ་འཕྱ་སྨོད་དང་མཐོ་ལ་གུས་གུས་ཞུམ་ཞུམ་བྱེད་པའི་སྐྱུག་བྲོ་བའི་སྣང་ཚུལ་ཞིག་ཐེར་འདོན་བྱས་འདུག དེ་བཞིན། གཞན་ལ་འཕྱ་སྨོད་དང་མི་གཞན་གྱི་ལྐོག་ཏུ་ལབ་གླེང་ངམ་རྒྱབ་བཤད་རྒྱབ་ནས་གཞན་གྱི་ཡིད་སེམས་དཀྲུག་པར་བྱེད་པའི་སྣང་ཚུལ་གསལ་སྟོན་བྱས་ཡོད་དེ། དེ་དག་ནི་ལྷ་མོ་ཚེ་རིང་ནས་གཙོས་པའི་སྡེ་བའི་མི་རྣམས་ཀྱིས་ཚེ་སྐྱིད་ཀྱི་སྐོར་ལ་ལྐོག་ལབ་བྱེད་པའི་སྐད་ཆ་དང་། ཚེ་སྐྱིད་དང་རྒྱ་མོ་སྐྱིད་ཀྱིས་གཞན་གྱི་གནས་ཚུལ་སྐོར་ལ་ལྐོག་ལབ་བྱེད་པའི་གཏམ་གླེང་དག་ལས་ཤེས་ ནུས་པ་ཡིན། དེ་ལས་རང་མི་རིགས་ཀྱི་འཚོ་བའི་གྲུ་ཟུར་རེ་རེ་ན་གནས་པའི་གཤིས་སྤྱོད་ཐ་ཤལ་བ་ཞིག་སྟེ། གང་བྱུང་དུ་གཞན་ལ་ལྐོག་བཤད་བྱས་ནས་གཞན་གྱི་ཡིད་སེམས་དཀྲུགས་པའི་སྣང་ཚུལ་ངན་པ་དམར་རྗེན་དུ་བཤམས་ཤིང་དེ་འདྲའི་སྣང་ཚུལ་ངན་པར་ཁ་རྡུང་དྲག་པོ་བཏང་ཡོད། རྩོམ་དེའི་ནང་དོན་གྲུབ་ཀྱིས་རང་གི་ཆུང་མར་ཕྲུ་གུ་བུ་ཞིག་མ་བཙས་པར་འཁང་ར་བྱེད་པ་དང་། དེ་བཞིན་ཚེ་སྐྱིད་ཀྱིས་རང་ལ་བུ་མོ་ཞིག་བཙས་པའི་གནས་ཚུལ་ཤེས་ཕྲལ“དེས་ན་བྱིས་པ་འདི་བཙས་མ་བཙས་གཅིག་ཡིན་སོང་བ་རེད་ཨང”ཟེར་བ་དང་། དེ་བཞིན་མོས་རང་གི་བུ་མོར་བལྟས་ནས“སྐྱག་ཕྲུག་མ་ཁྱོད་བུ་ཞིག་ཅི་ལ་མིན་སོང་། ཁྱོད་བུ་ཞིག་ཡིན་ཚེ་ཨ་མའི་སེམས་ཅི་འདྲའི་སྐྱིད་ཨང”ལྟ་བུའི་སྐད་ཆས་མོ་རང་བུད་མེད་ཅིག་ཡིན་རུང་སྔར་བཞིན་ཕོ་མཆོག་མོ་དམན་གྱི་རྙིང་ཞེན་གྱི་ལྟ་བས་ཕྱུག་པ་གསལ་བཤད་བྱས་ཡོད་ལ། དོན་གྲུབ་ལ་ཆ་མཚོན་ནས་བཤད་ན། རང་ཉིད་རིག་གནས་པ་ཞིག་གི་བརྟུལ་ཞུགས་འཛིན་ཡོད་ཀྱང་སྔར་བཞིན་བོད་ཀྱི་སྤྱི་ཚོགས་སུ་གནས་པའི་འདུ་ཤེས་རྙིང་བ་ཞིག་གི་འཆིང་ཐག་ལས་གྲོལ་མེད་པ་གསལ་པོར་བསྟན་ཡོད་པས། རྩོམ་པ་པོས་དེ་འདྲའི་སྣང་ཚུལ་ངན་པར་དགག་རྒྱག་དང་སུན་འབྱིན་བྱས་ཡོད། དེ་བཞིན། ཚེ་སྐྱིད་ཀྱིས་སྐྱ་བྷོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་དུ། “རྗེས་ཕྱོགས་སུ་ཁྱོད་ཀྱི་ཨ་མའི་མིང་ལ་ཨ་མ་ཞེས་འབོད་མི་རུང”ཞེས་པ་དང་། སྐྱ་བྷོ་སློབ་གྲྭར་སྡོད་རིང་སྐྱ་བྷོའི་དགེ་རྒན་གྱིས་ཁྱིམ་བདག་བོས་ནས་དོན་དག་ལ་རྒྱུས་ལོན་བྱ་ཆེད་མོ་བོས་ཀྱང་། མོས་དགེ་རྒན་ལ་སྐྱ་བྷོའི་གནས་ཚུལ་ཤོད་དུས“ཡི་གེ་མ་ཤེས་ཀྱང་ཆོག ཁོ་རང་གང་བྱུང་ངང་སློབ་གྲྭའི་ནང་བསྡད་དུ་བཅུག་པས་ཆོག”ཟེར་བའི་སྐད་ཆ་སོགས་ལས་ཨ་མ་ཞིག་གིས་རང་གི་ཕྲུ་གུའི་མདུན་ལམ་ལ་གཏན་ནས་བསམ་གཞིགས་མི་བྱེད་པའི་སྣང་ཚུལ་སོགས་ལ་ཁ་རྡུང་བཏང་འདུག་ཅེས་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་ལྟ་ཚུལ་གྱིས་འགྲེལ་བཤད་བྱས་ཀྱང་མི་ཆོག་རྒྱུ་མེད་མོད། ཁོ་བོས་བལྟས་ན་དགག་སྒྲུབ་ལས་བུད་མེད་ཞིག་གིས་བཞུད་མྱོང་བའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་དང་། མོའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དྲག་པོའི་སྣང་བརྙན་དང་འཚོ་བའི་བརྙན་རིས་ཞིག་མཚོན་འདུག་པ་དང་། མིའི་ལྷན་སྐྱེས་ལ་མངའ་བའི་མི་གཤིས་རྣལ་མ་ཞིག་གསལ་སྟོན་བྱས་འདུག་ཅེས་བཤད་ན་ཅུང་འཚམས་པར་འདོད། རྒྱུ་མཚན་ནི་རྩོམ་གྱི་ནང་མཛེས་རྟོག་གི་ཆ་དེ་གཙོ་བོ་དགག་རྒྱག་དང་སུན་འབྱིན་གྱི་སྟེང་ན་མེད་པར། རང་མི་རིགས་ཀྱི་འཚོ་བའི་ཁྲོད་གནས་པའི་མི་སྣ་འགའི་གཤིས་སུ་གྲུབ་པའི་སྣང་བརྙན་བརྒྱུད། མི་གཤིས་ལ་བཅིངས་འགྲོལ་བྱེད་པའི་མཛེས་པའི་སྟེང་ན་ཡོད་སྙམ། དཔེར་ན། སྒྲུང་གི་ནང་དུ་མི་སྣ་དོན་གྲུབ་ལ་ཆ་མཚོན་ནས་བཤད་ན། ཁོ་རང་ཉིད་ཀྱི་ཆུང་མ་སྔོན་མ་དང་བཟའ་ཚང་ཁ་འཐོར་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་མོ་ལ་ཕྲུ་གུ་བཙའ་བའི་ནུས་པ་མེད་པས་རེད། འོན་ཀྱང་། ད་ཆ་ཚེ་སྐྱིད་དང་གཉེན་སྒྲིག་བྱས་ནས་མོ་ལ་ཕྲུ་གུ་བུ་མོ་གཉིས་བཙས་ཀྱང་། ཁོས་ཕྲུ་གུ་བུ་མོ་མ་གཏོགས་བུ་མ་བཙས་པར་འཁང་ར་བྱས་ནས་ཚེ་སྐྱིད་དང་བར་ཐག་རིང་དུ་གཏོང་གིན་ཡོད་པ་རེད། དེ་ལས་མིའི་ནང་སེམས་ན་ཆུ་ཀློང་ཇི་བཞིན་དྲག་ཏུ་ལྡིང་བའི་འདོད་སྲེད་དེ་དམར་རྗེན་དུ་བཏོན་ཡོད་ལ། མི་ལ་ཐུན་མོང་དུ་ཡོད་པའི་བདག་འཛིན་དང་། ཆགས་སྡང་སོགས་ཀྱི་གཉུག་གཤིས་སུ་གྲུབ་པའི་མིའི་འདོད་སྲེད་ཀྱི་མི་གཤིས་ཤིག་འགྲེམས་སྟོན་བྱས་ཡོད། དེ་ནི་དབྱིན་ཇིའི་ཀུན་སྤྱོད་སྨྲ་བའི་མཚན་ཉིད་རིག་པ་གྲགས་ཅན་ལའོ་སུའུ(罗素)ཡིས་བཤད་པ་ཇི་བཞིན།“མིའི་རིགས་ཀྱི་བྱེད་སྒོ་མཐའ་དག་འབྱུང་བའི་ཁུངས་ལ་ཁག་གཉིས་ཡོད་དེ། དེ་ནི་འདོད་པ་དང་། ཧོལ་རྒྱུགས་སོ”【37】ཞེས་པ་ལྟར་རོ། དེ་ལས་རྩོམ་པ་པོས་མིའི་ལྷན་སྐྱེས་ཀྱི་གཤིས་ཀར་བརྩི་འཇོག་བྱས་པ་རྟོགས་ཐུབ་པ་ཡིན་ལ། འཚོ་བའི་བདེན་དངོས་རང་བཞིན་ལ་གཙིགས་ཆེན་དང་སྒྱུ་རྩལ་གྱི་མཛེས་པ་དོན་དུ་གཉེར་བའི་རྩོམ་རིག་གི་གོང་ཐང་འཁྱེར་ཕྱོགས་ལ་བརྩི་བཀུར་བྱས་པ་ཤེས་ནུས་ཤིང་། མི་གཤིས་ལ་བཅིངས་འགྲོལ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་པ་ཡང་མཐོང་ཐུབ། རྒྱའི་རྩོམ་པ་པོ་ལུའུ་ཞུན་གྱིས་གསུངས་པ་ཇི་ བཞིན། “རྩོམ་རིག་གསར་བརྗེ་མཁན་གྱི་དམིགས་འདུན་གཙོ་བོ་ནི་མི་གཤིས་ལ་བཅིངས་འགྲོལ་གཏོང་རྒྱུ་དེའོ”【38】ཞེས་པ་དང་། “མི་རིགས་ཤིག་གི་ཕྱིའི་རྨ་ཁ་གསོ་བ་ལས། ནང་སེམས་ཀྱི་གཅོང་ནད་གསོ་རྒྱུ་གལ”ཞེས་པ་བཞིན་རྩོམ་པ་པོ་ཁོང་གིས་ཀྱང་རང་མི་རིགས་ཀྱི་འཚོ་བའི་ཁྲོད་གནས་བཞིན་པའི་མི་དང་མིའི་དབར་གྱི་འགལ་འབྲེལ་རྩོམ་གྱི་བརྗོད་བྱར་བཀོད་ནས་མི་གཤིས་ལ་བཅིངས་འགྲོལ་བྱེད་པའི་ཕྱོགས་ལ་སྨྱུག་ཁ་བཀོལ་ཡོད་ལ། མི་ཆོས་ཀུན་སྤྱོད་ཀྱི་མཐོང་སྣེ་བསྐྱུར་ཏེ་མི་གཤིས་ཀྱི་མཐོང་སྣེ་སྤྱད་པ་ཞིག་ཡིན་རྐྱེན་ཀློག་པ་པོས་དེ་འདྲའི་སྣང་ཚུལ་ལ་དོ་ཁུར་དང་བསམ་གཞིགས་ བྱེད་དུ་བཅུག་ཡོད་པ་ཡིན་པས། རྩོམ་དེར་སྤྱི་ཚོགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་པ་ཡིན་ལ། མཛེས་རྟོག་གི་ཆ་ཡང་ངེས་ཅན་ལྡན་ཡོད་པར་སེམས། རྒྱུ་མཚན་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་མཛེས་རྟོག་ཅེས་པ་གཙོ་བོ་སྒྱུ་རྩལ་གྱི་བདེན་པའི་ངོས་ན་ཡོད་སྙམ། དེ་བཞིན་སྒྲུང་གི་མཇུག་ཏུ་ལྕགས་མོ་ཐར་གྱིས་ཡིད་སེམས་འགུལ་བའི་གཏམ་དག་ཐོས་རྗེས་དོན་གྲུབ་ལ་རྨོངས་གཉིད་ལས་སད་པ་ལྟ་བུའི་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ལྷུག་བརྗོད་བྱས་ཡོད་པས། དེ་ལས་ང་ཚོར་འདོད་ཆུང་ཆོག་ཤེས་བྱ་དགོས་པའི་གོ་བསྐོན་སློབ་གསོའི་ནུས་པ་ཆེན་པོ་ཐེབས་སུ་བཅུག་ཡོད། ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས། “ལག་པས་བདེ་བ་ཅན་ལ་འཕེན་མཁན་མེད། ། རྐང་བ་བཟུང་ནས་དམྱལ་བར་འཕེན་མཁན་མེད། ། རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད། །རང་གིས་རང་ཉིད་མི་བསླུ་ཤིན་ཏུ་གཅེས། །”ཞེས་གསུངས་པ་ལྟར། ང་ཚོས་འདོད་སྲེད་ཁོ་ནའི་དབང་དུ་མ་སོང་བར་བདེ་སྐྱིད་བདེ་སྐྱིད་དུ་ཚོར་བ་བྱ་དགོས་ཤིང་། རང་གིས་རང་ཉིད་བསླུ་མི་ཉན་པར་སྐུལ་ཡོད། བརྩམས་སྒྲུང་དེའི་སྐད་ཆའི་སྒྱུ་རྩལ་གྱི་ངོས་ནས་བཤད་ན། སྤྱིར་བརྩམས་སྒྲུང་ནང་གི་སྐད་ཆ་དེ་དོན་ག་གེ་མོ་གསལ་སྟོན་བྱ་རྒྱུ་ཁོ་ནའི་ཆེད་དུ་མ་ཡིན་པར། སྐད་ཆ་དེ་དག་བརྒྱུད་ནས་ང་ཚོ་ཀློག་མཁན་ལའང་མི་སྣའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་དེ་ཉམས་སུ་མྱོང་དུ་བཅུག་ཐུབ་པ་ཞིག་ཡིན་དགོས། རྩོམ་དེར་ཆ་མཚོན་ནས་བཤད་ན། རྩོམ་པ་པོས་ང་ཚོར་སྐྱ་བྷོ་ནི་ཀླད་པའི་དབང་རྩར་སྐྱོན་ཡོད་པའི་མི་ཞིག་ཡིན་པ་ངོ་སྤྲོད་བྱས་པ་ཙམ་མ་ཡིན་པར། ཁོའི་སྐད་ཆའི་ཐོག་ནས་ང་ཚོར་ཁོ་ནི་རྒྱུན་ལྡན་མིན་པའི་མི་ཞིག་ཡིན་པ་གསལ་སྟོན་བྱས་འདུག་སྟེ། དཔེར་ན། ཨ་ཁུ་དབང་ལོ་སྐྱ་བྷོ་ཚང་དུ་བོང་བུ་འཚོལ་བར་ཡོང་བའི་དུས་སུ་སྐྱ་བྷོས་ཁོ་ཚང་གི་བོང་བུ་ཤི་བའི་སྐོར་ལ་བཤད་པའི་སྐད་ཆ་སྟེ།“གྲོག་མོའི་ནང་དུ་ཤི་འདུག ང་ཡར་ལ་འགྲོ་དུས་ཤི་འདུག མར་ལ་ཡོང་དུས་ཀྱང་ཤི་འདུག རྡོ་བས་བརྒྱབ་ན་ད་དུང་ཡང་ཤི་འདུག ངས་ཤི་རུ་བཅུག་པ་མིན”ཟེར་བའི་སྐད་ཆ་ལྟ་བུ་དང་། དེ་བཞིན། སྐྱ་བྷོ་དགོན་པའི་ནང་དགེ་རྒན་གྱི་དྲུང་དུ་སློབ་ཁྲིད་ཉན་པའི་སྐབས་བཤད་པའི་སྐད་ཆ་སྟེ། དཔེར་ན། “སྐྱབས་སུ་མཆིའོ་ཟེར་བ་ནི་མཉམ་དུ་འཆི་ངེས་རེད་ཟེར་བ་ཨེ་རེད”ལྟ་བུ་དང་། 《དམིགས་བརྩེ་མ》སློབ་དུས། “འཕགས་པ་སྤྱན་རས་གཟིགས་ལ་མིག་མེད་པ་རེད་དམ”ལྟ་བུའི་སྐད་ཆའི་ཐོག་ནས་ང་ཚོའི་སྣང་ངོར་ཁོ་ནི་རྒྱུན་གཏན་མིན་པའི་མི་ཞིག་རེད་ཨང་སྙམ་པའི་ཚོར་སྣང་སྦྱིན་པར་བྱེད་ལ། མི་སྣའི་རང་གཤིས་གསལ་སྟོན་བྱ་རྒྱུར་རམ་འདེགས་ཀྱི་ནུས་པའང་ལྡན་ཡོད་པས། ཚིག་སྦྱོར་གྱིས་མཛེས་པས་ཕྱུག་པའི་མི་སྣའི་སྐད་ཆ་ཞིབ་འབྲི་བྱ་ཐུབ་ཡོད་ཅིང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣའི་སེམས་ཀྱི་འཁྱེར་སོའམ་མི་སྣའི་རང་གཤིས་རྩོམ་གྱི་སྐད་ཆ་དག་ལས་རྟོགས་ནུས་པ་ཡིན། རྩོམ་གྱི་བྱུང་རིམ་དང་སྒྲིག་གཞིའི་ངོས་ནས་བཤད་ན། སྒྲུང་གི་བྱུང་རིམ་གྱི་སྒྲིག་གཞི་སོ་སོར་ཐ་དད་དུ་གནས་པ་ཞིག་མ་ཡིན་པར་གཅིག་སྡུད་ཀྱི་ཆ་ལྡན་ཡོད་དེ། བྱུང་རིམ་གྱི་སྒྲིག་གཞི་དེ་མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