logo

༄༅།།དབུ་མ་ཐལ་ལྡོག་ལ་དཔྱད་པ་ལུང་རིགས་རྡོ་རྗེ་གཟེགས་མའི་མགྲིན་དབྱངས།

རྩོམ་པ་པོ།:འབྲོང་དཔལ་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-01-12 ཀློག་གྲངས།:

གཉིས་པ་རྩོད་གཞིར་དོན་དམ་སྦྱར་ཡིན་ན།།
སྔར་རྒོལ་རང་ལ་ལྟོས་པའི་མ་གྲུབ་སྟེ།།
བདེན་པའི་མིག་སོགས་དམིགས་སུ་མ་མཆིས་པས།།
རང་ལ་མ་གྲུབ་པ་ཡི་སྐྱོན་དུ་འགྱུར།།

ཀུན་རྫོབ་ཙམ་གྱི་མིག་སོགས་ཆོས་ཅན་དུ།།
འཛིན་ན་གྲངས་ཅན་ངོར་ལ་མི་འཐད་དེ།།
དེ་ཉིད་བདེན་པའི་ངོ་བོར་འདོད་པས་ན།།
གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དུ་འགྱུར།།

སངས་རྒྱས་པ་ཡིས་གྲུབ་མཐའ་འོག་མའི་ངོར།།
འབྱུང་བཞི་མི་རྟག་གང་གིས་ཁྱད་པར་དུ།།
མ་བྱས་སྒྲ་ཙམ་ཆོས་ཅན་བཀོད་རུང་བཞིན།།
དེ་བཞིན་འདིར་ཡང་མཚུངས་པར་ཕྱོགས་སྔས་མོལ།།

འབྱུང་བཞིའི་སྒྲ་ནི་གཞན་གྱིས་མི་འདོད་ལ།།
ནམ་མཁའི་ཡོན་ཏན་རང་ལ་མ་གྲུབ་མོད།།
གང་གིས་ཁྱད་པར་མ་བྱས་སྒྲ་ཙམ་ཞིག །
ཆོས་ཅན་འགོད་དུ་རུང་བ་བདེན་མོད་ཀྱི།།

དོན་ལ་དེ་ལྟར་རིགས་པ་མ་ཡིན་ཏེ།།
སྐྱེ་བ་བཀག་པ་བསྒྲུབ་པར་བྱ་བ་ཡི།།
ཆོས་སུ་འདོད་པ་དེའི་ཚེ་རྟེན་ཆོས་ཅན།།
ཚད་མ་གཉིས་ཀྱི་རྙེད་དོན་འགྱུར་ཕྱིར་རོ།།

བདེན་རྫུན་གང་གིས་ཁྱད་པར་མ་བྱས་པའི།།
མིགས་སོགས་འགོད་དུ་རུང་བ་མ་ཡིན་ཏེ།།
ཕྱིན་ཅི་ལོག་དང་མ་ལོག་མི་འགལ་བར།།
མིག་སོགས་གཉིས་ཀའི་ཡུལ་དུ་ཐལ་ཕྱིར་རོ།།

རང་རྒྱུད་པ་དང་ཕྱི་རྒོལ་གྲངས་ཅན་ལ།།
བདེན་མེད་སྒྲུབ་ལ་མཐུན་སྣང་ཆོས་ཡོད་ན།།
མིག་སོགས་ཡང་དག་ཚད་མའི་རྙེད་དོན་གྱི།།
ཡུལ་དུ་འགྱུར་ཏེ་རང་མཚན་གྱིས་གྲུབ་ཕྱིར། །

ཕྱིན་ཅི་ལོག་གི་ཚད་མའི་རྙེད་དོན་དུ།།
འགྱུར་ཏེ་གྲངས་ཅན་རང་ལ་གྲུབ་པས་ཕྱིར།།
དོན་ནི་དེ་ལྟར་སྦྱར་དུ་མི་རུང་བས།།
དཔེ་ལ་འདྲ་བ་ཡོད་པ་མ་ཡིན་ནོ།།

ཆོས་ཅན་སྦྱོར་རམ་ཞེས་པ་འཕུལ་མཚམས་ལ།།
རིགས་པ་བསྟན་པ་ཙམ་ཞིག་སྨྲས་ཡིན་གྱི།།
བསྒྲུབ་བྱའི་ཆོས་ལ་དོན་དམ་སྦྱར་དགོས་པ།།
ཤེས་རབ་སྒྲོན་མར་ཤིན་ཏུ་གསལ་བར་མངོན།།

འགའ་ཞིག་ཟླ་བས་ལེགས་ལྡན་འགོག་པ་ན།།
ཆོས་ཅན་མཐུན་སྣང་མེད་པས་བཀག་པའི་ཕྱིར།།
ཡང་དག་རྟགས་ལ་མཐུན་སྣང་དགོས་པས་ན།།
གྲངས་ཅན་འགོག་མི་ནུས་ཞེས་དེ་ལྟར་བཞེད།།

སྐྱེ་བ་བཀག་པ་བསྒྲུབ་བྱར་འདོད་པའི་ཚེ།།
གྲངས་ཅན་པ་དང་རང་རྒྱུད་དབུ་མ་བར།།
མཐུན་སྣང་གྲུབ་པའི་ཆོས་ཅན་མེད་པས་ན།།
འགོག་ནུས་མིན་ཞེས་བཀག་པར་ཁ་གཅིག་བཞེད།།

འགའ་ཞིག་ཆོས་ཅན་མཐུན་སྣང་ཡོད་ན་ཡང་།།
དབུ་མར་འདོད་དང་མུ་སྟེགས་གཞན་དག་ལ།།
མཐུན་སྣང་གྲུབ་པ་ཡོད་པར་མི་རིགས་ཏེ།།
ཕྱོགས་གཞན་རང་མཚན་ཁས་བླང་མེད་ཕྱིར་རོ།།

དེས་ན་ཡོད་མོད་ཡོད་པར་མི་རིགས་པས།།
འགོག་ནུས་མིན་ཞེས་དགག་པར་འགའ་ཞིག་སྨྲ།།
དེ་ཡང་དཔྱད་དུ་ཡོད་པའི་གཏམ་ཞིག་སྟེ།།
གཞུང་དང་གོང་འོག་བསྒྲིག་ན་བློ་ལ་འབབ།།

རྗེ་ཡི་བསྟན་བཅོས་ལམ་རིམ་ཆེན་མོ་དང་།།
མཁས་གྲུབ་ཆོས་རྗེའི་སྟོང་ཐུན་ཆེན་མོ་རུ།།
ཚིག་གསལ་འབྲུ་དོན་འོག་ནས་འབྱུང་ལྟར་དེ།།
ལེགས་བཤད་སྙིང་བོ་སོགས་དང་ཅུང་མི་འདྲ།།

དོན་དམ་སྐྱེ་མེད་བསྒྲུབ་པར་བྱ་བ་ཡི།།
ཆོས་སུ་ཁྱོད་ཀྱིས་འདོད་པ་དེ་ཡི་ཕྱིར།།
བསྒྲུབ་བྱ་མིག་སོགས་སྟེང་དུ་གྲུབ་དགོས་པས།།
སྐྱེ་བ་མེད་པའི་མིག་སོགས་བསྒྲུབ་བྱར་འགྱུར།།

གྲངས་ཅན་སོགས་ཀྱིས་ཆོས་ཅན་གང་བཟུང་ཀུན།།
བདེན་པར་ཡོད་པའི་ངོས་ནས་བཞག་ཡིན་པས།།
གཉིས་ལ་མཐུན་སྣང་ཆོས་ཤིག་མི་རྙེད་པས།།
འགོག་ནུས་མིན་ཞེས་ཡུལ་གྱི་ངོས་ནས་བཀག །

ལམ་རིམ་ཆེན་མོར་བསྒྲུབ་བྱར་གང་སོང་ཞེས།།
ཡུལ་གྱི་སྟེང་ནས་གཙོ་བོ་བཀག་ན་ཡང་།།
ལེགས་བཤད་སྙིང་པོར་ཚད་མས་རྙེད་མིན་གྱི།།
ཡུལ་ཅན་གཙོ་བོ་བྱས་ནས་འདི་ལྟར་བཀག །

