ར་རྫི་ཁ་ཆེ།
རྩོམ་པ་པོ།:གངས་རྩེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-10
ཀློག་གྲངས།:
ར་རྫི་ཁ་ཆེ།
གངས་རྩེན།
དོ་ནུབ་ཀྱི་ཁོར་ཡུག་འདི་བདག་ལ་མཚོན་ན་ཇི་འདྲའི་སེམས་པ་བག་ལྷོད་དུ་བཏང་ཆོག་ལ། མོག་མོག་གི་འཇིག་རྟེན་འདི་དང་། འོད་ཟེར་འབུམ་ཕྲག་མེར་བའི་ཟླ་བའི་དཀྱིལ་འཁོར་འདི་རང་ཉིད་ལ་དབང་བ་བཞིན། ངས་བསམ་པའི་ཀློང་རུམ་ནས་ཅི་ཡང་དྲན་ཆོག་ལ་ཅི་ཞིག་མི་དྲན་ཡང་ཆོག་པས། ཉིན་གོང་བོར་ལས་ཀའི་ངལ་དུབ་དེ་རེ་ཞིག་ངལ་གསོའི་ཚུལ་དུ་ལུས་སེམས་བདེ་བར་འགོད་པའི་ཁོར་ཡུག་བཟང་པོ་ཞིག་མ་བརྩོན་ལྷུན་གྱིས་གྲུབ་བྱུང་། དུས་ཚོད་ཇི་ཙམ་འགོར་བ་མི་ཤེས་ཀྱང་། སློབ་གྲྭའི་ཁོར་ཡུག་དབེན་འཇགས་ཀྱི་རྣམ་པ་ལ་གཞིགས་ན་དགེ་སློབ་རྣམས་སྔ་མོ་ནས་རྨི་ལམ་གྱི་ཞིང་དུ་འགྲིམ་ཡོད་པར་ཚོད་དཔག་བྱེད་ཐུབ། སློབ་གྲྭའི་མདུན་ཕྱོགས་ན་ལྷང་ལྷུང་དུ་བཞུར་བའི་དཔལ་ཆུའི་བཞུར་རྒྱུན་དེས་ཁེར་རྐྱང་གི་རྡོག་སྒྲ་ལ་རམ་འདེགས་བྱེད་ཅིང་། ཟླ་འོད་འོག་ཏུ་ཆུ་ཡི་རླབས་ཕྲེང་དག་འོད་ཆེམ་ཆེམ་དུ་གསལ། རབ་རུབ་ཀྱི་ཟླ་འོད་འོག་ཏུ་རབ་རུབ་ཀྱི་སེམས་པ་ཞིག་སུ་ཞིག་གི་དོན་དུ་འཕགས་ཅིང་། ཡང་ན་སུ་ཞིག་གི་དོན་དུ་འཇགས་སོང་། དྲན་སྣང་སྣ་ཚོགས་ཀྱིས་སྒྱུ་འཕྲུལ་གྱི་འཇིག་རྟེན་མང་པོ་ཞིག་སེམས་ཀྱི་ཀློང་རུམ་དུ་འཚང་བས། བྱ་བ་ཅི་ཞིག་བརྩམས་པ་མ་ཤེས་པར་གོམ་པའི་འདེགས་འཇོག་དལ་བུར་མི་རྐྱང་ཉལ་ཁང་གི་ཕྱོགས་སུ་བསྐྱོད།
འཁྱགས་སེང་ངེར་ལུས་པའི་ཉལ་ཁང་དེ་ནི་རྣམ་ཤེས་དང་བྲལ་བེམ་པོ་ཞིག་འདྲ་བ་ཇི་འདྲ་སྡོད་མི་བདེ་བའི་ཁོར་ཡུག་ཅིག་ཨང་། ངས་རྒྱུན་པར་བཞིན་གློག་ཀླད་སྒོ་ཕྱེ་ནས་ཐད་ཀར་དྲ་རྒྱའི་འཇིག་རྟེན་དུ་འཛུལ་ཏེ། དོན་ཡོད་དོན་མེད་ཀྱི་བུ་མོ་དེ་ཚོ(དོན་ལ་བུ་མོ་ཡིན་མིན་རང་ཉིད་ཀྱིས་ཀྱང་གསལ་བོ་མི་ཤེས)ཁ་བརྡ་ལབ།