་ལས་དབང་དང་འབྲེལ་བ་དམ་དུ་ཡོད་པ་ཞིག་དང་། བསྟན་དོན་གཅིག་གི་སྟེང་དུ་བབས་པ་ཞིག་ཡིན་པས། བྱུང་རིམ་ལ་མཚར་སྣང་རང་བཞིན་ཅུང་ཆེན་པོ་ལྡན་ཡོད་པ་ཡིན་ལ། “བཀོད་འབྲི་ཡིས་བརྩམས་སྒྲུང་གི་གཞུང་རྟ་ལ་ཡལ་འདབ་སྟུག་པོར་སྤྲས་ནས་ཚེ་སྲོག་གི་ལྗང་མདོག་མངོན་པར་བྱ་ཐུབ་ལ། དེ་བཞིན་རུས་སྒྲོམ་ལ་ཤ་ཁྲག་པགས་གསུམ་གྱིས་གཡོག་ནས་ཚེ་སྲོག་གི་གསོན་ཤུགས་མངོན་པར་བྱ་བ་ཡིན། དེ་བས་བཀོད་འབྲི་ཡིས་བརྩམས་སྒྲུང་གི་རང་མདངས་འབྱིན་པར་བྱེད་པ་ཡིན” 【39】ཞེས་གསུངས་པ་ལྟར། བརྩམས་སྒྲུང་དེའི་ནང་དུའང་རྩོམ་པ་པོས་ཁོར་ཡུག་བཀོད་འབྲི་དང་མི་སྣའི་བྱ་བྱེད་དང་སེམས་ཁམས་སོགས་ལ་ཞིབ་འབྲི་འོས་འཚམས་གནང་ཡོད་པས་བྱུང་རིམ་ལ་གཏམ་རྒྱུད་ཀྱི་ཤས་ཅུང་ཆུང་ཞིང་། ཁོར་ཡུག་བཀོད་འབྲི་བྱས་པ་དག་ཀྱང་རང་སྣང་གང་ཤར་གྱིས་ཞིབ་འབྲི་བྱས་པ་ཞིག་མ་ཡིན་པར། མི་སྣའི་ཡིད་ཀྱི་འགྱུར་བ་དང་དོ་མཉམ་པ་ཞིག་ཡིན་ལ། ཞིབ་འབྲི་བྱས་པའི་ནང་དོན་དག་རྒྱས་བསྡུས་འཚམས་པ་ཞིག་ཡིན་པས། དེ་ལས་རྩོམ་མཁན་ཁོང་ནི་རྩོམ་འབྲིའི་ནུས་པ་མཐོན་པོ་ཅན་ཞིག་རེད་ཨང་སྙམ་པའི་ཚོར་སྣང་རང་བཞིན་གྱིས་སྐྱེས་ཡོང་། དེ་བཞིན་བྱུང་རིམ་གོང་འོག་ཁ་ཐོར་དུ་སོང་མེད་པར་གཅིག་གྱུར་ཅན་ཞིག་ཡིན་ལ། འཚོ་བའི་བརྙན་རིས་གཅིག་ལ་བསྟན་དོན་གྱི་རིམ་པ་དུ་མའི་རྣམ་པ་བྱུང་ཞིང་། བྱུང་རིམ་གྱི་སྒྲིག་གཞི་དྲ་བ་སྦྲེལ་བ་ཇི་བཞིན་བསྣོལ་མར་གནས་ཡོད་ ཀྱང་བསྟན་དོན་དག་ཅུང་ཟད་མཐར་ཆགས་སུ་བཀྲམ་ཐུབ་ཡོད་པས་ནང་དོན་དང་རྣམ་པ་གཉིས་ཀའི་ཆ་ནས་སྒྲུང་འབྲིང་གི་རང་མདངས་མངོན་པར་བྱས་ཡོད། གཞན་རྩོམ་དེར་རོང་འབྲོག་ཁུལ་གྱི་འཚོ་བའི་དྲི་ངད་ལྷང་ལྷང་དུ་འཐུལ་རྒྱུ་འདུག་སྟེ། དཔེར་ན།“ཨ་ནེ་བཀྲ་ཁོ་ཚང་ཁྱིམ་ནང་དུ་སྡོམ་པ་