ལེགས་ལྡན་ལུགས་ལ་མིག་སོགས་རང་མཚན་གྱིས།།
གྲུབ་ཕྱིར་ཡང་དག་ཚད་མའི་རྙེད་དོན་དང་།།
དེ་ཉིད་ཆོས་ཅན་དུ་ཡང་འགྱུར་བས་ན།།
ཉེས་པ་ཟློག་ཏུ་མེད་པར་འབབ་པ་སྟེེ།།

རང་ངོས་གྲུབ་པའི་མིག་སོགས་ཆོས་ཅན་དུ།།
འགྱུར་བས་བདེན་གཉིས་གང་གིས་ཁྱད་པར་དུ།།
མ་བཟུང་མིག་སོགས་འགོད་དུ་ཡོད་མིན་པས།།
ཉེས་པར་འགྱུར་ཞེས་ཡུལ་ཅན་ངོས་ནས་བཀག །

ནམ་མཁའི་སྒྲ་དང་འབྱུང་བཞི་གང་གིས་ཀྱང་།།
ཁྱད་པར་མ་བྱས་སྒྲ་ཙམ་འགོད་རུང་མོད།།
སྐྱེ་བ་བཀག་པ་བསྒྲུབ་བྱར་འདོད་པའི་ཚེ།།
མིག་སོགས་ཙམ་ཞིག་འགྲོ་མིན་ལུགས་གཉིས་སྣང་།།

དང་པོ་དཀའ་གནད་བརྒྱད་ཀྱི་བརྗེད་བྱང་དང་།།
སྦྲ་ཆེན་བླ་མའི་དབུ་མའི་གཞུང་དག་ནི།།
མཐུན་སྣང་ཡོད་པར་འདོད་པའི་ཕྱོགས་ཡིན་ཏེ།།
གཞུང་དེ་དག་ལས་ཚུལ་དེ་འདི་ལྟར་འཆད།།

ལྷན་སྐྱེས་ཚད་མར་མཐུན་སྣང་གྲུབ་པའི་ཆོས།།
མིག་སོགས་ཙམ་ཞིག་སྔ་རྒོལ་ལེགས་ལྡན་དང་།།
ཕྱི་རྒོལ་གྲངས་ཅན་གཉིས་ཀར་ཡོད་ན་ཡང་།།
ཀུན་བརྟགས་ཚེ་ན་དེ་ཉིད་མི་འཐད་གསུངས།།

གལ་སྲིད་མཐུན་སྣང་གྲུབ་པའི་ཆོས་མེད་ན།།
བདེན་པའི་མིག་སོགས་ཆོས་ཅན་མ་གྲུབ་ལ།།
བདེན་མེད་མིག་སོགས་གཞན་དེས་མི་གྲུབ་པས།།
མིག་སོགས་ངེས་མི་ནུས་པའི་སྐྱོན་འགྱུར་གསུངས།།

གཉིས་པ་རྗེ་ཡི་རྩ་ཤེས་ཊཱིཀ་ཆེན་ལས།།
བདེན་པར་འདོད་ལ་ཆོས་ཅན་གང་སོང་ཀུན།།
ངོ་བོས་གྲུབ་པས་ངང་ནས་འགྲོ་དགོས་པས།།
མཐུན་སྣང་མེད་པར་འདོད་པའི་ཕྱོགས་ལྟར་གསུངས།།

གཞན་ཡང་རིགས་པ་དྲུག་བཅུའི་དར་ཊཱིཀ་ལས།།
ཟླ་བས་རང་རྒྱུད་གཏན་ཚིགས་བཀག་པ་ན།།
མཐུན་སྣང་མེད་ཅེས་དོན་དེས་བསྒྲུབས་པའི་ཕྱིར།།
མཐུན་སྣང་འདོད་ན་རང་རྒྱུད་འདོད་དགོས་གསུངས།།

མཁས་གྲུབ་ཆོས་རྗེའི་སྟོང་ཐུན་ཆེན་མོ་དང་།།
ཡབ་རྗེ་བླ་མའི་ལམ་རིམ་ཆེན་མོ་ལས།།
འདི་ཉིད་ལྟར་དུ་བཞེད་པ་ཡིན་སྙམ་སྟེ།།
མཐུན་སྣང་མེད་པར་འདོད་པའི་ལུགས་སུ་སྣང་།།

མཐུན་སྣང་གྲུབ་པའི་དོན་ཡང་ཕྱི་རྒོལ་ལ།།
ཚད་མ་ཇི་འདྲ་ཞིག་གི་གྲུབ་པའི་དོན།།
སྔ་རྒོལ་རང་ལ་དེ་ལྟར་ཡོད་པ་ཞེས།།
ལམ་རིམ་ཆེན་མོར་མཐུན་སྣང་དོན་དུ་གསུངས།།

དཔེ་དང་དོན་ལ་ཁྱད་པར་ཡོད་མེད་ནི།།
བདེན་པར་གྲུབ་དང་རྟག་པའི་ཁྱད་པར་དུ།།
མ་བྱས་ཕྱོགས་སྔར་གྲུབ་མིན་རྩོད་ཡིན་གྱི།།
སྒྲ་དང་གཟུགས་ལ་ཁྱད་པར་འབྱེད་པ་མིན།།

ཐལ་འགྱུར་བ་དང་རང་རྒྱུད་ནང་ཁུལ་ལ།།
མཐུན་སྣང་ཡོད་རུང་གྲུབ་མཐའ་གོང་འོག་ལ།།
མེད་ཅེས་མང་དག་སྨྲ་བར་བྱེད་པ་སྟེ།།
འདི་ཉིད་རང་རྒྱུད་མི་བཞེད་དོན་དུ་སྨྲ།།

འོན་ཀྱང་གོང་འོག་གཞུང་ཀུན་ལྷུ་བསྒྲིགས་ཤིང་།།
དྲི་མེད་རིགས་པས་རྣམ་པར་དཔྱད་པ་ན།།
མཐུན་སྣང་གྲུབ་པའི་ཆོས་ཅན་ཡོད་དགོས་ཏེ།།
ཕྱི་བས་མིག་སོགས་ཚད་མས་གྲུབ་ཕྱིར་རོ།།

ཡིན་རུང་དབུ་མར་སྨྲ་བའི་རང་རྒྱུད་དང་།།
གྲངས་ཅན་བར་ལ་ཡོད་པར་མི་འོས་ཏེ།།
ཕྱོགས་གཞི་བདེན་གྲུབ་ཁས་བླང་མེད་པའི་ཕྱིར།།
འདི་ནི་དཔྱད་པའི་འབབ་སྟེགས་ཡིན་ཞེས་སྨྲ།།

འདི་ལྟར་ཕྱི་ནང་ལུགས་ཀྱི་དཀའ་བའི་གནས།།
ཐལ་རང་མཁན་པོ་དག་གི་བཞེད་པའི་མཚམས།།
གསལ་ལ་ཟབ་པར་སྟོན་པའི་གཞུང་བཟང་དག །
མཇལ་ནས་འདྲེན་བྱེད་ཟུང་ཡང་སྐལ་ལྡན་གྱུར།།

ཕྲ་རགས་ཤེས་བྱའི་གནས་དང་དེ་ཉིད་དོན།།
ཚུལ་གསུམ་གཏན་ཚིགས་རིགས་པས་ལེགས་བརྟགས་ནས།།
སྔོན་མེད་རིགས་ལམ་འབྱེད་པའི་ཤིང་རྟ་བ།།
ཕགས་ཡུལ་པཎ་གྲུབ་དག་གིས་བདག་ཡིད་དྲངས།།