“གཟུགས་བཟང་མ། ཁྱོད་ད་དུང་སུ་ཞིག་ལ་ཁ་བརྡ་ལབ་བཞིན་ཡོད”ངས་རང་གི་ཁེར་རྐྱང་གི་འཚོ་བར་ནམ་ཡང་རེ་བ་དང་གསོན་ཤུགས་སྦྱིན་མཁན‘འཇིག་རྟེན་བདག་མོ’ཞེས་པའི་དྲ་གྲོགས་དེ་ལ་ཁ་བརྡ་སློང་མགོ་བརྩམས།
“དྲ་རྒྱའི་འཇིག་རྟེན་ན་སྐྱེས་ཕོ་རབས་སྟག་འདྲ་གཟིག་འདྲ་གྲལ་ལྟར་སྒྲིག་པས། ཁོང་ཚོས་ང་མི་བཏང་བར་ཁ་བརྡ་ལབ་ཏུ་བཅུག ཁྱོད་ཀྱང་མི་ཉལ་བར་སྨན་ཆུང་སུ་ཞིག་ལ་འཇབ་རྒོལ་བྱེད་ཀྱི་ཡོད”
“མི་རྐྱང་སེམས་པ་ཆུ་ལས་འཁྱག་པས། དོ་ནུབ་ཡང་གཉིད་དུ་མི་འགྲོ་བས་ཁྱོད་ལ་ལབ་གླེང་བྱེད་པ་ཡིན”
“གྲོགས་པོ། ཁྱོད་རང་ད་དུང་ཡོད་དམ། མ་བསམ་ས་ནས་འཕྲད་པས་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ”ཞེས་དྲ་གྲོགས་གསར་བ་ཞིག་གི་སྐད་ཆ་བསླངས་བྱུང་།ངས་སུ་ཡིན་ནམ་སྙམ་ནས་དྲ་མིང་ལ་བལྟས་ཚེ་དེ་ནི་སློབ་གྲོགས་དཔལ་མགོན་རེད།
“འོ། བདེ་མོ། དོ་ནུབ་ཕོ་རྐྱང་གཉིས་དྲ་བའི་འཇིག་རྟེན་ན་འཕྲད་པར་ངོ་མཚར་ཆེ”ཞེས་ལན་བསློགས། དེ་ནས་ངེད་གཉིས་སྔོན་གྱི་ལོ་རྒྱུས། ད་ལྟ་གནས་བབས། མ་འོངས་པའི་དམིགས་འདུན་སོགས་ཡར་མར་གྱི་སྐད་ཆ་མང་ཙམ་ཞིག་བཤད་པ་ཡིན། སྐད་ཆའི་མཚམས་ཞིག་ནས་སློབ་གྲོགས་དཔལ་མགོན་གྱིས་གཏམ་གློ་བུར་བ་ཞིག་ང་ལ་བཤད་བྱུང་། སྐད་ཆ་དེ་ཐོས་རྗེས་ངའི་འདྲེན་བྱེད་ཟུང་དུ་ཆ་རྒྱུས་ཧ་ཅང་ཆེ་བའི་སྣང་བརྙན་ཞིག་གིས་ཡོངས་སུ་ཁེངས་ཏེ། སེམས་ཁོངས་སུ་ཆུ་འཁྱག་ཕོར་གང་བླུག་པ་བཞིན་འཁྱག་སུབ་སུབ་དང་འདར་ཤིག་ཤིག་གི་ཚོར་བ་རྣོ་པོས་སེམས་ཀྱི་རྟ་ཕོ་དེ་དྲན་པའི་ཐང་ཆེན་དུ་ངར་གྱིས་ཤོར། ལྷག་པར་དྲ་བའི་ཤེལ་ངོགས་སུ“སྙིང་རྗེའི་བདག་ཡུལ་དུ་གྱུར་བའི་སློབ་གྲོགས་དེ་ང་ཚོ་དང་གཏན་ནས་གྱེས་སོང”ཞེས་བཀྲ་མ་ཤིས་པའི་གཏམ་ཆ་ཞིག་བཤད་འདུག་པས། བདག་གི་སེམས་པ་དེ་བས་སྡུག་བསྔལ་གྱིས་མནར་ཞིང་སྐྱོ་ཉམས་དོད་པའི་དཔྲལ་བ་ག་ལེར་ཀློག་ཀླད་རྩིས་གཞུང་ངོགས་སུ་བསྣན་ཏེ་རེ་ཞིག་བསམ་བློའི་དྲ་རུ་ཚུད། མཚམས་ཤིག་ནས་ངས་སློབ་གྲོགས་དཔལ་མགོན་ལ་སློབ་གྲོགས་དེའི་ཤི་རྐྱེན་གྱི་གནས་ཚུལ་ཞིག་རྒྱུས་ལོན་བྱ་ན་བསམ་ནས་མི་མཐུད་ལབ་རྩིས་བྱས་ཚེ། སློབ་གྲོགས་དཔལ་མགོན་གྱིས་སྔ་མོ་ནས་དྲ་སྒོ་རྒྱབ་ཚར་འདུག རང་ཉིད་ཀྱི་ཁ་པར་སྒོ་ཕྱེ་སྟེ་ནང་དུ་ཉར་བའི་གྲོགས་པོ་ཚོའི་མིང་ཐོར་བལྟས་ཚེ། ད་སོ་མ་ཕྱི་མའི་ཞིང་བཀོད་དུ་འཁྱམས་པའི་སློབ་གྲོགས་དེའི་ཁ་པར་ཨང་གྲངས་ཀྱང་འདུག ཨང་གྲངས་དེ་ང་ལ་མཚོན་ན་འདིར་འཁོད་པའི་མིང་ཐོ་ལས་ཆེས་ཆ་རྒྱུས་མེད་པ་ཞིག་རེད་འདུག མ་ཚད་ངའི་དྲན་ཤེས་སུ་ཁོ་རང་ལ་ཐ་ན་མཚམས་འདྲི་ཞིག་གི་ཚུལ་དུ་ཁ་པར་ཞིག་དང་ཡང་ན་འཕྲིན་ཐུང་ཞིག་བཏང་བར་དྲན་ཐུབ་མི་འདུག
ངོ་མ་། ང་ནི་མི་དྲི་གཏན་ནས་མི་བྲོ་བའི་མི་ངན་ཞིག་ཨང་། སློབ་གྲོགས་ཀྱིས་བཅོལ་བའི་དོན་དག་ཅིག་ངས་ད་དུང་མ་འགྲུབ་ལུས་ཡོད། དོན་དག་དེ་སློབ་གྲོགས་ཁོ་རང་ལ་མཚོན་ན་མི་ཚེའི་རིན་ཐང་ཡོད་མེད་ཀྱི་ཚད་གཞི་འདྲ་གྱུར་ཡོད། ཁོས་བྱ་བ་འདི་ཡིན་གཅིག་མིན་གཉིས་ང་ལ་བཅོལ་བ་མ་ཚད། ཅིས་ཀྱང་དུས་ཚོད་ཐུང་ཐུང་ནང་འབྲི་བའི་རེ་བ་བཏོན་པས་ངས་ཀྱང་ཁས་བླངས་ཡོད། ང་ནི་རྩོམ་ཡིག་ཐར་རེ་ཐོ་རེའང་མི་འཇོན་པའི་གང་ཟག་ཆུང་ཆུང་ཞིག་གིས“བླ་མའི་མཛད་རྣམ”འབྲི་རྒྱུ་དེ་ཝ་མོས་སེང་གེར་ཁ་འཐབ་བྱེད་པ་ལྟར་གྱུར་ཀྱང་། སློབ་གྲོགས་དེས་ང་ལ་དེ་འདྲའི་ཡིད་ཆེས་ཆེན་པོ་འཆངས་པ་ནི་་ངོ་མ་བློ་ཡུལ་འདས་པའི་བསམ་ཚུལ་ཞིག་རེད། ལྷག་ཏུ་ཁོས་བྱ་བ་དེ་བདག་ལ་བཅོལ་སྐབས་ཀྱི་རྣམ་འགྱུར་དང་ཚུགས་ཀ་དེ་ངས་ད་དུང་མིག་འབྲས་ཀྱི་མེ་ལོང་ངོགས་སུ་ཝ་ལེར་འཆར་བཞིན་འདུག