༄༅།།དབུ་མ་ཐལ་ལྡོག་ལ་དཔྱད་པ་ལུང་རིགས་རྡོ་རྗེ་གཟེགས་མའི་མགྲིན་དབྱངས།
རྩོམ་པ་པོ།:འབྲོང་དཔལ་ཚེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-01-12
ཀློག་གྲངས།:
འབྲོང་དཔལ་ཚེ། རྫ་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་།
ཐུགས་བསྐྱེད་རྟེན་འབྱུང་འཕྲུལ་གྱི་དྲ་བ་ལས།།སྲིད་ཞིའི་གཏེར་བརྒྱ་འབྱེད་པའི་གསུང་དབྱངས་སྒྲོག།
བྱམས་བརྩེའི་སྣང་བ་མ་འདྲིས་འགྲོ་བ་ཡི།།
དཔལ་གྱུར་སྟོན་པ་དེ་ལ་སྙིང་ནས་གུས།།
གང་གི་དགོངས་བཅུད་ཟབ་མོའི་དེ་ཉིད་དོན།།
མཐའ་བྲལ་གཞི་དབྱིངས་སེམས་ཀྱི་རང་ཞལ་དངོས།།
ཀུན་ནས་གསལ་ལ་ཀུན་གྱིས་འགྲན་མིན་པ།།
ཀླུ་སྒྲུབ་ཀླུ་ཡི་དབང་པོར་རྟག་ཏུ་མཆོད།།
ཚུར་མཐོང་བྱིས་པའི་སྒོ་གསུམ་ལྕག་ཀྱུའི་ཁམས།།
སྦྱོང་བྱེད་དངོས་སྟོབས་མེ་ཡིས་ལེགས་ཕྱེས་ནས།།
ཐར་བ་སྡེ་བཞིའི་དཔལ་ལ་འཇུག་པའི་སྒོ།།
ཐལ་འགྱུར་སྲོལ་མཛད་ཟླ་བ་གྲགས་པར་འདུད།།
ཕྱོགས་ཀུན་ཁ་བའི་བསྐོར་བའི་བསིལ་ལྗོངས་འདིའི།།
སྔར་མེད་ཤིང་རྟའི་སྲོལ་ཆེན་འབྱེད་པ་པོ།།
སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་སྟེ།།
མཉམ་མེད་ཙོང་ཁ་པ་ལ་སྙིང་ནས་གུས།།
ཐུབ་གསུངས་གཙུག་ལག་གདོང་ལྔ་འབར་བའི་ཁྲིར།།
མཁྱེན་རབ་རྣམ་པར་དཔྱོད་པའི་སྒྱུ་འཕྲུལ་གྱིས།།
ཐོགས་མེད་དབང་བསྒྱུར་བཀའ་བསྟན་བྱེ་བའི་མཛོད།།
རྗེ་བཙུན་རིག་པའི་དཔའ་བོ་དེང་འདིར་རྒྱལ།།
ཚེ་ཡི་དར་ལྕེ་མེ་ཡིས་མ་གཟིམས་ཤིང་།།
གསལ་རིག་སྦྲང་ཆུང་རླུང་དང་མ་འདྲིས་སྔོན།།
དཔྱད་པའི་གཏམ་ཞིག་ས་མཐོའི་གངས་ཅན་པའི།།
རིགས་མཐུན་གྲོགས་ལ་ཆུ་གཙང་ཟོལ་གྱིས་འབུལ།།
མ་སྦྱང་པ་ལ་མཁས་པའི་ཐབས་མེད་ཀྱང་།།
སྦྱང་ན་ངལ་བའི་ལས་དག་འགྲུབ་ངེས་པས།།
ཟབ་པའི་གཞུང་ལ་དཔྱད་པའི་གཏམ་འདི་འབྲི།།
ཚངས་པ་མཚུངས་པར་སྤྱོད་དག་དར་ཅིག་གསོན།།
གནའ་བོའི་རྒྱ་གར་མཚན་ཉིད་རིག་པའི་ཁྱིམ།།
ལྟ་གྲུབ་སྣ་མང་རྒྱ་མཚོའི་རླབས་ལྟར་བརྡོལ།།
དེ་ཡི་ཁྲོད་ཀྱི་རྟོག་གེའི་རིགས་སྨྲ་བ།།
གྲངས་ཅན་ཞེས་བྱའི་གཞུང་ལས་འདི་ལྟར་བྱུང་།།
སྐྱེ་ལྡན་དངོས་ཀུན་རང་གི་རྒྱུའི་དུས་སུ།།
མེད་པར་ཐོལ་གྱིས་སྐྱེ་བ་མི་འཐད་པས།།
དང་པོར་གབ་པའི་ཚུལ་དུ་ཡོད་པ་ཉིད།།
གསལ་བར་བྱས་ལ་སྐྱེ་ཞེས་ཐ་སྙད་བཏགས།།
ཡང་ན་རྒྱུ་འབྲས་རྣམ་འགྱུར་སོ་སོ་ལས།།
ངོ་བོ་དབྱེར་མེད་ཆ་ཤས་གཅིག་ཡིན་པས།།
རང་བཞིན་གཅིག་པའི་རྒྱུ་ལས་སྐྱེ་བ་ལ།།
བདག་སྐྱེ་འདོད་པའི་ཚུལ་ལུགས་གཉིས་པའོ།།
དེ་ཉིད་འགོག་པར་བུདྡྷ་པཱ་ལི་ལྟར།།
དངོས་རྣམས་བདག་ལས་སྐྱེ་བ་མེད་པ་སྟེ།།
སྐྱེ་བ་དོན་མེད་ཉིད་དུ་འགྱུར་བ་དང་།།
ཤུན་ཏུ་ཐལ་བར་འགྱུར་ཞེས་མདོར་བསྟན་གསུངས།།
རང་གི་བདག་ཉིད་གྲུབ་པའི་སྐྱེ་ལྡན་གང་།།
སླར་ཡང་བལྡབས་ནས་སྐྱེ་བ་མི་རིག་སྟེ།།
ཅི་སྟེ་ཡོད་ཀྱང་སྐྱེ་ན་དུས་གཏན་དུ།།
སྐྱེ་བར་ཐལ་ཞེས་གསུངས་བ་རྒྱས་བཤད་ཡིན།།
སླར་ཡང་སྐྱེ་བ་དགོས་པ་ཡོད་པ་དང་།།
ཡོད་པ་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས།།
བདག་སྐྱེ་འགོག་པར་ནུས་ཕྱིར་མདོར་བསྟན་དུ།།
གཏན་ཚིགས་འདི་ཞེས་དངོས་སུ་བསྟན་པ་མེད།།
ཐལ་འགྱུར་དམ་བཅའ་འགོག་པའི་བྱེད་ལས་ཅན།།
དམ་བཅའི་ལྡོག་དོན་བསྒྲུབ་བྱ་ངེས་མིན་ན།།
བསྒྲུབ་བྱ་དཔོག་ལ་གཏན་ཚིགས་བསྟན་དགོས་པས།།
སྐྱོན་འདི་འགྱུར་ཞེས་རང་རྒྱུད་མཁན་པོས་བཀག།
སྐྱེ་བ་དོན་མེད་ཐུག་མེད་ཙམ་ཞིག་ལས།།
སླར་ཡང་ཞེས་པའི་ཡང་སྒྲ་མ་དགོངས་པས།།
སྐབས་འདིར་བཙལ་བའི་ཀླན་ཀ་ཇི་སྙེད་པ།།
རྩ་བའི་ལྟ་ཚུལ་འདི་ལས་གྱེས་པ་ཡིན།།
བདག་སྐྱེ་འགོག་ནུས་གཏན་ཚིག་མ་བརྗོད་ཅིང་།
ཐུན་ཕྱོགས་དཔེ་ཡི་སྟེང་ནས་མ་གསལ་བས།།
བསྒྲུབ་བྱ་རྟོག་པའི་རྗེས་དཔག་མི་སྐྱེ་ཕྱིར།།
རིགས་པ་མིན་པ་ཀླན་ཀ་དང་པོ་དང་།།
འབྲས་བུ་གསལ་བའི་བདག་ལས་མི་སྐྱེ་བར།།
འཕང་ན་འདོད་ལ་མི་གསལ་ནུས་པ་ལས།།
སྐྱེ་བ་མེད་པར་བརྗོད་ན་འགལ་ཁྱབ་ཅེས།།
དམ་བཅར་བརྟགས་ནས་མ་རྒོལ་གཉིས་པ་དང་།།
འགྲེལ་ངག་གང་དེའི་དངོས་ཟིན་སྐབས་དོན་ལ།།
ལྡོག་པས་གཞན་གྱི་ཀླན་ཀ་འབབ་པས་ན།།
ཀླན་ཀ་མ་བསལ་ཉེས་པ་གསུམ་འགྱུར་ཞེས།།
ལེགས་ལྡན་འབྱེད་ཀྱིས་ཤེས་རབ་སྒྲོན་མེར་གསུངས།།
དངོས་ཟིན་རྟགས་ནི་དོན་མེད་ཐུག་མེད་དང་།།
དེ་ཉིད་ལྡོག་པས་དོན་བཅས་ཐུག་བཅས་ཏེ།།
དངོས་ཟིན་སྐབས་ཀྱི་དོན་དུ་ལྡོག་དགོས་པར།།
སྟོང་ཐུན་ཆེན་མོར་གསུངས་བའི་དོན་འདི་ལགས།།
