དགེ་འདུན་ཆོས་འཕེལ་ཞིབ་འཇུག་གི་གནས་བབ་དང་སྣང་ཚུལ་སྐོར་གླེང་བ།
གསུམ་པ། ན་གཞོན་པའི་སེམས་ནང་གི་དགེ་འདུན་ཆོས་འཕེལ།
གནའ་ནས་ད་བར་དུ་བོད་འདི་ལ་རིག་གནས་ཀྱི་སྲོལ་རྒྱུན་མི་ལེགས་པ་ཞིག་ཡོད་པ་ནི་མི་ཞིག་འདས་གྲོངས་སུ་གྱུར་རྗེས་ད་གཟོད་དེ་ལ་ཆེ་བསྟོད་ཀྱི་གཟིགས་བཟོས་ཕུན་སུམ་ཚོགས་པ་བྱེད་པ་དེ་རེད་ལ། བག་ཆགས་དེའི་སྟོབས་ཀྱིས་སོ་སོ་སྐྱེས་པོ་གང་ཞིག་གཟིམས་ཁྲི་མཐའ་ཅན་དུ་གྱུར་བའི་དུས་སུ། ཀུན་པོས་དེ་ལ་སྙིང་རྗེ་དང་དགོངས་དཀྱེལ། རེ་བ་བཅས་ཀྱི་སེམས་ངོ་མཚོན་པར་བྱེད་ཀྱིན་ཡོད། ཐུན་མོང་གི་འདོད་འདུན་དེ་ལས་འཕོས་ཏེ་མཁས་པ་འགའ་ཞིག་གསོན་ཐོག་ཏུ་ནུས་མེད་བག་འཁུམ་དུ་བསྡད་ནའང་། འདས་གྲོངས་སུ་གྱུར་རྗེས་བུ་སློབ་དག་གིས་རྣམ་ཐར་འབྲི་བ་དང་བཀའ་ཆོས་བསྡུ་བ། གསུང་རྩོམ་དག་སྒྲིག་བྱེད་པ་སོགས་ཀྱི་འཕྲིན་ལས་ཡིས་མཁས་པ་ཁོང་གི་མིང་གི་གྲགས་པ་རྒྱ་མཚན་གྱི་རྩེ་ལ་འགོད་པའི་གནས་ཚུལ་མང་པོ་ཞིག་བྱུང་མྱོང་བར་མ་ཟད། བཙན་པོའི་དུས་སྐབས་ནས་མཁས་པ་དག་ལ་སྒྱིད་ལུག་གི་གོམས་གཤིས་ཤིག་ཡོད་པ་ནི་རང་གི་བརྩམས་ཆོས་ཀྱི་“ནང་དོན་གནད་བསྡུས”གཏེར་དུ་འཇུག་པའི་སྲོལ་ཚུགས་ཤིང་། ཕྱིས་ཀྱི་མཁས་པ་མང་པོ་ཞིག་ཀྱང་ལམ་སྲོལ་དེའི་དོལ་དུ་ལྷུང་སྟེ། རང་རང་གི་བརྩམས་ཆོས་ཚེ་རབས་སྔོན་མའི་བྱིན་ཅན་དབང་ཅན་དག་ལ་རིན་མེད་གཟིགས་འབུལ་ཞུ་བའི་གཏོང་ཕོད་ཀྱི་ཕག་ཟུང་ཡངས་པ་དེས་ངེས་དོན་གྱི་མཁས་པ་དག་གི་གནས་བབ་ལ་རྡོག་རྫི་བྱེད་པའི་ལམ་སྲོལ་ཞིག་ཀྱང་ཚུགས་ཡོད་པ་རེད། ལམ་སྲོལ་ངན་པ་དེ་ཡིས་ཕྱིས་ཀྱི་མཁས་པ་མང་པོ་ལ་བསླུ་བྲིད་བྱས་པ་ནས་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རྩོམ་ཡིག་བརྩམས་ཆོས་ལ་ཡི་རངས་མི་བྱེད་པར་མཁས་པར་གྱུར་རྗེས་བླ་སྤྲུལ་གང་རུང་ཞིག་གི་མིང་གིས་མཚན་ཞིང་། རང་གི་འོད་ལམ་ལམ་གྱི་བརྩམས་ཆོས་དག་ཀྱང་“སྐྱེས་མཆོག”སུ་ཞིག་གི་མངག་བཅོལ་དང་དུ་བླངས་ཏེ་གཏེར་ནས་བཏོན་པ་གང་ཞིག་ཁོང་གི་གསུང་རྒྱུན་བཞིན་བྲིས་པ་ཡིན་ལུགས་བརྗོད་པ་དེ་ཡིས་མི་རིགས་གཞན་གྱི་ཞིབ་འཇུག་པ་དག་རང་མི་རིགས་ཀྱི་མཁས་པ་མང་པོ་ཞིག་གི་ལྐོག་གྱུར་གྱི་རིག་པ་དེ་ལ་བཞད་གད་ཤོར་བའི་གཏམ་སྤྱོད་དག་བྱུང་བ་ཡིན་ལ། འདུ་ཤེས་དེ་ཡི་རིགས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་བར་དུ་རྒྱུན་བསྐྱངས་ནས་ཡོད་པ་རེད།
ཡིན་ན་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་དུ་ཀྲུང་གོའི་རིག་གནས་ཀྱི་ངོ་བོར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བསྟུན་བོད་རང་གི་གཞོན་ནུ་ཤེས་ཡོན་ཅན་སྐོར་ཞིག་ལའང་མི་ཇུས་རིང་ལུགས་ཀྱི་བསམ་བློའི་རྨང་གཞི་ཚུགས་ཤིང་ལྷ་ཆོས་དང་མི་ཆོས་ཀྱི་མཚམས་རྟགས་གསལ་བོར་བཀར་ཏེ་རིན་ཐང་ཡོད་ཚད་ལ་བསྐྱར་དུ་གདེངས་འཇོག་བྱེད་འགོ་བརྩམས་པ་དང་། དགེ་འདུན་ཆོས་འཕེལ་ལའང་བསྐྱར་དུ་ཞིབ་འཇུག་བྱེད་མགོ་བརྩམས་ཡོད་དེ། སྔར་རྡོ་སྦིས་དགེ་བཤེས་སོགས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་འགོག་པ་ལ་མིང་དགག་པ་དང་གཞུང་དགག་པའི་ལམ་ནས་“དབུ་མའི་ཟབ་གནད་ཅེས་པ་འདི་མི་འཐད་པར་ཐལ། དེ་དབུ་མའི་ཟབ་གནད་ཡིན་པར་ཁྱོད་རང་གིས་ཐག་བཅད་པ་ཙམ་ཡིན་པ་གང་ཞིག ཁྱོད་ལ་ཡིད་བརྟན་ཅི་ཡང་མེད་པའི་ཕྱིར། དེར་ཐལ”②སོགས་ཐལ་ལྕག་གི་ཙག་སྒྲ་རྣ་ལ་རྩུབ་འོང་བ་དེའི་རིགས་ཀྱི་རྩོད་པ་ལས་རིང་དུ་གྱེས་ཏེ་ཀླུ་སྒྲུབ་དགོངས་རྒྱན་དུ་དགེ་ཆོས་ལགས་ཀྱིས་“བཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གཉིས་སྟོང་བར་རོ་སྙོམ་དུ་སོང་བའི་རྨང་གཞིའི་ཐོག་བཙུགས་པའི་ཐ་སྙད་ཚད་མའི་བློ་དེ། ཚད་གྲུབ་བློས་ཐུབ་ཅིག་ཡིན་པའི་ངེས་པ་མེད”པར་བཞེད་པ་ནི་ཧའེ་ཏི་གུར་གྱིས་“བདེན་ལུགས་ལ་ཤེས་བློ་དང་ཕྱི་སྣང་བའི་ཡུལ་གཉིས་ཕན་ཚུན་གཅིག་མཚུངས་ཡིན་དགོས་པའི་གྲུབ་ཚུལ་ཞིག་རྩ་ནས་མེད”ཅེས་པ་དང་ནེ་ཁྲེ་ཡིས་“ལྟ་བྱེད་ཀྱི་མིག་སྣ་ཚོགས་ཡོད་པ་དེ་བཞིན། བདེན་ལུགས་ཀྱང་སྣ་ཚོགས་ཤིག་ཡོད་པ་ཡིན”③ཞེས་གསུངས་པ་དག་གི་ཕུགས་ཀྱི་བསྟན་དོན་གཅིག་འདྲ་ཡིན་པའི་བསམ་བློའི་སྐོར་ཞིབ་བསྡུར་གྱིས་ཀླུ་སྒྲུབ་དགོངས་རྒྱན་གྱི་བསམ་བློའི་ཁྱབ་ངོས་ཏེ་འཇིག་རྟེན་ཚན་ཉིད་རིག་པའི་རིག་ལམ་ཞིག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ཡོད་པ་དེ་དང་།
ཡང་“《རྒྱལ་ཁམས་རིག་པས་སྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》སོགས་སུ་ཚན་རིག་ནི་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་རིག་པ་ཞིག་ཡིན་ཚུལ་དང་། དེ་ཉིད་དགག་མི་རིགས་ལ་བཀག་ཀྱང་མི་ཁོགས་པའི་ཚུལ་གསུངས་ནས་ཡོད་པ།”④
“ཁོང་གི་སྙན་རྩོམ་དག་ནི། སྤྱི་ཚོགས་ཀྱི་དོན་དངོས་དང་འབྲེལ་ནས། མ་འོངས་པའི་མདུན་ལམ་ལ་རེ་བའི་དངོས་འཆར་ཟུང་འབྲེལ་གྱི་རྩོམ་གཤིས་དམིགས་བསལ་ལྡན་པ་ཞིག་ཡིན་པ། ”⑤སོགས་གཞོན་ནུས་སེམས་ཤུགས་ཀྱིས་བཏེགས་པའི་དུས་རབས་ཀྱི་སྐད་འབོད་མང་པོ་ཞིག་གིས་དགེ་འདུན་ཆོས་འཕེལ་ཞིབ་འཇུག་གི་ཁ་ཕྱོགས་དེ་དུས་རབས་ཀྱིས་མཚན་པའི་གསེར་གྱི་ཤིང་རྟ་ཞིག་གི་ནང་དུ་དྲུད་ཚར་ཡོད་པ་མངོན་སུམ་དུ་བསྟན་ཡོད་ལ། ཐ་ན་ཧོར་ཁང་བྱམས་པ་བསྟན་དར་གྱིས་རྩོམ་པ་པོ་གུར་མགོན་སྐྱབས་ཀྱིས་བརྩམས་པའི་《དྲིན་ཀྱི་བུ་ལོན》(མཁས་དབང་དགེ་འདུན་ཆོས་འཕེལ་དང་ལྷན་དུ་དེབ་ཐེར་དཀར་པོ་ཀློག་པ)ཞེས་པའི་གླེང་གཞི་རུ་མཁས་དབང་ཁོང་གི་གསུང་ལས་“རྒྱལ་རབས་དེ་རེ་ཞིག་ངོ་གནོངས་དང་དོགས་པའི་ངང་ནས་སྦ་དགོས་པ་འདི་ལྟར་ལགས་མོད། མ་འོངས་པ་ན་ངོ་སོ་དང་བཅས་བསྟན་ཆོག་པའི་དུས་ཤིག་འབྱུང་