མི་སུ་དང་སུ་ཞིག་ཡིན་ཡང་ཁས་བླངས་པའི་དམ་བཅའ་དེ་ཤོར་ན་ངོ་མ་རང་ཉིད་ཀྱིས་རང་ཉིད་ལ་རིན་ཐང་མེད་པར་བཟོས་པ་རེད། གལ་སྲིད་སློབ་གྲོགས་ཁོ་རང་གཞན་དབང་དུ་མ་གྱུར་ན་ངས་ཇི་ལྟར་ངང་ཁོ་ལ་སྐད་ཆ་འཕྲོད་སྲིད་དམ།
སློབ་གྲོགས་དེའི་མིང་ལ་ར་རྫི་ཁ་ཆེ་ཟེར།
དེ་ཡང་ཁ་བ་ལྷབ་ལྷུབ་འབབ་པའི་གཟའ་ཉི་མའི་ཉིན་ཞིག་ང་རང་གཟའ་སྤེན་པར་གྲོགས་པོ་ཚོ་དང་མཉམ་དུ་ལྦུ་ཆང་འཐུང་བར་མང་དྲགས་པས། དྲོ་ཇ་བཟའ་བའི་དུས་ལ་སླེབས་ཀྱང་གཏན་ནས་ལངས་མི་འདོད་པའི་སྣང་ཚུལ་ལྗིད་མོས་ཉལ་ཐུལ་གྱིས་མགོ་བོར་བཏུམས་ནས་ མུ་མཐུད་ཉལ། སྐབས་དེར་ཉལ་ཁང་གི་སྒོ་རྡུང་བའི་སྒྲ་མུར་མུར་གྲགས་པས། ད་གཟོད་མལ་ལས་ལངས་ཏེ་སྒོ་མོ་ཕྱེས། སྒོ་འགྲམ་དུ་ཁ་བས་ཡོངས་སུ་བཏུམས་པའི་མི་བོངས་ཆེན་ཞིག་ལངས་འདུག ཞིབ་ཏུ་བལྟས་ཚེ་དེ་ནི་བདག་གི་སློབ་འབྲིང་སློབ་གྲོགས་ར་རྫི་ཁ་ཆེ་རེད། ངས་དེ་མ་ཐག་ཁོ་རང་ནང་དུ་བསུས་ཏེ་དོན་དག་དྲིས། ཁོ་རང་ལུས་ལ་སྟོན་པ་མཉམ་མེད་ཀྱི་རྗེས་སུ་ཞུགས་པའི་གྲྭ་ལྭ་གྱོན་འདུག ང་རང་ལྷག་ཏུ་ཡ་མཚན་དང་བཅས་གདན་དུ་བཞུགས་པར་ཞུས་ནས་ཚ་དེམ་ནང་གི་ཆུ་ཁོལ་དྲངས། སློབ་གྲོགས་ར་རྫི་ཁ་ཆེ་ཅི་མི་སྙམ་པར་མདུན་དུ་བཞག་པའི་ཆུ་ཕོར་ལག་ཏུ་བཟུང་སྟེ་ཧུབ་འགའ་འཐུང་རྗེས། ད་གཟོད་སྐད་ཆའི་འགོ་བརྩམས་བྱུང་།
“མི་ཚེའི་སྐྱིད་སྡུག་དགོ་ཕོའི་རྭ་ཕྲེང་། ཟེར་བ་དེ་ངོ་མ་བདེན་པ་ཞིག་རེད། ང་ནི་སྐྱིད་སྡུག་ཁྲི་སྟོང་གི་རི་ལུང་བརྒལ་མྱོང་བའི་མི་དེའི་རིགས་སུ་གཏོགས། རེད། མི་སུ་དང་གང་ཞིག་ཀྱང་སྐྱིད་སྡུག་གི་འཁོར་ལོ་བསྐོར་དགོས་པ་ཤ་སྟག་རེད། སྐྱིད་པ་ལས་ཀྱང་སྡུག་པ་མྱོང་དགོས། མ་གཞི་འཁོར་བ་སྡུག་གི་རྒྱ་མཚོ་ལ་མཐའ་ཞིག་ག་ན་ཡོད”ཞེས་སྐད་གསེང་མཐོན་པོས་བཤད་བྱུང་།
