logo

དགེ་འདུན་ཆོས་འཕེལ་ཞིབ་འཇུག་གི་གནས་བབ་དང་སྣང་ཚུལ་སྐོར་གླེང་བ།

རྩོམ་པ་པོ།:རེ་རྐང་གླིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-03 ཀློག་གྲངས།:

 

               གླེང་། 
  
  དེ་ཡང་བོད་ཆེན་པོའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་ལམ་ལུགས་དེ་ཕྱི་ནང་གི་རྒྱུ་རྐྱེན་རབས་དང་རིམ་པ་ཞིག་གིས་ཉམ་ཉེས་པར་འགྲོ་བའི་དུས་དེ་ནི། འཇིག་རྟེན་གསར་བའི་སྐྱ་རེངས་ཀྱི་ཡོ་ལང་གོ་ལའི་ཁྱོན་ལ་རེས་མེད་འཕྲོས་པའི་དུས་མཚུངས་སུ་ཀྲུང་གོའི་གོས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དེ་མི་སེར་དོན་གསུམ་རིང་ལུགས་ཀྱི་བསམ་བློ་གཙོ་རྒྱུགས་སུ་ཚུགས་པ་ནས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་འཕོ་འགྱུར་བྱུང་བའི་དུམ་མཚམས་དེ་ལ་ཁེལ་ཡོད་ཅིང་། དམག་ཤེད་ཅན་དག་གིས་བསམ་བློ་གསར་རྙིང་སྣ་ཚོགས་པ་ཞིག་གི་གཞུང་ལུགས་བེད་སྤྱད་དེ་མི་སེར་གྱི་སེམས་ཁ་གསོ་བའི་རིག་གནས་ཀྱི་བར་བརྒལ་ཆེན་པོ་ཞིག་ཏུ་བཤད་ཆོག་པ་རེད།
  དུས་སྐབས་དེའི་རིང་ལ་བོད་ཀྱི་མཐའ་མཚམས་ཀུན་ཏུའང་དབྱིན་ཇི་དང་ཨུ་རུ་སི་སོགས་སྐབས་དེའི་བཙན་རྒྱལ་བ་དག་གི་དམག་སྒར་བཏབ་ཡོད་ཅིང་། མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་ཏུ་གྱུར་ཚར་བའི་རྒྱ་གར་སོགས་མཐའ་མཚམས་རྒྱལ་ཕྲན་འགའ་ཞིག་ནི་བོད་མི་ཕྱི་རྒྱལ་དུ་འགྲོ་བའི་ཟམ་པ་ལྟ་བུར་གྱུར་ནས་ཡོད་པ་དང་། ཡེ་ཤུའི་ཆོས་སྤེལ་བ་དག་གིས་ཆོས་ལུགས་སམ་ཆབ་སྲིད་ཡིད་ལ་བརྣག་བཞིན་བོད་ཡུལ་དུ་བསྐྱོད་པའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་པ་དེས། གངས་རི་ར་བས་ཡོངས་སུ་བསྐོར་བའི་ཁ་བ་ཅན་གྱི་ལྗོངས་ཆེན་འདི་ལ་རང་ཡུལ་དུ་དར་སོ་ཆེ་བའི་ལྷ་ཀླུ་གཉན་གསུམ་གྱི་ཆོ་འཕྲུལ་ལས་གཞན་ད་དུང་“སྐྲ་སེར་སྤྲེའུ་རིགས”ཀྱི་རླངས་འཁོར་དང་། པར་ལེན་འཕྲུལ་ཆས། གློག་བརྙན་སོགས་སྒྱུ་འཕྲུལ་མང་བོ་ཞིག་གི་མཐོང་ཐོས་མྱོང་འཇུག་ཐུབ་པས་ན་བོད་ས་སྐྱེ་རྡོ་སྐྱེ་ཡི་སྐྱེ་ཕོ་མོ་རྣམས་ལ་ཁ་རུབ་ཀྱི་འཇིག་རྟེན་དེ་ལས་རི་བོའི་ཕ་རོལ་གྱི་འཇིག་རྟེན་ལ་རྣ་བ་བླག་རྒྱུའི་འདོད་འདུན་བསྩལ་ཅིང་། ཤེས་རབ་དང་ལྡན་པ་འགའ་ཞིག་ཤེས་རྨོངས་ཀྱི་གྲོག་རོང་ལས་ཕྱིར་བུད་དེ་རི་བོའི་ཕ་རོལ་གྱི་འཇིག་རྟེན་ལ་ལྟད་མོར་ཆས་པའི་ལས་བརྩམས་ཤིང་། དཔའ་བའི་སེམས་དང་ལྡན་པའི་སྐྱེས་བུ་བློ་མིག་ཅན་འགའ་རེས་ཕྱིའི་བཀོད་པ་གསར་བའི་སྐྱ་རིས་དག་ཕྱིར་ཕ་ཡུལ་མི་དམངས་ཀྱི་ཆེད་བོད་ཡུལ་དུ་ཁྱེར་ནས་ཡོང་ནའང་མི་རྗེའི་རལ་བ་སྟུག་པོའི་འོག་གི་ཀླད་པ་དེ་སད་འཕྱི་བས། རེ་བ་དང་འོད་ཟེར་གྱིས་ཁེངས་པའི་མིག་ཟུང་དེ་དེ་ལྟར་གཡའ་ཆགས་པའི་རལ་གྲི་རྟུལ་བོ་ཞིག་གིས་བྲུས་ཏེ། སྲིད་ཀྱི་འགྲོ་དོན་ལ་རིག་པ་གསར་བའི་ལམ་སྟོན་བྱ་རྒྱུ་ནི་རང་སྲོག་རང་གིས་གཅོད་པའི་སྔ་ལྟས་ཤིག་ཏུ་གྱུར་ནས་ཡོད་དོ། །
  ཡིན་ནའང་བོད་འདི་ལ་བཙན་པོ་ཨུ་དམ་བཙན་བཀྲོངས་པའི་རྗེས་ཀྱི་མུན་ནག་གི་དུས་སྐབས་ནས་བཟུང་སྟེ་བོད་སིལ་བུའི་དུས་སྐབས་ཧྲིལ་བོར་གླེང་རི་བའི་བརྗོད་བྱ་གསར་བ་ཞིག་ཡོད་པ་ནི་གྲུབ་མཐའ་གསར་འཛུགས་དང་ལྟ་བ་གསར་འབྱེད་ཀྱི་རང་ལུགས་ཤིག་བཏོན་མྱོང་བ་དེ་རེད་ལ། ལོ་རྒྱུས་ཀྱི་གོད་ཆག་གམ་བསྟན་པ་དར་ཚུལ་དེས་ད་གཟོད་མི་སེར་གྱི་སེམས་ངོ་འཚོ་ཐུབ་པ་ནས་ལུང་བ་རེ་ལ་བླ་མ་རེ་དང་། མངའ་སྡེ་རེ་ལ་གྲུབ་མཐའ་རེ་ཡོད་པའི་“བོད་ཆོས་ཀྱི་ཞིང་ཁམས”ཟེར་བ་དེ་ཚུགས་པ་དང་། གྲུབ་མཐའི་ཕྱོགས་ཞེན་གྱི་ཞེ་འཁོན་ཁོ་ནས་ཆོས་པ་ཆབ་སྲིད་པ་དག་བྱུང་ཞིང་། སྒང་བ་བོད་ལ་སྒེར་ཚུགས་སུ་བཏབ་པའི་དགའ་ལྡན་ཕོ་བྲང་གི་ཁྲི་རབས་དེ་ནི་སྣང་ཚུལ་དེའི་ཐོན་འབྲས་གལ་ཆེན་ཞིག་ཏུ་བཤད་ན་ཆོག
  ཚུལ་དེ་ལྟ་བུ་ཞིག་གི་དབང་གིས་བོད་ཀྱི་ཆོས་ལུགས་པ་མང་པོ་ཞིག་ལ་ཆབ་སྲིད་སྐྱོང་བའི་དབང་ཆ་མི་ལྡན་ན་ཡང་གྲུབ་མཐའ་དང་ལྟ་བ་སོ་སོར་དབྱེ་བའི་ལག་ལེན་གྱི་ཆ་ནས་བོད་རང་ལ་ཁྱབ་ངོས་ཀྱི་ཤུགས་རྐྱེན་འཇོག་གིན་ཡོད་པ་དང་། ཤན་ཤུགས་དེས་སྐབས་འགར་ཆབ་སྲིད་ཀྱི་དབང་ཤེད་ལ་འགྲན་འཛུགས་ཐུབ་པ་བྱུང་བས་བོད་ཡུལ་ནི་སེར་མོ་བ་གཙོ་བྱས་པའི་ལྷ་སྒྲུང་གི་འཇིག་རྟེན་ཞིག་ཏུ་གྱུར་ཞིང་། ལྷ་སྒྲུང་རེ་རེའི་རྒྱབ་ལྗོངས་སུ་དངོས་ཡོད་ཀྱི་སྐྱོ་གར་མང་པོ་ཞིག་བག་ལ་ཞ་ཡོད་པ་རེད།
  གནད་དོན་དེ་ལས་འཕྲོས་ཏེ་བོད་འབངས་མི་སེར་གྱི་སེམས་ལ་རང་གི་བུ་ཕྲུག་དེ་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་ཐོག་མར་ཆོས་པ་ཞིག་བྱ་རུ་འཇུག་དགོས་ལ་དེ་ལས་ཀྱང་ཕུགས་རིང་བོར་བསྙེག་ཕྱིར་ས་གནས་ཁག་གི་དགོན་སྡེ་གྲགས་ཅན་དག་དང་ཐ་ན་ལྷ་སའི་སེ་འབྲས་དགའ་གསུམ་གྱི་གདན་ས་གསུམ་ལ་སློབ་གཉེར་དུ་མངགས་ཀྱིན་ཡོད་པ་རེད། སྣང་ཚུལ་དེ་འདྲ་བ་སྔོན་གྱི་རྗེ་ཙོང་ཁ་བའི་ཡར་སྔོན་ནས་ཡོད་མོད། དགེ་ལུགས་པའི་བསྟན་པ་རྒྱ་ཆེར་དར་བ་དང་དགའ་ལྡན་ཕོ་བྲང་གི་ཁྲི་རབས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཕྲག་སྟེང་དུ་བབས་པ་དེ་དག་ལ་རྐྱེན་བྱས་ཏེ་“ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་པོ་མེད།”ཅེས་པའི་མི་ཕལ་བ་དག་ལྷ་གནས་སུ་འཕོ་འགྱུར་ཐུབ་པའི་ངག་ཚིག་དེའི་རང་དབང་གི་ཕྱིར་དུ་མི་མང་པོ་ཞིག་ཕྱོགས་བཞི་མཚམས་བརྒྱད་ནས་ལྷ་སར་འདུས་ཏེ་ཐོས་པ་བཙལ་ཞིང་། རང་རང་གི་ངའོ་སྙམ་པའི་རྣམ་དཔྱོད་ཀྱི་རྩལ་དང་རིག་པ་གཉིད་ཆག་ཟས་བརྗེད་ཀྱིས་རྩོད་པའི་རྒྱལ་ཁམས་སུ་འཐིམ་པར་གྱུར་ཡོད།
  སྐབས་འདིར་འཕྲོས་བཤད་ཀྱི་ཚིག་འབྲས་སྐྱུང་བཞིན་སྐབས་གོང་མའི་ནང་དོན་དང་སྦྱར་བ་ཡིན་དུས། གྲྭ་ས་ན་གནས་པའི་མཁས་པ་དག་ལ་འཇིག་རྟེན་གསར་བའི་གནས་ཚུལ་སྐོར་ཞིག་འགྲེལ་བརྗོད་བྱས་ཆོག་པའི་དབང་ཆ་དང་ལྡན་ནས་ཡོད་པ་ནི། གཅིག་ནས་གྲྭ་བ་དག་གིས་རྩོད་པ་བྱེད་ས་དེ་གཙོ་བོ་བསམ་པའི་དཔལ་ཡོན་གྱི་སྟེང་ན་གནས་ཡོད་པས་ཕྱི་དངོས་པོའི་རང་བཞིན་ལ་ཐད་ཀར་འབྲེལ་འཛུགས་མི་ཐུབ་པ་དང་། གཞན་དུ་ཐུན་མོང་གི་དམིགས་ས་རི་བོ་དགེ་ལྡན་པའི་ལུགས་ཀྱི་ཡིག་ཆ་དག་མིན་དང་གོ་བ་འགྲོ་མིན་ཁོ་ནར་སེམས་ཤོར་ཡོད་པས་ཁ་ནས་ཅི་བཤད་ཁྲིམས་ལ་སྦྱོར་བའི་དཔེ་མེད་པར། ལྟ་བ་གསར་བ་གང་ཞིག་བརྗོད་པ་ལའང་མིག་ཟུང་འབྲུ་བའི་དངངས་སྐྲག་སྐྱེས་མི་དགོས་པ་དེ་རེད། 
   སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དེ་ལྟ་བུ་ཞིག་གི་དབང་གིས་དགེ་འདུན་ཆོས་འཕེལ་ཡང་འཇིག་རྟེན་མི་ཡུལ་དུ་བལྟམས་མ་ཐག་ནས་(1903ལོའི་ཧོར་ཟླ3པའི་ཚེས23ཉིན)ཕ་ཡུལ་རེབ་གོང་ཞོ་འོང་དཔྱི་དང་ཡང་ན་གཡའ་མ་བཀྲ་ཤིས་འཁྱིལ། (1909ལོར་ཕེབས) མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་(1921ལོར་ཕེབས) ལམ་དབུས་གཙང་(1927ལོར)དུ་ཕེབས་པ་གང་ཡིན་རུང་། གོང་གི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལས་མཆེད་པའི་རླབས་རྒྱུན་གྱི་རྔམ་ཁ་དེས་ཡར་མར་འདེད་ཀྱིན་པའི་གཡོར་གྲུ་ཞིག་དང་ཆ་འདྲ་བས་ན། གང་སོང་ས་རུ་རིག་པ་གསར་བའི་བསམ་བློའི་དར་ཆ་དེ་གསལ་བོར་སྒྲེང་བཞིན་ཁོར་ཡུག་གི་མཁས་མིང་འཛིན་པ་མང་པོ་ཞིག་ལ་ཕྲག་དོག་གི་མེ་ལྕེ་སྦར་ནས་ཡོད་ཅིང་། ན་སོ་གཞོན་པའི་སློབ་གྲོགས་སྐོར་ཞིག་ལ་བློ་འབྱེད་ཀྱི་ནུས་པ་ཡང་བཏོན་ནས་ཡོད་པ་རེད། ཡིན་ན་ཡང་འདིའི་ཡན་གྱི་ཁོང་གི་མི་ཚེ་བྱུང་བ་དེ་ལོ་རྒྱུས་ཞིབ་འཇུག་པ་ཁ་ཅིག་གིས་མང་པོ་བརྗོད་ཀྱིན་ཡོད་ལ། ཁོང་གི་འཚོ་གཞིས་ཀྱི་གདམ་ཀ་དང་གནས་གང་དུ་དུས་ཡུན་ཅི་འདྲ་ཞིག་ལ་བཞུགས་མྱོང་ཚུལ། ཐ་ན་ཁོང་གི་དབྱིན་ཡིག་སྦྱངས་མིན་དང་ལྟ་བ་གསར་བའི་སྒོ་གླེགས་ཕྱེས་ཐུབ་མིན་སོགས་གནད་དོན་མང་པོ་ཞིག་ལ་རྩོད་པ་བྱེད་མཁན་ཡོད་པར་མ་ཟད། དགེ་ཆོས་ཁོང་གི་ཕྱིས་ཀྱི་སྙན་ངག་བརྩམས་ཆོས་བརྩིས་པའི་རྩོམ་ཡིག་མང་པོ་ཞིག་ལུང་དུ་དྲངས་པ་ཡང་ཡོད་མོད། གལ་བོ་ཆེ་ལ་ནན་ཏན་དུ་ཤེས་དགོས་རྒྱུ་ཞིག་ནི་དུས་སྐབས་འདིའི་གོང་གི་དགེ་འདུན་ཆོས་འཕེལ་ནི་གྲྭ་སར་གནས་པའི་དགེ་བཤེས་ལོ་གཞོན་གཞན་དག་དང་འདྲ་པར་རྣམ་དཔྱོད་ཀྱི་རྩལ་རྫོགས་པ་ཙམ་གྱི་སྐབས་དེའི་འཛམ་གླིང་ལ་རྒྱུགས་ཆེ་བའི་མི་ཇུས་ཀྱི་བསམ་བློ་གང་ཡང་ཚུགས་མེད་པ་དེ་རེད། དུས་སྐབས་འདིའི་ཡན་དུ་དགེ་འདུན་ཆོས་འཕེལ་ནས་ཀྱང་ཕྱི་རབས་པ་དག་ལ་དང་བ་སྐྱེས་སུ་འཇུག་པའི་བརྩམས་ཆོས་ཡང་གང་ཡང་བྲིས་མེད་དེ། ཁོང་གི་རྩོད་ཟླའི་མིང་གི་གྲགས་པ་དེ་རེ་ཞིག་གྲྭ་ས་ཆེན་པོ་དག་ལ་དལ་གྱིས་ཁྱབ་ཀྱིན་པས་ན་ང་ཚོས་ཁོང་ལ་ཞིབ་འཇུག་བྱེད་པའི་གལ་ཆེ་ས་དེ་སྐབས་འདི་ག་ནས་བཟུང་བ་ཡིན་དུས། དགེ་འདུན་ཆོས་འཕེལ་གྱི་བསམ་བློ་དང་མི་ཚེའི་བྱུང་བ་དེ་དོན་སྙིང་ཡོད་པ་ཞིག་ཏུ་རྙེད་ཐུབ་གི་རེད་བསམ་མོ།། 

 
  དང་པོ། དགེ་ཆོས་ཞིབ་འཇུག་གི་རེ་བའི་མྱུ་གུ་འབུས་ཚུལ། 
  རྒྱ་ནག་གི་དགེ་ཆོས་ཞིབ་འཇུག་པ་སྐུ་ཞབས་ཏུའུ་ཡུང་པིན་ལགས་ཀྱིས་ཕྱོགས་བསྡུས་བྱས་པའི་《རྒྱལ་ཁབ་ཕྱི་ནང་དུ་དགེ་འདུན་ཆོས་འཕེལ་ལ་ཞིབ་འཇུག་བྱེད་པའི་འཕེལ་རིམ་གསར་བ》(《国内外根敦群培研究的新进展》 杜永彬)ཞེས་པའི་གྲངས་ཚད་གཞིར་བཟུང་ནས་བཤད་ན1950ནས2012ལོའི་བར་དུ་དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག ཧྥ་རན་སེའི་ཡི་གེ་སོགས་སུ་པར་སྐྲུན་བྱས་པ20ཙམ་ཡོད་པ་དང་། དེའི་ཁྲོད་དུ་རྩོམ་བཏུས6(སྒེར་ངོས་ནས་པར་བའི《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》དེབ་༥ཅན་དེ་གཏོགས)དང་། ཆེད་རྩོམ་དེབ19(བོད་ཡིག་གི་ཆེད་རྩོམ12དང་། རྒྱ་ཡིག་གི3དབྱིན་ཡིག་གི2ཧྥ་རན་སེའི་ཡིག་གེའི1འཇར་མན་གྱི་ཡིག་གེའི1བཅས) འགྱུར་དེབ14(རྒྱ་འགྱུར4དང་། དབྱིན་འགྱུར7ཧྥ་རན་སེའི་ཡིག་གེའི་འགྱུར1ཧྥ་རན་སེའི་ཡིག་གེ་ནས་རྒྱ་ཡིག་ཏུ་བསྒྱུར་བ1དབྱིན་ཡིག་ནས་འཇར་མན་གྱི་ཡིག་གེར་བསྒྱུར་བ1བཅས) ཚགས་དེབ་སོགས་སུ་སྤེལ་ཟིན་པའི་དཔྱད་རྩོམ140(བོད་ཡིག་གི་དཔྱད་རྩོམ32དང་། རྒྱ་ཡིག་གི་དཔྱད་རྩོམ67 ཕྱི་ཡིག་གི་ལམ་ནས་བརྩམས་པའི་དཔྱད་རྩོམ41བཅས)མཐར་ཕྱིན་དཔྱད་རྩོམ་ལེགས་འགྲུབ་བྱུང་བའི་དཔྱད་རྩོམ11(འབུམ་རམས་པའི་དཔྱད་རྩོམ3དང་། ལྷ་རམས་པའི་དཔྱད་རྩོམ8)བཅས་ཡོད་པར་བཤད།
    སྤྱིར་ན་གོང་གསལ་གྱི་གྲངས་ཚད་ལས་ང་ཚོས་ཤེས་སྲིད་པ་ནི་དགེ་འདུན་ཆོས་འཕེལ་ཞིབ་འཇུག་གི་ལམ་བུ་དེ་གསར་དུ་ཕྱེས་མ་ཐག་པ་ཞིག་མ་ཡིན་པར་གྲངས་ཚད་ཁོ་ནས་ཀྱང་འཛམ་གླིང་གི་མི་བོ་ཆེ་གཞན་རྣམས་དང་དཔུང་བ་མཉམ་གཤིབ་ཏུ་བསྒྲེངས་ཐུབ་པ་ཞིག་ཡིན་མོད། དགེ་ཆོས་ཀྱི་མི་ཇུས་བསམ་བློ་དང་སྙིང་སྟོབས། ལྟ་གྲུབ་སོགས་ཀྱི་ཐད་ནས་བཤད་ན། མང་བོ་ཞིག་གོང་དུ་བརྗོད་པ་བཞིན་ཁོང་གི་རྣམ་ཐར་དང་འབྲེལ་བ་ཅན་ཤ་སྟག་ཡིན་ལ། དེ་ལས་བོད་རང་གི་སྐད་ཡིག་གི་ལམ་ནས་བརྩམས་པའི་དཔྱད་རྩོམ་དག་ཀྱང་གྲུབ་མཐའ་སྨྲ་བ་ཁོ་ནའི་དབང་དུ་གྱུར་བ་ནི། དཔེར་ན་སྤྱི་ལོ1956--1957ལོའི་བར་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་བརྩམས་པའི《ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེང་གེའི་ང་རོ》ཞེས་པ་ནས1997ལོར་དོར་ཞི་གདོང་དྲུག་སྙེམས་བློ་སོགས་ཀྱིས་བརྩམས་པའི་《ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེ་མེ་ལྕེ》ཞེས་པའི་བར་དུ་དགེ་ཆོས་ཀྱི་ཐད་ལ་ཞིབ་འཇུག་བྱ་མཁན་གྱི་མཁས་པ་དག་གི་ཡིད་ལ་བརྣག་པ་ནི་དགེ་འདུན་ཆོས་འཕེལ་གྱི་བླ་ན་མ་མཐོ་བའི་བསམ་བློའི་རང་བཞིན་ངོས་ཟིན་པ་ཞིག་ནི་མ་ཡིན་པར《དབུ་མའི་ཟབ་གནད་སྙིང་པོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན》ཞེས་པའི་བརྩམས་ཆོས་ཁོ་ནར་དམིགས་ཏེ་གྲུབ་མཐའ་གསར་རྙིང་གི་ཞེན་པའི་དོལ་དུ་ལྷུང་ནས། དབུ་མ་ཐལ་འགྱུར་བ་རང་ངོར་ཁས་ལེན་ཡོད་མེད་དང་། ཐ་སྙད་ཚད་མར་གཙིགས་སུ་བྱ་དགོས་མིན་གྱི་ཡས་འཐེན་མས་འཐེན་གྱི་དྲ་བ་སྦྲེལ་ནས་འགྲོ་འཆག་གི་རྣམ་པར་དཔྱོད་པ་ལས་དགེ་ཆོས་ཀྱི་བསམ་བློའི་སྙིང་སྟོབས་དང་གཞན་དྲིང་མི་འཇོག་པའི་ཐུན་མིན་གྱི་ཆ་ལ་ནུས་པ་བླ་ལྷག་ཏུ་ཐོན་མེད་པ་དང་། དེ་ལས་གཞན1982ལོར་ཨ་ལགས་ཚེ་ཏན་ཞབས་དྲུང་གིས་མཛད་པའི་《དེབ་དཀར་དུ་འགོས་ལོར་སྐྱོན་བསྟན་པ་མི་འཇུག་པའི་དཔྱད་པ》ཞེས་པ་སོགས་ཀྱང་དཔྱད་རྩོམ་གྱི་དོན་སྙིང་ལོང་ནས་ཡོད་ནའང་། གྲྭ་ས་ཆེན་པོ་དག་གི་མཁས་རྒན་རྣམས་ཀྱིས་རང་རང་གི་ཡོན་ཏན་གྱི་ཆེ་བ་མངོན་ཚུལ་དེ་ག་ཙམ་ལས་དགེ་འདུན་ཆོས་འཕེལ་ལ་ངེས་པ་དོན་གྱིས་ཞིབ་འཇུག་བྱས་པའི་ནང་དོན་ཅན་ཞིག་ཏུ་བརྗོད་ཐབས་མེད་པ་ཞིག་རེད། དེས་ན་དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་རིན་ཐང་དང་ཁོ་ལ་ལྡན་ངེས་ཀྱི་གདེངས་ཐོབ་དེ་སྐབས་གང་ནས་དར་བ་རེད་ཟེར་ན། གཙོ་བོ་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་ལོ་རྒྱུས་གཙོས་པའི་གསུང་རྩོམ་པར་དུ་བཏབ་པ་ལས་མཆེད་འཕོས་བྱུང་བ་ཞིག་སྟེ་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བའི་ནང་དུ་དགེ་ཆོས་ལགས་ཀྱི་བརྩམས་ཆོས་《རྒྱ་གར་མཐོང་ནས་སྔོན་མེད་བློ་བསྐྱེད》(བོད་ཡིག་བྱུང་ཚུལ)དང་《འཇིག་རྟེན་རིལ་མོའམ་ཟླུམ་པོ》སོགས་མང་པོ་ཞིག་《གསར་འགྱུར་མེ་ལོང》སྟེང་བཀོད་པ་དང་། ༡༩༣༨ལོར་《འདོད་པའི་བསྟན་བཅོས》ཀྱི་ལེགས་སྦྱར་སྐད་ཀྱི་འགྱུར་བྱུང་བ། ༡༩༤༩ལོར་ཆའོ་ཀྲིན་རོལ་རིག་(George Roerich)དང་ལྷན་དུ་《དེབ་ཐེར་སྔོན་པོ》དབྱིན་ཡིག་ཏུ་བསྒྱུར་བ་(དབྱིན་འགྱུར་དེབ་ཀྱི་ལོ་ཙཱ་བའི་མིང་ལ་ཆའོ་ཀྲིན་རོལ་རིག་ཁོ་ན་ལས་དགེ་འདུན་ཆོས་འཕེལ་གྱི་མིང་བཀོད་མེད་ནའང་འགོ་བརྗོད་(ནང་དོན་མདོར་བསྡུས)ཁྲོད་དུ་རོལ་རིག་གིས་“It has been a source of much satisfaction to me that l was able to discuss the entire translation with the Rev.Dge vdun chos vphel, the well-known Tibetan scholar, and l gratefully acknowl-edge here his very helpful guidance”.(གུས་ཤིང་རྩེན་པའི་བོད་ཀྱི་རིག་པ་སྨྲ་བ་དགེ་འདུན་ཆོས་འཕེལ་ལགས་ལ་འགྱུར་ཡིག་ཆ་ཚང་གོ་བསྡུར་ཞུས་པ་ལ་ནི་ཁོ་བོ་ཞེ་ཚིམས་ནས་ཡོད་ཅིང་། ལྷན་དུ་ངས་ཁོང་གི་ལྷག་བསམ་དག་པོའི་མཛུབ་སྟོན་ལ་ཡི་རང་དང་བཅས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།)①ཞེས་པའི་བཀའ་དྲིན་ཞུ་ཡིག་བཞག་པ་དེ་རྗེས་སོར་ཕྱི་རྒྱལ་བ་དག་གིས་དགེ་འདུན་ཆོས་འཕེལ་ལ་རྒྱུ་འབྲས་བློ་མིག་གི་གནས་ལུགས་སློང་བའི་དཔེ་བརྗོད་དུ་གྱུར་བ་ནས་ཨ་རིའི་བོད་རིག་པའི་མཁས་ཆེན་ཐཱང་ན་དི་ལའོ་ཕེའེ་ཚི་(Donald S. Lopez, Jr.)སོགས་ཀྱིས་དགེ་འདུན་ཆོས་འཕེལ་མེད་པ་ཡིན་ན་རོལ་རིག་གིས་དེ་ལྟའི་འགྱུར་ལེགས་པོ་ཞིག་མི་འཁྱོངས་པ་ཐག་གིས་བཅད་ཆོག་ཟེར་བ་སོགས་ཀྱི་གདེངས་འཇོག་གནང་བ་དེ་དག་གིས་འགྱུར་ཡིག་འདིའི་གལ་ཆེན་རང་བཞིན་གསལ་བཤད་བྱས་ཡོད་འདུག)སོགས་ལས་ཕྱི་རྒྱལ་གྱི་མི་དག་གིས་དགེ་འདུན་ཆོས་འཕེལ་ལ་ཡིད་འཇོག་བྱེད་མགོ་བརྩམས་ཤིང་། ཁྱད་པར་དུ་《དེབ་དཀར》བྱུང་བའི་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་ཏིན་ཧོང་གཏེར་ཡིག་གཙོས་པའི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་སྐོར་ཅིག་གིས་དགེ་འདུན་ཆོས་འཕེལ་ཞེས་པ་བོད་ཀྱི་ལོ་རྒྱུས་དང་དུས་མཉམ་དུ་ངོ་ཤེས་བར་གྱུར་བ་དེས་ངེས་པ་དོན་གྱི་དགེ་འདུན་ཆོས་འཕེལ་ལྷང་ལ་བུད་པ་ནས་ཞིབ་འཇུག་གི་དབུ་བརྩམས་པར་སྙམ་མོ། ། 
  