ངེས་ལགས”ཞེས་གསུངས་པ་བཞིན་དེབ་ཐེར་དཀར་བོ་འདི་ཉིད་ད་ལྟའི་ཆར་བོད་ཀྱི་མཁས་པའི་སྡེ་ན་རིན་ཆེན་ནོར་དུ་བརྩི་ཞིང་ཀུན་གྱིས་མཐོང་ཆེན་བྱེད་པའི་བསྐལ་བ་བཟང་བོ་མངོན་དུ་ཤར་ཡོད་ཅེས་དགེ་ཆོས་ལགས་ཀྱི་རྗེས་དཔག་གི་རིག་པ་མངོན་དུ་གྱུར་བ་འགྲེལ་བརྗོད་བྱས་ཡོད་པ་དེ་བཞིན། དེབ་དཀར་དུ་རང་ཅག་བཙན་པོའི་དུས་སྐབས་ཀྱི་སྙིང་སྟོབས་གཙོས་ཆིག་སྒྲིལ་གྱི་སྟོབས་ཤུགས་དང་འཁོར་ལོའི་རྒྱལ་བོའི་རྒྱལ་བོ་ཞིག་གི་མཁས་མཛངས་དེ་ཁུངས་བཙུན་ཡིག་ཆ་དང་བཅས་ཡང་དག་པར་བརྗོད་ཡོད་པས་ན། ང་ཚོ་བོད་ཕྱི་རབས་དག་ལ་རང་གི་སྐྱེས་ཁུངས་ལོ་རྒྱུས་དཔའ་མཛངས་དང་ལྡན་པ་ཞིག་ཡིན་པ་ཤེས་སུ་བཅུག་ཡོད་པས་ས་རྡོ་མཉམ་བསྲེས་ཀྱི་མིག་ཁའི་ཁོར་ཡུག་འདི་དྭངས་ཤིང་གཙང་བ་ཞིག་ཏུ་ཆགས་པ་ལ་ནི་ང་ཚོའི་དགེ་ཆོས་ཁོང་གི་སྨྱུག་རྩེ་ལས་བབ་པའི་བཙན་པོའི་རྒྱལ་རབས་དུས་ཀྱི་སྙིང་སྟོབས་སོགས་ལ་ཞིབ་འཇུག་བྱ་དགོས་ཤིང་། ལྷག་པར་དུ་སོ་སྐྱེས་ཕལ་བ་ཞིག་གི་བསམ་རྟོགས་ལས་བཞེངས་གྲུབ་ཐུབ་པའི་ལོ་རྒྱུས་བརྩམས་ཆོས་འདིའི་འཚོལ་རྟོགས་སྙིང་སྟོབས་དང་དཔྱོད་ཤེས་ཀྱི་བློ་མིག་དེ་ལ་ང་ཚོས་སློབ་སྦྱོང་དང་ཞིབ་འཇུག་ནན་ཏུར་བྱ་དགོས་པ་མ་ཟད། དགེ་ཆོས་ཀྱི་ཐུན་མིན་ཡོན་ཏན་སྐོར་ལ་སྐད་རྒྱག་ཤེས་ཀྱི་གཞོན་ནུ་ཤེས་ཡོན་ཅན་སྐོར་ཞིག་གི་བརྩམས་ཆོས་ཏེ། དཔེར་ན་ཧོར་གཙང་འཇིག་མེད་ཀྱིས་བརྩམས་པའི་《དྲང་བདེན་གྱིས་བསླུས་པའི་སློང་མོ་བ》ཞེས་པ་དང་མེ་ལྕེས་བརྩམས་པའི་《དགེ་ཆོས་རྒྱང་འཇལ》སོགས་དཔྱོད་ཤེས་ཀྱི་བློ་མིག་གཟུ་བོས་སྐྱེས་བུ་དམ་པ་ཁོང་གི་མི་ཚེའི་མཛད་འཕྲིན་དང་མི་ཇུས་བསམ་བློའི་སྐོར་ཁ་མིན་དོན་གྱིས་ཤོད་ཡོད་པ་ལ་ང་ཚོའི་རྗེས་རབས་པ་དག་གིས་སློབ་སྦྱོང་བྱ་དགོས་སོ།།
མཇུག
དགེ་འདུན་ཆོས་འཕེལ་ཞིབ་འཇུག་གི་ཚ་རླབས་འཕྱུར་བཞིན་པའི་ད་ལྟ་བའི་དུས་སུ་དགེ་འདུན་ཆོས་འཕེལ་ནི་སྐྱ་བོ་ཆང་འཐུང་ནས་བཙུན་པ་ཁེ་ཚོང་བའི་བར་དུ་ཤིན་ཏུ་བྲིན་པའི་རིག་གནས་ཀྱི་ཚོང་རྫས་ཤིག་ཏུ་གྱུར་ཡོད་པ་ནི། ཉ་ཉུང་ཀུན་བཏུས་ཀྱི་དཔེ་དེབ་རེ་བསྒྲིགས་ཏེ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་གསར་རྙེད་ཡིན་པར་སྒྲོ་འདོགས་པ་དང་། ལ་ལུང་ཉུལ་དེ་སྐྱེ་ཕོ་མོ་ཇི་སྙེད་ཅིག་དགེ་ཆོས་ཀྱི་རིགས་རུས་སུ་ཁྲུན་ཐག་གཅོད་པ། དེ་བཞིན་དགེ་ཆོས་ལགས་ཀྱི་ཕྱག་མཛུབ་ཀྱིས་དངོས་སུ་རིས་ཕབ་པའི་ཁོང་གི་མིང་ཡིག་ཅན་གྱི་རི་མོའི་བརྩམས་ཆོས་(རྫུན་མ)མང་པོ་ཞིག་ཉི་མ་རེ་རེ་བཞིན་ཇེ་མང་དུ་འགྲོ་གིན་པ་འདི་དག་གིས་ནམ་ཞིག་དགེ་འདུན་ཆོས་འཕེལ་མ་ཡིན་པའི་ལྐོག་ཤུན་ཅན་གྱི་དགེ་འདུན་ཆོས་འཕེལ་ཞིག་ཀྱང་ཚོང་ཟོག་ཅན་དུ་གྲུབ་ངེས་ཡིན་པ་ལ་ང་ཚོའི་བོད་རྗེས་རབས་པའི་དཔྱོད་ལྡན་པ་དག་གིས་དགག་སྒྲུབ་དང་ཕྱིར་རྟོག་ནན་མོ་མཛད་དགོས་ལ། ལྷག་པར་དུ་རིག་གནས་ཀྱི་འདུ་ཤེས་གོ་ལྡོག་ནས་ཡོད་པའི་གཞུང་ཞབས་པ་སྐོར་ཅིག་གིས་དགེ་འདུན་ཆོས་འཕེལ་ཉིད་རྒྱལ་གཅེས་དཔའ་བོ་ཞིག་ཏུ་བསྐྲུན་གྱིན་པ་དང་། དགེ་ཆོས་ཀྱི་སྐུ་རྩ་སྐུ་བདག་གཙོས་པའི་བླ་སྤྲུལ་རིག་པ་ཅན་འགའ་རེས་དགེ་འདུན་ཆོས་འཕེལ་གྱི་“སྤྲུལ་བའི་སྐུ་ལོ”ཞིག་ཀྱང་འཇིག་རྟེན་དཀར་ངོགས་ལ་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་དངོས་སྦྱོར་གྱི་མིང་རྟགས་བཀོད་པ་སོགས་རང་སེམས་སྨྱོན་པས་རང་ངོ་མ་ཟིན་པ་དག་གི་མི་སྤྱོད་ཁོ་ནས་བོད་ཕྱི་རབས་པའི་མིག་ཁར་དགེ་འདུན་ཆོས་འཕེལ་ཞེས་པ་“དཔའ་བོའི”སྣང་བཪྙན་ཙམ་དང་ཆོས་ལུགས་ཀྱི་“ཐོན་རྫས”ཤིག་ཏུ་བསྐྲུན་དང་འཇོག་གིན་ཡོད་པ་འདིས། དགེ་འདུན་ཆོས་འཕེལ་ཞིབ་འཇུག་གི་ངོ་བོ་དེ་ལྷ་མ་ཡིན་གྱི་ཡུལ་དུ་སྐྱེས་པའི་“དཔག་བསམ་ལྗོན་ཤིང”ལྟ་བུ་ཞིག་ཏུ་བསྐྲུན་དང་རྩོད་ཀིན་ཡོད་ནའང་། དེ་ལ་མཁས་དབང་གང་ཉིད་ཀྱིས།
ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།།
བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
ཆོས་མཐུན་བཀུར་བསྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་ཚུལ་འདི་སྐྱོ་བ།།
ཞེས་ལུང་བསྟན་གྱི་ཚུལ་དུ་གསུངས་ནས་ཡོད་པའི་ཤོ་ལོ་ཀ་འདི་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་ཚར་བའི་གྱི་ན་བ་དེ་དག་ལ་མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་པ་ཙམ་དང་། ཡང་ན་བོད་ཕྱི་རབས་པའི་ཞིབ་འཇུག་མཁས་པ་དག་གིས་དགེ་ཆོས་ཀྱི་རིན་ཐང་ངོ་མ་དེ་མི་ཇུས་ཀྱི་བསམ་བློའི་སྙིང་སྟོབས་དང་གཅོད་པའི་ས་མཚམས་མེད་པའི་གཅིག་ལ་གཅིག་འཐུད་ཀྱི་ཐག་པ་ཕྲ་ཕྲ་དེ་ངེས་ཟིན་རྒྱུའི་སྐོར་ལ་ཁ་ཚ་དགོས་གཏུག་ཏུ་བརྣག་པ་ཞིག་ཡིན་ཙ་ན། འདིས་ཀྱང་བདེན་པའི་བུ་ཆུང་གང་གི་རིག་པའི་མཛད་འཕྲིན་རླབས་པོ་ཆེ་དེ་སྐལ་བརྒྱར་འཕེལ་བའི་ཕྱོགས་ལ་ལམ་སློང་གི་ཕན་ནུས་རྟ་རྔ་ཙམ་ཞིག་གི་སྔོ་ཐོགས་ཨེ་ཡོང་སྙམ་པའི་ཀུན་སློང་གཙང་མ་དེས་སྐད་ཆ་གསུང་བོར་བརྗོད་པ་ལ་ནོངས་པ་ཅི་མཆིས་བཟོད་གསོལ་དང་བཅས་དགེ་ལེགས་འཕེལ་གྱུར་ཅིག་གུ།
2012ལོའི་ཟླ12པའི་ཟླ་མཇུག་ཏུ་རེབ་གོང་ནས་སྦྱར།
① 《根敦群培研究60年》P.444 《根敦群培作品导读》作者:若水 中国藏学出版社 2012年
② 《ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེང་གེའི་ང་རོ》རྡོ་སྦིས་དགེ་བཤེས། 《དགེ་ཆོས་ཞིབ་འཇུག》 དེབ་དང་པོ།
③ 《意见与真理》 (《中观甚深精要论》的现代阐释之一) 班班多杰 《华东师范大学学报》2007年第一期
④ 《མི་གཞིའི་སྙིང་སྟོབས》 མེ་ལྕེ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།
⑤ 《མཁས་དབང་དགེ་འདུན་ཆོས་དང་ཁོང་གི་སྙན་རྩོམ་བཤད་པ་ལྷག་བསམ་འོ་མའི་རྫིང་བུ》 ཤ་བོ་ཚེ་རིང་། 《དགེ་ཆོས་ཞིབ་འཇུག》 དེབ་དང་པོ།