ངས་སློབ་གྲོགས་ཀྱིས་ང་རང་བཙལ་བ་དོན་དག་ཅིག་ཡོད་པ་ཁོ་ཐག་རེད་སྙམ་ནས། “འོ། ཁྱོད་ཀྱིས་བཤད་པ་གཏིང་ཟབ་སོང་། ང་ཚོ་སྤྱིར་བཏང་གི་སྐད་ཆ་བཤད་ན་འགྲིག ཡ། ཁྱེད་རང་གནམ་གཤིས་འདི་འདྲའི་ནང་ང་རང་བཙལ་བར་དོན་དག་གལ་ཆེན་ཞིག་ཡོད་དམ”ཞེས་ཞུས། སློབ་གྲོགས་ར་རྫི་ཁ་ཆེས་ཞལ་གྱི་སྨ་རར་བྱིལ་བྱིལ་བྱེད་བཞིན། མིག་ཟུང་གིས་ཁང་པའི་ཕྱི་རོལ་གྱི་ཁ་བའི་འབབས་སྟངས་ལ་ལྟ་ཞོར།“དོན་དག་ཆེན་པོ་ཞིག་རྩིས་ཀྱང་མི་ཆོག་རྒྱུ་མེད”བསམ་བློ་བཏང་ཞོར་དེ་ལྟར་ལབ་བྱུང་།
ངས་སློབ་གྲོགས་དེའི་མིག་གི་ལྟ་སྟངས་དང་ལག་གི་རེག་སྟངས་གང་ཞིག་ལ་གཞིག་ཀྱང་། རྒྱུན་ལྡན་གྱི་དོན་དག་ཞིག་མིན་པར་ཤེས་ཏེ། ཁོ་རང་གི་འགྲམ་དུ་བསྡད་དེ་ནན་གྱིས་དྲིས།
སློབ་གྲོགས་ཀྱིས་ཡིད་ཆེས་ཀྱི་མིག་ཟུང་ང་ལ་བགྲད་བཞིན“དོན་དག་འདི་ང་ལ་མཚོན་ན་མི་ཚེ་གཅིག་གི་ལེགས་ཉེས་ཀྱི་བགྲོད་ལམ་ཡིན། དོན་དག་འདི་ཁྱོད་ཁོ་ནས་ང་ལ་རོགས་བྱེད་ཐུབ། དེའི་ཕྱིར། ཁྱོད་ཀྱིས་ཅིས་ཀྱང་ང་ལ་རོགས་འདི་བྱེད་དགོས”ཞེས་བཤད་ཞོར་ངའི་ལག་པ་དམ་དུ་འཇུས་ཏེ་རེ་ཞུས་བྱས། ང་རང་སློབ་གྲོགས་དེའི་རྣམ་འགྱུར་མཐོང་བར་དང་ཆབས་ཅིག་སེམས་པ་ཅུང་ཞིག་བྲེལ་འཚུབ་ལངས་ཏེ།“ཤོད་དང་རང་ནུས་གང་འགྲུབ་བྱེད། སློབ་གྲོགས་བར་དེ་འདྲའི་ཐུགས་འཛེམ་བྱེད་མི་རུང་”ཞེས་བཤད།
སློབ་གྲོགས་དེས་རྒྱབ་ཁུག་ནང་ནས་རས་ཐུམ་སེར་པོས་བཏུམས་པའི་དངོས་པོ་ཆུང་ཆུང་ཞིག་བླངས་ནས“འདི་ནི་ན་ནིང་རྒྱ་གར་ནས་བསྐུར་ཡོང་བའི་སྐྱབས་རྗེ་ག་གེ་མོའི་བཀའ་ལུང་ངོ་མ་རེད”ཞེས་བཤད་ཞོར་དོན་གལ་རེ་ཆེ་ལ་ནན་ཏན་ཟེར་བ་ལྟར་ང་ལ་མཛུབ་མོས་ཡིག་འབྲི་རེ་རེ་བཞིན་བསྟན་བྱུང་། ངས་ད་གཟོད་སློབ་གྲོགས་ར་རྫི་ཁ་ཆེ་བླ་མ་རིན་པོ་ཆེ་ཞིག་གི་སྤྲུལ་བ་བཞེས་ཡོད་པ་གསལ་བོར་རྟོགས།
