logo

ཀླུ་ཚང་བྱམས་པ་ཚེ་རིང་གི་མུ་འབྲེལ་སྒྲུང་འབྲིང་དང་སྒྲུང་ཐུང་འོས་སྦྱོར།

རྩོམ་པ་པོ།:ཀླུ་ཚང་བྱམས་པ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-25 ཀློག་གྲངས།:
                                             འབྲི་མོ་སྐྱོ་བའི་མིག་ཆུ། སྒྲུང་ཐུང་།
                                                                     གཅིག
        དེ་དུས་ང་ནི་བེའུ་ཆུང་ཆུང་ཞིག་སྟེ། ཆུ་ཕྲན་གྱི་བཞུར་སྒྲ་ཤག་ཤག མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ། རྫི་ཆུང་གི་དགོད་སྒྲ་ལྷང་ལྷང་། དབྱར་གཞུང་གི་སྤང་ཐང་དེ་རུ་ངས་རྣ་བ་ཀེར་ཀེར་བྱས་ཏེ་མཇུག་མ་ཐུང་ངུ་མགོ་ལ་བརྩེངས་ནས་ཕར་རྒྱུག་ཚུར་མཆོངས་བྱས་ན་གྲིབ་མ་ཡང་དེ་འཕྲལ་གཡུ་སྦྲང་ཞིག་རྩེན་པ་ལྟར་མེ་ཏོག་གི་ཚལ་དང་ཆུ་ཕྲན་གྱི་འགྲམ་ནས་ཕར་ལྡིང་ཚུར་ལྡིང་བྱེད། ངའི་སྣང་བ་ཤིན་ཏུ་སྐྱིད། དེ་དུས་ངས་རང་ཉིད་འདི་ལྟར་རྒས་འགྲོ་བ་བསམ་པའི་དགུ་ལའང་མ་དྲན། ངོ་མ་དྲན་མ་མྱོང་།
                                                                     གཉིས།
        ངས་འདི་ལྟར་ཕྱིར་འདང་བྱེད་མི་ཕོད་ལ། ཕོད་པའི་དབང་དུ་བཏང་ན་ཡང་ངའི་སེམས་ངོགས་ཡོད་ཚད་མིག་ཆུས་བརླན་འགྲོ། དེ་ཡང་སྟོན་ཟླ་ར་བའི་ས་སྲོད་ཀྱི་གྲིབ་ཡོར་ནག་པོས་འཇིག་རྟེན་གྱི་ཕང་བར་ཞལ་ཁེབས་བཀབ་པའི་སྐབས་ཤིག་ལ། ངེད་ཚང་གི་ལྷས་དཀྱིལ་དུ་ཧམ་ཐོབ་མེ་ལྟར་འབར་བཞིན་ལོས་ཡོད་སྙམ་པའི་མགོ་ཞྭ་དཀར་པོ་གྱོན་ཞིང་སྨྲ་ར་རིང་བོ་བཞག་ཡོད་པའི་མི་རྒན་གསུམ་ཡོང་སྟེ། བདག་པོ་དང་ལབ་གླེང་བྱེད་ཀྱིན་འདུག ངས་བདག་པོ་ལས་མི་གཞན་དེ་གསུམ་གཏན་ནས་མཐོང་མ་མྱོང་། ཁོ་ཚོས་སྐད་གསེང་མཐོན་པོས་ཅི་ཞིག་ལབ་ཡོང་དུས། ངས་ཀྱང་ཁོ་ཚོའི་ཕྱོགས་སུ་ཡང་ཡང་ལྟ་དགོས་བྱུང་། ཡིན་ན་ཡང་དེ་དག་ང་ལ་འབྲེལ་བ་ཅི་ཞིག་ཡོད་དམ། ངས་མུ་མཐུད་དུ་བསྐྱུག་བལྡད་བྱས་ནས་བསྡད་པ་ཡིན། སྐབས་རེར་རྡང་ཐོག་ནས་དཀྱེལ་ཤད་རེ་བྱེད་ཀྱིན་ཨ་མར་ལྟ་དུས། ཨ་མ་ཡང་མགོ་བོ་ནང་དུ་དུད་དེ་རྩིབ་གཡས་ས་ལ་ཕབ་ནས་རྡང་ཐོག་ཏུ་ཉལ་འདུག ངས་དེ་ལྟར་ཨ་མ་མིག་འཚོ་བྱེད་པ་ལས་གང་འདོད་དུ་ཨ་མའི་གམ་དུ་སོང་སྟེ་གཅེས་ལངས་བྱེད་དབང་གང་ན་ཡོད་ཨང་། ཡུན་རིང་འགོར་མཐར་བདག་པོ་དང་མི་རྒན་དེ་གསུམ་ནོར་རྡང་གི་གམ་དུ་ཡོང་སྟེ། གཅན་གཟན་ཤ་ལ་རྔམ་པ་ལྟར་ངའི་ཨ་མ་ལ་གཡས་ལྟ་གཡོན་ལྟ་བྱེད་ཀྱིན་གདའ། ངའི་ཨ་མ་ནི་འདྲོགས་ཞད་ཆེ་བ་ཞིག་ཡིན་པས། མི་དེ་དག་ཚུར་རུབ་མ་ཐག་དེ་མུར་རྡང་ཐོག་ནས་ཕར་ལྡིང་ཚུར་མཆོངས་བྱེད། ཨ་མས་དེ་ལྟར་རྩལ་དགུ་སྤྲུགས་ན་ཡང་འདོགས་ཐག་དེ་དུམ་བུར་གཅོད་མ་ཐུབ་མོད། ཡིན་ན་ཡང་ང་རང་རང་ཉིད་ཀྱི་ཨ་མའི་སྟོབས་ཤུགས་དེ་ལ་ཡིད་སྨོན་ཞིག་དབང་མེད་དུ་སྐྱེས་བྱུང་། ཨ་ཁ། ངའི་སེམས་དམ་ལྷོད་ཀྱི་བར་ནས་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པའི་མི་ངན་དེ་ཚོས་ངའི་ཨ་མ་བྱེའུ་ཆུང་ཁྲ་ཡིས་བཟུང་བ་བཞིན་ཁྲིད་སོང་། ངས་རྔ་མ་གཡུག་གཡུག་བྱེད་ཀྱིན་འདོགས་ཐག་ནས་གསིག་འཐེན་བྱས་ཏེ་ཨ་མའི་རྗེས་སུ་ཇི་ལྟར་བཤངས་ཀྱང་། རིམ་བཞིན་ངའི་མིག་ལམ་ནས་རྒྱང་དུ་བཀྱེད་སོང་། ངས་ཨ་མ་འདྲོགས་ཐེངས་གཅིག་གིས་མི་ངན་དེ་ཚོའི་ལག་ཏུ་བྱ་རྒོད་རྙི་ལས་ཤོར་བ་ལྟར་བྱས་ན་ཅི་མ་རུང་སྙམ། དེ་དང་བསྟུན་ནས་ངའི་ཁོག་གི་སྙིང་ཆུང་ཡང་ལུ་གུ་ལྡིང་ལྡིང་བྱེད། བདག་པོ་དང་བདག་མོ་གཉིས་ཀྱིས་ཀྱང་ནོར་རྡང་གི་གམ་དུ་འགྲེང་ནས་བརྣབ་སེམས་འཇག་མ་ལྟར་སྐྱེས་ཡོད་པའི་མི་ངན་དེ་དག་ལ་མིག་སྐྱེལ་བྱེད་བཞིན་ཡོད་པ་འདྲ་སྟེ། མི་ངན་དེ་ཚོས་ངའི་ཨ་མ་སྔུན་འཁྲིད་རྗེས་འདེད་ཀྱིས་མདུན་གྱི་དེའུ་འབུར་དེའི་ཕག་ཏུ་ཡོལ་དུས། ད་གཟོད་བདག་མོ་བརྒྱུགས་ཡོང་ནས་ངའི་སྐེ་ལ་བྱུག་བྱུག་ལན་འགའ་བྱས་རྗེས་འཚུབ་ཡུག་གེར་ཕྱིར་སྦྲ་ནང་ལ་འཛུལ་སོང་། ཨ་མའི་ངུར་སྒྲ་ངའི་རྣ་ལམ་ལ་བར་མེད་དུ་འཁྱིལ་ཡོང་། དགོང་མོ་དེར། ང་རང་གཉིད་ག་ལ་ཁུགས་ཨང་། ངས་དེ་ལྟར་ཡར་རྡང་ལ་བསྐོར་རྒྱུག་བྱེད་བཞིན་ཨ་མ་ཕྱིར་ལོག་པར་སྒུག་ནས་བསྡད་པ་ཡིན། མུན་ཁྲོད་དུ་ངའི་མིག་ཆུ་ཆུ་བོའི་རྒྱུན་བཞིན་འགོག་མེད་དུ་བཞུར་ཡོང་། སྐྱ་རེངས་གསལ་བྱུང་། ཉི་མ་ཡང་ཤར་བྱུང་། ང་རང་ངུར་བཞིན་སྟོད་ཀྱི་ནོར་ཁྱུར་སོང་ནས་ཨ་མ་བཙལ་བ་དང་། དེ་ནས་ཀྱང་སྡོད་མ་ཚུགས་པར་ངུར་བཞིན་སྨད་ཀྱི་བེའུ་ཁྱུར་སོང་སྟེ་ཨ་མར་སྒུག རིམ་བཞིན་ས་རུབ་སོང་། ད་དུང་ཡང་སླེབས་མ་བྱུང་། ཉིན་གཅིག ཉིན་གཉིས…… ངའི་སེམས་ཀྱི་བྲེལ་ཤ་དང་སྔངས་སྐྲག་འདི་དབུ་ནག་མི་ཡིས་རྟོགས་སྲིད་དམ།
        དེ་ནས་བཟུང་ང་རང་ཁེར་འགྲོ་ལ་གོམས་པ་རེད། ངས་ཀྱང་རྐྱེན་གང་ཡིན་མི་ཤེས་མོད། ང་རང་ལྷས་འདབས་ནས་ཐག་རིང་ལ་འགྲོ་འདོད་མ་བྱུང་། ངོ་གདོང་རྫ་རི་བཞིན་ནག་པོའི་བདག་པོ་དེ་སློག་སྟན་ཞིག་གི་སྟེང་དུ་སྐྱིལ་ཀྲུང་གིས་བསྡད་ནས་སྒམ་བརླིང་གིས་འོ་ཇ་འཐུང་ཚུལ་དེ་དང་། ཡིད་དུ་འོང་པའི་ཕྱེ་ལེབ་ཅིག་འཕུར་ལྡིང་བྱེད་པ་ལྟར་སྦྲ་སྒོ་ན་འོ་མ་དཀྲོག་བཞིན་པའི་བདག་མོའི་སྣང་བརྙན་དག་མཐོང་སྣང་དུ་མངོན་དུས། ངས་དབང་མེད་དུ་ཁོ་ཚོར་མར་ཕྱུར་ཕངས་མེད་དུ་སྦྱིན་མྱོང་བའི་རང་ཉིད་ཀྱི་ཨ་མ་དྲན་བྱུང་། དྲན་བྱུང་བས་མིག་ཆུ་ཡང་འབབ་ཆུའི་རྒྱུན་བཞིན་སེམས་ཀྱི་གཏིང་ཟབ་ས་ཞིག་ལ་དབང་མེད་དུ་ཟགས་ཡོང་། འདི་དག་བསམ་ཚེ་ངའི་སེམས་འདི་ཁྲེས་པོ་སྟོང་ཕྲག་གིས་མནན་པ་ལྟར་ལྕི་ཏིག་གེ་བ་ཞིག་ཏུ་གྱུར་འགྲོ །
                                                                     གསུམ།