   གཉིས་པ། དགེ་ཆོས་ཞིབ་འཇུག་གི་ཁ་ཕྱོགས་ལ་འགྱུར་བ་བྱུང་ཚུལ། 
  དེ་ཡང་སྤྱི་ལོ1972ནས1980ལོའི་བར་དུ་བོད་ཀྱི་མཁས་པ་རི་ཁ་བློ་བཟང་བསྟན་འཛིན་དང་གོ་འཇོ་ཨ་ཕོ་བླ་ཆུང་(དགེ་བཤེས་ཤེས་རབ་རྒྱ་མཚོའི་པིར་མིང་)། རཀ་ར་སྤྲུལ་སྐུ། བཀྲས་མཐོང་ཐུབ་བསྟན་ཆོས་དར་སོགས་ཀྱིས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་རྣམ་ཐར་རིང་ཐུང་ཅི་རིགས་ཤིག་བརྩམས་གྲུབ་བྱུང་ནས་ཡོད་ནའང་། རྒྱུན་སྲོལ་གྱི་རྣམ་ཐར་རྩོམ་པའི་ལུགས་ཀྱིས་རང་ཤོང་སྤྱིལ་བུ་ནས་ཡིག་ཚགས་ཀྱི་ཀློང་རིམ་མྱུལ་དེ་དམ་པ་གང་གི་བྱུང་བ་ཙམ་བརྗོད་ཡོད་པ་ཙམ་གྱི་དངོས་བཅར་གྱིས་ཡུལ་དངོས་ལ་རྟོག་འཇུག་བྱེད་མཁན་ཐོག་མ་ནི་དགེ་ཆོས་ལགས་ཀྱི་སྐུ་ཚ་ཨ་ཁུ་གཡང་དྲུང་རྒྱལ་གྱི་བཤད་ཚུལ་གཞིར་བཟུང་ནས་བཤད་ན་དགེ་འདུན་ཆོས་འཕེལ་གྱི་ཞིབ་འཇུག་རྒྱུ་ཆའི་ཐད་དགེ་ཆོས་ཚང་གི་གཞིས་ཁྱིམ་ལ་དངོས་སུ་བཅར་མཁན་གྱི་ཞིབ་འཇུག་པ་ཐོག་མ་ནི་ཧྥ་རན་སིའི་བུད་མེད་བོད་རིག་པ་བ་ཧིས་ཐིར་(Heather Stoddard)ལགས་ཡིན་པར་བརྗོད་ལ། ཁོ་མོ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ཐོག་མའི་ཆར་ཏེ་ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་བྱས་མ་ཐག་གི་དུས་སུ་དགེ་ཆོས་ལགས་ཀྱི་ཕ་ཡུལ་མདོ་སྨད་ཞོ་འོང་དཔྱི་ལ་ཐོན་ནས་དགེ་ཆོས་ལགས་ཀྱི་ཨ་ཅེ་ལ་དངོས་སུ་བཅར་འདྲི་བྱེད་མཁན་ཡིན་པར་བརྗོད་པ་དང་། གཞན་ད་དུང་བོད་ཕྱིའི་མཁས་པ་ཆེན་པོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་ལགས་ཀྱིས་མཛད་པའི་《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》ཞེས་པ་ལས་ཀྱང་འབྲས་ལྗོངས་མངའ་སྡེའི་བློན་ཆེན་ཀ་ཇི་ལྷུན་གྲུབ་རྡོ་རྗེ་སོགས་ལ་དངོས་བྱུང་ལོ་རྒྱུས་སྐོར་བཀའ་འདྲི་ཞུས་པ་བཅུ་ཕྲག་ཅིག་སྒྲ་འཛིན་འཁོར་ཐག་ལས་ཟིན་བྲིས་སུ་ཕབ་པ་དག་ནི་ཤིན་ཏུ་ནས་འཛམ་གླིང་གི་རིག་པ་གསར་བའི་འཕེལ་ཚུལ་དང་ཆ་འདྲ་བས་བོད་རང་གི་ངག་རྒྱུན་དུ་“དགེ་འདུན་ཆོས་འཕེལ་ལགས་ཀྱི་བླ་ན་མ་མཐོ་བའི་རིག་པའི་འཕྲིན་ལས་དེ་བོད་ནས་ཕྱི་ལ་གྲགས་པ་ཞིག་མ་ཡིན་པར། ཕྱི་ནས་ནང་ལ་གྲགས་པ་ཞིག་ཡིན་ནོ”ཟེར་བ་ལའང་གཞི་འཛིན་ས་མེད་པ་ཞིག་མ་རེད་བསམ། 
  ཡང་ཞིབ་འཇུག་པ་ཁ་ཤས་ཀྱིས་ཧིས་ཐིར་ལགས་ཀྱིས་བརྩམས་པའི་《ཨ་མདོའི་སྤྲང་གོག》(《འཛམ་གླིང་ན་དཀོན་པའི་བེེ་ཌཱུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་ཚུལ》) (Le mendicant de l,Amdo) ཅེས་པའི་དེབ་ནང་དུ་དགེ་འདུན་ཆོས་འཕེལ་གྱི་བསམ་བློའི་ཐད་དཔྱད་པ་གནད་དུ་ཐིངས་པའི་ཞིབ་འབྲིའི་ཆ་མེད་པར་བསྙད་ནའང་། ཧིས་ཐིར་ལགས་ཀྱིས་དེབ་དེ་གར་བོད་ཀྱི་ས་བབ་གཙོས་པའི་རྒྱའི་རིག་གནས་ཀྱི་མངོན་ཚུལ་དང་བོད་ཀྱི་ཉེ་རབས་དང་དེང་རབས་ཀྱི་གལ་ཆེའི་ལོ་རྒྱུས་བྱུང་བ་དག་ཤོད་པ་ནས་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་བྱུང་བ་དེ་ལོ་རྒྱུས་དེ་དག་དང་འབྲེལ་ཡོད་ཀྱི་གནས་བབ་ཞིག་ཏུ་བརྗོད་བཞིན་དགེ་འདུན་ཆོས་འཕེལ་ལ་ཡོད་ངེས་ཀྱི་གདན་ཐོབ་དེ་གནང་ནས་ཡོད་ལ། ཕྱིས་ཀྱི་ཞིབ་འཇུག་མཁས་པ་དག་གིས་ཀྱང་བོད་ཅེས་པའི་གདོད་གནས་ཀྱི་མི་རིགས་ཤིག་ལ་མཉམ་འཇོག་གནང་བའི་དུས་མཚུངས་སུ་དགེ་འདུན་ཆོས་འཕེལ་ལ་མཉམ་འཇོག་བྱས་པ་ནི་གོང་དུ་《དེབ་དཀར》བཤད་པའི་དུས་སུ་བརྗོད་ཡོད་པ་དང་ཆ་འདྲ་བ་ཞིག་གོ། 
  ཧིས་ཐིར་སོགས་ཀྱི་མཛད་འཕྲིན་དེས་ས་འོག་གི་གསེར་ས་ཁ་འཕངས་པ་ནང་བཞིན་དགེ་འདུན་ཆོས་འཕེལ་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བཞིན་རྡོལ་ཡོང་བ་ནས་ཧྥ་རན་སེ་དང་དབྱིན་ཇི། འཇར་མན། ཨ་རི་སོགས་སུ་ཁྱབ་པར་གྱུར་ལ། ལྷག་པར་དུ་༢༠༠༠ལོར་རྒྱ་ནག་གི་ཞིབ་འཇུག་མཁས་པ་ཏུའུ་ཡུང་པིན་ལགས་ཀྱིས་འབུམ་རམས་པའི་ཆེད་རྩོམ་དེབ་《དུས་རབས་ཉི་ཤུ་བའི་བོད་ཀྱི་གྲྭ་བ་ངོ་མཚར་ཅན་--མི་ཚུལ་རིང་ལུགས་ཀྱི་སྔོན་སྐྱོད་པ་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་སྐོར་གླེང་བ》(《二十世纪西藏奇僧—人文主义先驱根敦群培大师评传》)ཞེས་པ་པར་སྐྲུན་གྱིས་དགེ་ཆོས་ཀྱི་མི་ཇུས་བསམ་བློའི་སྐོར་ལ་གླེང་གཞི་ཐོག་མར་སྤེལ་ཞིང་། ཧིས་ཐིར་ལགས་ཀྱི་བརྩམས་ཆོས་སྐོར་རྒྱ་ཡིག་གི་ལམ་ནས་ངོ་སྤྲོད་བྱས་པ་དེས་བོད་ཀྱི་གཞོན་ནུ་རིག་སྐྱེན་པ་སྐོར་ཞིག་གི་བློ་སྒོ་ཕྱེས་ཤིང་དགེ་འདུན་ཆོས་འཕེལ་གྱི་མི་ཇུས་བསམ་བློའི་ཡང་ཏིག་སྙིང་བོ་ངེས་ཟིན་ཞིང་། ཞིབ་འཇུག་གི་ཁ་ཕྱོགས་དེ་སེང་གེ་གཉིད་ལས་བསླངས་པ་བཞིན་གནམ་སའི་ཧྲག་བར་གས་གཏོར་བྱེད་པའི་བསམ་བློའི་གད་རྒྱང་གི་མགྲིན་པ་གཟེངས་སུ་འདོན་མགོ་བརྩམས་སོ། ། 

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།