སྤྱོད་པ་ངོས་གཙང་ཕྱོགས་བྲལ་གདམས་པས་སྙིམས།།
ལྟ་བ་གནད་ཟབ་དྲི་མེད་རིགས་པས་བརྟགས །
ཟླ་མེད་ཟླ་བ་གྲགས་པའི་གྲུབ་པའི་མཐའ།།
བདེན་གསུངས་བདེན་པར་སྨྲའི་བའི་ལུགས་སུ་འཁུམས།།

ཁམས་བོད་གཙུག་ལག་རིག་པའི་མཐོ་སློབ་ནས།།
བཀའ་བསྟན་བཅུད་བཟང་མྱོང་བའི་དོན་གྱི་བརྡར།།
ལུང་རིགས་གཤོག་པ་ཟུང་གིས་བཏེགས་པ་ཡིས།།
རྐང་དྲུག་འདི་ཀོ་པདྨའི་ཚལ་ལ་རྩེན།།

མ་སྨད་ཡོན་ཏན་ཕུང་བོའི་ཆ་ཤས་རེས།།
བདེ་ཆེེན་ཟེགས་མ་འབྱེད་པའི་འོད་དཀར་ཅན།།
ཡོངས་ཀྱི་བཤེས་དང་ཆོས་མཐུན་གྲོགས་ཀྱི་མཐུས།།
གཟིགས་མོའི་གཏམ་འདི་འོ་མཚོའི་རླབས་ཀྱིས་བརྡོལ།།

ཐུང་ལ་མྱུར་བའི་ཚེ་འདི་ཇི་གནས་བར།།
སྐྱིད་ལ་སྡུག་པའི་འཚོ་བ་དོན་ལྡན་ཕྱིར།།
བརྒྱད་ལ་བརྒྱད་ཀྱིས་བསྐང་བའི་ངག་རྩོམ་འདི།།
ཡོངས་ལ་བློ་སྒོ་འབྱེད་པའི་དོད་དུ་བྲིས།།

དཔྱད་གསུམ་རིགས་སྟོབས་འབར་བའི་གཞུ་མོ་ཡིས།།
རིང་འདྲིས་རྨོངས་པའི་ཀུན་རྟོག་ཉེར་བསྣུན་ཏེ།།
ཡང་དག་དོན་དམ་མཇལ་བས་ཡེ་ཤེས་ཀྱིས།།
སྲིད་ཁམས་སྲིད་པའི་གནས་ལས་མྱུར་སྒྲོལ་ཤོག །

དབང་ཐང་མི་ཤིགས་ལྷུན་པོའི་རྒྱལ་མཚན་ལས།།
ཆོས་ཀྱི་དུང་ཆེན་སྲིད་མཐར་མི་ནུབ་ཅིང་།།
བདེ་ཆེན་རྫོགས་ལྡན་དང་པོའི་ཕྱྭ་གཡང་གིས།།
བསྟན་དང་འགྲོ་ལ་བཀྲ་ཤིས་རྟག་འཆར་ཤོག།
          དབུ་མའི་དཀའ་གནད་དུ་གྲགས་ཤིང་ཤིན་ཏུ་ཟབ་པའི་གཞུང་ལུགས་ཐལ་ལྡོག་ལ་རང་བློས་གང་ནུས་ཀྱིས་དཔྱད་པའི་གཏམ་ཤོ་ལོ་ཀ་བརྒྱ་རྩ་བརྒྱད་ཀྱི་གྲངས་དང་ལྡན་པ་འདི་ནི། ༧ཡབ་རྗེ་བླ་མ་ཀུན་མཁྱེན་ཙོང་ཁ་བ་མཆོག་གི་དགོངས་རྫོགས་དུས་ཆེན་དང་འབྲེལ་ནས་རི་བོ་དགེ་ལྡན་པའི་བསྟན་པའི་མངའ་འབངས་སུ་སྐྱེས་ཤིང་ཁམས་ཀྱི་ཆོས་སྡེ་ཆེན་མོ་རྫ་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་རིག་སྨྲའི་གྲལ་མཐའ་རུ་གཏོགས་པ་འབྲོང་དཔལ་ཚེ་རུ་འབོད་པས་སུག་བྲིས་བྱས་པ་དགེའོ།།

 

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།