“ཁྱོད་རང་དགོན་པ་གང་གི་བླ་མའི་ཡང་སྲིད་རེད”
“དཔལ་ལྡན་ས་སྐྱ་བའི་རིང་ལུགས་དྲི་མེད་འཛིན་པའི་རྒ་ཡི་ཐེག་ཆེན་རབ་འབྱོར་གླིང་གི་བླ་མ་རིན་པོ་ཆེ་རིག་འཛིན་ལགས་ཀྱི་སྐུ་ཕྲེང་དྲུག་པའི་ཡང་སྲིད་ཡིན”ཞེས་བདེན་པ་བདེན་ཐུབ་སྒོས་ལན་བསློགས་བྱུང་།
“ངོ་མ་དེ་ནི་ཁུ་བྱུག་གི་གསུངས་སྙན་ལྟར་བཀྲ་ཤིས་དགེ་བའི་གཏམ་བཟང་ཞིག་རེད། ད་ནས་བཟུང་ང་ལའང་འདི་ཕྱི་སྐྱབས་གནས་ཞུ་ཡུལ་སློབ་གྲོགས་བླ་མ་ཞིག་ཡོད་བྱུང”ཞེས་བགད་ཞོར་ཁ་མཚར་གྱི་ཚུལ་དུ་བཤད།
ཁོང་གིས་དེ་མ་ཐག“འདི་ཕྱིའི་སྐྱབས་གནས་ག་ལ་ནུས་ཀྱང་གྲོགས་ཕན་ཚུན་བར་དོན་དག་ཡོད་ན་ཅི་ཕྱིར་མི་བསྒྲུབ”ཅེས་གད་མོ་བགོད་ཞོར་ངའི་ཕྲག་པར་བྱིལ་བྱིལ་བྱེད་པ་དང་། ཡང་ཅི་ཞིག་དྲན་པ་བཞིན་མིག་ཟུང་ང་ལ་བགྲད་བཞིན་གཟབ་ནན་སྒོས་འདི་ལྟར་ལབ་བྱུང་།
“ད་ལོར་ང་ཚོའི་སྡེ་བར་བླ་མ་རྣམ་པའི་ལོ་རྒྱུས་དེབ་ཐེར་ཞིག་བསྒྲིག་རྒྱུར་རྫོང་ཆོས་ལུགས་སྡེ་ཁག་དང་འཐབ་ཕྱོགས་གཅིག་སྒྲིལ་ལས་ཁང་གཉིས་ཀྱིས་མཉམ་བསྒྲུབ་བྱེད་པའི་འཆར་འགོད་འཕང་འདུག མི་རྣམས་ཀྱིས་བཤད་པ་ལྟར་ན། བླ་མ་རྣམ་པའི་སྙན་གྲགས་དང་གོ་ས་མཐོ་དམན་དེ་ད་ལྟ་རྩོམ་སྒྲིག་བྱ་གྲབས་བྱེད་པའི་དཔེ་དེབ་དེ་ལ་རག་ལས་ཚུལ་དང་། ཕྱིན་ཆད་སྐུ་ཕྲེང་རིམ་བྱོན་གྱི་གྲགས་སྙན་རྒྱས་མིན་ཀྱང་ལོ་རྒྱུས་རྣམ་ཐར་འདི་ལ་ཐུག་ཡོད་ཚུལ་བཤད་ཀྱི་འདུག ངས་ཀྱང་གནས་ཚུལ་དེ་དམིགས་ཏེ་ཁྱོད་རང་བཙལ་བ་ཡིན”ཞེས་སྐད་ཆ་བཤད་ཞོར་རེ་ཆེན་གྱི་མིག་ཟུང་བཙུམ་རྡེབ་ཙམ་མེད་པར་ངའི་གདོང་དུ་ཅེར་བས། ངས་ཀྱང་ཅི་བྱ་གཏོལ་མེད་ངང་མདུན་དུ་བཞག་པའི་དཀར་ཡོལ་ཕོར་ཆུང་ནང་ཆུ་ཁོལ་གང་ལྡུག་ནས་ཁོང་ལ་དྲངས་ཞོར། དོན་ཆེན་དེ་འདྲ་མི་འཇོན་པའི་རེ་ཞུས།