བདག་སྐྱེ་བཀག་ཅིང་སྐྱེ་བར་དམ་བཅས་པས།།
བདག་སྐྱེ་བཅད་ཙམ་མིན་པའི་སྐྱེ་བ་ཞིག །
ཤུགས་ལ་བསྟན་པས་བསྒྲུབ་བྱ་མ་ཡིན་དགག།།
འགྱུར་ཚེ་འཕགས་པའི་གཞུང་དང་འགལ་ཞེས་གསུངས།།
དངོས་ཟིན་ལྡོག་དགོས་འདོད་ཚུལ་འདི་ལྟར་བྱུང་།།
སྐྱེ་བ་དོན་མེད་ཐུག་མེད་རྟགས་མིན་ཏེ།།
དངོས་རྣམས་སྐྱེ་བ་དོན་དང་ལྡན་པ་དང་།།
མཐའ་མའི་ཐུག་པ་དང་ཡང་བཅས་བའི་ཕྱིར།།
བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དུ།།
འགྱུར་ཞིང་དོན་བཅས་ཐུག་བཅས་ཡིན་པ་ཡང་།།
ཕྱོགས་ཆོས་གྲུབ་ན་བསྒྲུབ་བྱ་ལྟོས་མེད་དུ།།
ངེས་པར་འགྲུབ་ཕྱིར་དངོས་ཟིན་རྟགས་མ་ཡིན།།
མྱུ་གུའི་སྐྱེ་བ་དོན་མེད་ཐུག་མེད་ཐལ།།
བདག་ལས་སྐྱེ་ཕྱིར་ཞེས་པའི་ཐལ་ཆོས་ཀྱིས།།
སྒྲུབ་བྱེད་འཕེན་པར་འགྱུར་ཞེས་ཚིག་དེས་དཔོག །
དེས་ན་དོན་བཅས་ཐུས་བཅས་རྟགས་ཡིན་ནོ།།
རྩ་ཤེས་རྣམ་བཤད་རིགས་པའི་རྒྱ་མཚོ་ལས།།
དངོས་ཟིན་རྟགས་ཉིད་ལྡོག་ན་བསྒྲུབ་བྱ་ཡང་།།
ལྡོག་དགོས་མཚུངས་པས་བདག་སྐྱེ་བཅད་ཙམ་ཞིག །
མིན་པའི་སྐྱེས་པ་སྐབས་ཀྱི་བསྒྲུབ་བྱར་གསུངས།།
གཞན་སྐྱེ་འཕང་ན་བསྒྲུབ་བྱ་མ་ཡིན་དགག །
འགྱུར་བས་མདོ་ལས་སྐྱེ་བ་མེད་པ་ལ།།
སྤྱོད་ན་ཤེར་ཕྱིན་སྤྱོད་མིན་གསུངས་དེ་དང་།།
དོན་དང་དངོས་སུ་འགལ་བའི་ཉེས་པར་གསུངས།།
བདག་སྐྱེ་མེད་པར་སྒྲུབ་པའི་བསྒྲུབ་བྱ་ལ།།
མེད་དགག་དགོས་པར་ཀླུ་སྒྲུབ་ཡབ་སྲས་དང་།།
ཐལ་རང་མཁན་པོ་ཀུན་དང་ཁྱད་པར་དུ།།
འགྲེལ་བཤད་སྤྱན་རས་གཟིགས་ཀྱིས་ནན་གྱིས་གསུངས།།
མཚུངས་པ་རྒྱུ་མཚན་མཚུངས་བར་མི་སྦྱོར་ཏེ།།
དོན་མེད་ཐུག་མེད་བཀོད་ན་སྐྱོན་ལྡན་ལྟར།།
བདག་སྐྱེ་མེད་པ་བསྒྲུབ་ལའང་མཚུངས་སྙམ་པ།།
ཇི་འདྲ་དབང་བོ་རྟུལ་ཡང་འབྱུང་བ་མིན།།
རྟགས་ཀྱི་ལྡོག་དོན་ཡང་དག་ཡིན་པ་ལྟར།།
བསྒྲུབ་བྱ་ལ་ཡང་དེ་དང་མཚུངས་སོ་ཞེས།།
ཁྱབ་འབྲེལ་མེད་བཞིན་ནན་གྱིས་འཕུལ་མིན་པས།།
འདི་ལྟར་ལྡོག་ལ་འབྲེལ་ཁྱད་གཞན་ཞིག་འབྱུང་།།
སྐྱེ་བར་བདག་ལས་སྐྱེ་དང་གཞན་ཉིད་ལས།།
སྐྱེས་པ་གཉིས་སུ་ཁ་ཚོན་ཆོད་པས་ན།།
སྐྱེ་བ་བསྟན་ཞིང་བདག་སྐྱེ་བཀག་ཙམ་གྱིས།།
གཞན་སྐྱེ་སྦྱོར་ངག་དེ་ཡི་བསྒྲུབ་བྱར་འགྱུར།།
འབྲེལ་ཡོད་འོས་སྦྱོར།