སྲུང་སྟེ་གུང་ཚིགས་འཐུང་བཞིན་འདུག”ཅེས་པ་དང་“ཚེ་སྐྱིད་ཀྱིས་ཐབ་ཀའི་མདུན་དུ་ཀེ་རྩྭ་བརྫངས་ཏེ་ཇ་བསྐོལ་བཞིན་ཡོད་པ། མོས་ད་སྔོན་ཆབ་མ་བླངས་པ་དྲན་ནས་བློ་འགྱོད་ཅིང“ཨོབཛྲསཏྭ”ཞེས་འགྱོད་ཤགས་ལན་འགའ་བྱས་རྗེས། ངག་ནས་མ་ཎི་ཡིག་དྲུག་ཟློ་བཞིན་ལག་གཡོན་པའི་ནང་གི་མུ་ཏིག་རྫུན་མའི་ཕྲེང་བ་དེ་ཉུག་ཙམ་ཉུག་ཙམ་གྱིས་འདྲེན་བཞིན་འདུག”ཅེས་པ།“ཞོགས་པར་ཁོ་མོ་གཅིག་པུ་རི་སྒང་དུ་ཕྱིན་ནས་གྲ་མའི་རྩད་པའི་བུད་ཤིང་འཐུ་བ་དང་། དགོང་དྲོ་རང་ཉིད་གཅིག་པུ་གྲམ་གཞུང་དུ་སོང་སྟེ་ཆུ་ཟོ་ནང་དུ་ཆུ་འཆུ་བ”སོགས་ལས་ཁེར་རྐྱང་གི་ཀློང་ན་ཡོད་པའི་རོང་འབྲོག་ཁུལ་གྱི་བུ་མོ་ཞིག་གི་སྣང་བརྙན་མཚོན་ཡོད་པ་ཤེས་ནུས། རྩོམ་དེའི་བརྗོད་བྱ་འདེམས་སྒྲིག་བྱས་པ་ལེགས་པ་དང་། ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་ལ། གསོན་ཉམས་ལྡན་པ། དངོས་ཡོད་སྤྱི་ཚོགས་འཚོ་བའི་བྲོ་བས་ཕྱུག་པ་དང་། སྒྱུ་རྩལ་གྱི་བདེན་པས་ཕྱུག་པ། དངོས་ཡོད་འཚོ་བ་དང་བར་ཐག་ཉེ་བས་ཀློག་པ་པོ་རྣམས་ལ་དང་ལེན་བྱེད་སླ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད་མོད། རྩོམ་དེ་ཡོན་ཏན་ཀུན་འཛོམས་ཅན་ཞིག་མ་ཡིན་ཏེ། བརྩམས་སྒྲུང་དེའི་ནང་མི་སྣའི་ཕྱིའི་རྣམ་པ་ཞིབ་འབྲི་བྱས་པ་ཅུང་མི་འདང་བས་ཀློག་པ་པོར་བག་ཆགས་ཟབ་མོ་འཇོག་མི་ནུས་ཤིང་། མི་སྣ་ཕན་ཚུན་བར་རྣོ་ངར་ཅན་གྱི་འགལ་བ་ལྟག་སྤྲོད་དུ་བཀོད་པ་ཉུང་ལ། བྱུང་རིམ་ལ་ལ་རྒྱུ་འབྲས་གཏན་ཚིགས་ཀྱི་ཚུལ་དུ་གནས་མེད་པར་འདོད་དེ། དཔེར་ན། སྒྲུང་གི་མཇུག་ཏུ་དོན་གྲུབ་ཀྱི་ལས་རོགས་ལྕགས་མོ་ཐར་ནི་བརྩེ་དུང་ལ་ལྷད་མེད་མཁན་ཞིག་དང་། རང་གི་ཁྱོ་གའི་དབང་པོར་ནུས་པ་ཤོར་ཀྱང་མོས་སྔར་བཞིན་རང་གི་ཁྱོ་ག་ལ་བཅངས་པའི་བརྩེ་བ་ནི་ཅི་འདྲའི་རླབས་ཆེ་པོ་ཞིག་ཡིན་ཚུལ་བསྟན་ཁུལ་བྱས་ཡོད་ཀྱང་། མོས་དོན་གྲུབ་དང་ལྷན་དུ་མགྲོན་ཁང་གཅིག་ཏུ་བསྡད་ནས་ལུས་འབྲེལ་བྱས་ཚུལ་བྲིས་འདུག་པ་དེ་ནི་དགོད་བྲོ་བ་ཞིག་ཏུ་མཐོང་སྟེ། གལ་ཏེ་ལྕགས་མོ་ཐར་གྱིས་རང་གི་ཁྱོ་ག་ལ་བཅངས་པའི་བརྩེ་དུང་ནི་ལྷད་མེད་པ་ཞིག་ ཡིན་ན། དོན་གྲུབ་དང་ལྷན་དུ་འདུག་ནས་ཚུལ་མིན་གྱི་བྱ་བར་འཇུག་མི་སྲིད་པས་སོ། རྒྱུ་མཚན་ནི་ལྷད་མེད་ཀྱི་བརྩེ་དུང་ནི་རྩོམ་པ་པོས་བརྩམས་སྒྲུང་ནང་གི་སྐད་ཆ་ལྟར་བརྗོད་ན། “དེ་ནི་ཕྲུ་གུ་བཙའ་བ་ཙམ་དང་སྤྲོ་བ་གསོ་བ་ཙམ་གྱི་ཆེད་མ་ཡིན་པར་ཕན་ཚུན་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་པའི་ལྷད་མེད་ཀྱི་ལྷག་བསམ་དང་འདང་ བརྩེ་དེ་ཡིན་པས་རེད།” དེས་ན། མོས་རང་གི་ཁྱོ་གར་བཅངས་པའི་བརྩེ་དུང་ནི་ཅི་འདྲའི་རླབས་ཆེ་བ་ཞིག་དང་ལྷད་མེད་པ་ཞིག་ཏུ་བྲིས་ན་རྒྱུ་འབྲས་གཏན་ཚིགས་ཁུངས་བཙན་ཅན་གྱི་བྱུང་རིམ་བཀོད་འབྲིའི་ཁོངས་སུ་གཏོགས་དཀའ་སྙམ། འོན་ཀྱང་། དེ་ནི་ང་རང་ཉིད་ཀྱི་ལྟ་ཚུལ་ཙམ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་མཆོག་གིས། “ཕྱི་རོལ་དོན་ནི་རྣམ་གཅིག་ལ། ཐ་དད་ཤེས་པ་འཇུག་པར་འགྱུར། ཡིད་འོང་གཟུགས་ནི་གང་ཡིན་པ། དེ་ཉིད་གཞན་ལ་གཞན་དུ་འགྱུར།”【40】ཞེས་པ་བཞིན་ཀློག་མཁན་སོ་སོར་ལྟ་ཚུལ་གཞན་པ་ཡོད་ནའང་ཐང་། དེ་མིན་མི་གཤིས་དང་མི་སེམས་ཀྱི་ཁྱད་གཤིས་གཏིང་ཟབ་ས་ནས་གསལ་སྟོན་བྱ་རྒྱུ་ཅུང་མི་འདང་བར་སྣང་ངོ་། དེ་ནི་རྩོམ་པ་པོ་ཁོང་ཙམ་མ་ཟད་བོད་ཁུལ་གྱི་རྩོམ་པ་པོ་མང་པོའི་མི་འདང་སའི་གནས་ཡིན་ལ། རྩོམ་པ་པོ་ཞིག་གི་ངོས་ནས་བརྗོད་ན་ཅུང་ཞིབ་འབྲི་དཀའ་བ་ཞིག་དང་སྨྱུག་ཁ་བཀོལ་དཀའ་བའི་གནས་ཤིག་ཏུ་གྱུར་བའི་རྐྱེན་གྱིས་་ཡིན་ཤས་ཆེ།

འབྲེལ་ཡོད་འོས་སྦྱོར།