མ་གཞི་སློབ་གྲོགས་ངེད་གཉིས་ཞལ་མ་འཕྲད་ནས་ད་བར་ཕལ་ཆེར་ལོ་ངོ་བཅུ་ལྷག་ཙམ་འགོར་བྱུང་། ང་རང་དམའ་འབྲིང་ནས་མཐར་ཕྱིན་རྗེས་ཁོ་རང་གཏན་ནས་ཐུག་མ་མྱོང་ལ། ཁོ་དང་འབྲེལ་བའི་སྐད་ཆ་ཕྲན་ཙམ་ཡང་གོ་ཐོས་མ་མྱོང་། ལྷག་ཏུ་ཁོ་རང་ཡང་སྲིད་ངོས་འཛིན་བྱས་བའི་འཕྲིན་བཟང་དེ་ང་ལ་མཚོན་ན་ཡ་མཚན་སྐྱེས་པའི་དོན་དག་ཅིག་གྱུར། ངས་བསམ་བློ་ཇི་ལྟར་བཏང་ཡང་སློབ་གྲོགས་ཀྱིས་བཅོལ་བའི་དོན་དག་དེ་དང་ལེན་བྱ་ཐབས་བྲལ་ཡང་། མ་འབབ་ཆུ་བོ་གྱེན་འདྲེན་དང་བཙན་པོའི་བཀའ་ལ་ཡར་ལྡོག་མེད་པ་ལྟར་བྱ་བ་དེ་ཁས་ལེན་མི་བྱེད་ཐབས་མེད་གྱུར།
དུས་ཚོད་ཀྱི་རྟ་བོ་མདུན་ནས་མདུན་དུ་བཞུར་ཞིང་། འདས་པའི་དོན་དག་རྣམས་བརྗེད་ངས་རྐུན་པོས་འཁྱེར། ཕྱིན་ཆད་ངས་སློབ་གྲོགས་ར་རྫི་ཁ་ཆེ་ཐུག་མ་མྱོང་ལ་ཁོས་ཀྱང་རྣམ་ཐར་དེ་འབྲི་ཚར་མིན་ང་ལ་ཚ་འདེད་མ་བྱས་བས་དེ་རིམ་བཞིན་སྣང་མེད་དུ་བསྐྱུར་ནས་ད་ལྟ་བར་དུ་ལུས་སོང་།
གཤམ་དུ་བཀོད་པ་ནི་བདག་གི་སློབ་གྲོགས་ར་རྫི་ཁ་ཆེས་བདག་ལ་བཅོལ་བའི་ཁོའི་ལོ་རྒྱུས་ཐུང་ཐུང་དེ་རེད། རྣམ་ཐར་དང་ལོ་རྒྱུས་གང་ཞིག་ཀྱང་དྲང་བདེན་གྱི་ལམ་ནས་དྲངས་རྒྱུ་ནི་རྩོམ་པ་པོ་ཞིག་རྩ་བའི་འགན་འཁྲི་ཡིན་པ་མ་ཟད། རྩོམ་པ་པོ་ཞིག་གིས་རིག་གནས་ལ་བཅངས་པའི་དམ་བཅའ་ཞིག་ཡིན་པས། འདིར་ཕྲན་གྱིས་ཀྱང་འུད་བསྟོད་དང་རབ་བཏགས་གང་ཞིག་མ་བཀོལ་བར་ངའི་མཐོང་ཐོས་མྱོང་གསུམ་གཙོས་བདེན་དྲང་གི་ལམ་ནས་དྲངས་ཏེ་གྲོགས་པོ་ཞིག་གི་ལྷག་བསམ་གྱི་ཚུལ་དུ་བྲིས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།