        ལོ་ཟླ་ཞག་གིས་དེད་པས་ང་རང་ཆེར་སྐྱེས་ཤིང་ཤེད་ཀྱང་ཅུང་ཆེ་བར་གྱུར་སོང་བ་མ་ཟད། ང་ཡང་བེའུ་ཆུང་གི་ཨ་མ་ཞིག་ཏུ་གྱུར་སོང་། འཇིག་རྟེན་གྱི་ཨ་མ་ཐམས་ཅད་ཀྱིས་རང་ཉིད་ཀྱི་ཤ་ལས་མཆེད་པའི་ཕྲུ་གུ་ལ་སྙིང་ཉེ་བ་བཞིན་ང་རང་ཡང་རང་གི་ཕྲུ་གུ་ལ་སྙིང་ན་ཞིང་སེམས་བརྩེ་བ་ཅན་ཞིག་ཏུ་གྱུར། ཡིན་ནའང་། སྔ་དྲོ་ཉི་མ་ཡར་ཤར་ནས་ང་རང་ནོར་ཁྱུ་དང་བསྡེབས་ཏེ་སྟོད་ལ་འདེད་ཅིང་། བེའུ་ཆུང་ཡང་དེ་བཞིན་དུ་སྨད་ལ་དེད་འགྲོ། དེ་ལྟར་ཕྱི་དྲོའི་གྲིབ་མ་ཚུར་རུབ་ན་ཡང་མ་བུ་རང་དབང་གིས་འཕྲད་ཐུབ་པའི་གོ་སྐབས་ཤིག་ཡེ་ནས་མི་འདུག དེ་ནི་ངའི་བློ་ངོར་མི་ཤོང་བའི་མགོ་ནག་མི་ཡི་བྱེད་ལས་ཤིག་རེད་ཨང་། ངས་འོ་སྤྲི་མངར་མོ་དེ་སྙིང་དུ་སྡུག་པའི་བེའུ་ཆུང་ལ་བསྣུན་འདོད་ཅི་ལ་མེད། བདག་མོས་མཉེན་ལྕུག་ལྡན་པའི་སྒོ་ནས་འོ་མ་འཇོ་བཞིན་འགྱུར་ཁུགས་དང་བསྡོངས་བའི་བཞོ་གླུ་བར་མེད་དུ་ལེན་དུས། ངའི་སྣང་བ་ཤིན་ཏུ་སྐྱིད། འོན་ཀྱང་། སྐབས་སྐབས་སུ་འདས་དོན་དེ་དག་སྣང་ངོར་དྲན་ཐེངས་རེར། ང་ལ་དྲག་རླབས་དགུང་དུ་འཕྱུར་བ་ལྟ་བུའི་ཞེ་སྡང་ཞིག་དབང་མེད་དུ་སྐྱེས་འོང་། ཡིན་ན་ཡང……
                                                                     བཞི།
        ད་ལོར་དཔྱིད་ཐག་རིང་བའི་རྐྱེན་དང་། ལྷག་པར་དུ་དགུན་མཇུག་གི་ཁངས་ཆག་དེས་ངའི་ཤེད་ཀྱང་ལྡབ་འགྱུར་གྱིས་ལྷུང་བར་མ་ཟད་སྐྱས་ལམ་གཅོད་པའི་ཤུགས་ཀྱང་མི་འདུག ངས་ད་གཟོད་རང་ཉིད་རྒས་ཡོད་པ་ཚོར། བདག་མོས་བཞིན་ལ་ཁྲོ་གཉེར་བསྡུས་ནས་ལག་ཏུ་འཆང་བའི་དབྱུ་གུས་ང་ལ་བསྟུད་མར་གཞུས་ཡོང་། ལྕི་བ་གསེར་དུ་འགྱུར་མི་ཐུབ་པ་བདེན་དུ་ཆུགས་ཀྱང་། དེས་ཁྱོད་ཅག་ལ་དྲོད་ཁོལ་དང་རེ་བ་སྦྱིན་ཡོད། ཞོ་དང་འོ་མ་དངུལ་དུ་འགྱུར་མི་ཐུབ་རུང་། དེས་ཁྱོད་ཅག་མི་རབས་ནས་མི་རབས་བར་བསྐྱངས་ཡོད། དེ་ལྟར་ཡུན་རིང་མ་སོང་བར་ང་རང་གཞི་ནས་འགྱེལ་སོང་། བདག་མོས་ནོར་ཁྱུ་དེད་ནས་མདུན་དུ་བཞུད་ཚུལ་དེ་ངའི་མིག་ལམ་ནས་རིམ་བཞིན་ནག་ཐིག་ཅིག་ཏུ་གྱུར་སོང་། དོན་དམ་དུ་དེ་ནི་བདག་མོས་ནོར་ཁྱུ་དེད་དེ་ཐག་རིང་ཞིག་ཏུ་ཕྱིན་པ་ཡིན་ནམ། ང་རང་རྒྱང་རིང་ཞིག་ཏུ་འཐིམས་པ་རེད། དེ་ལྟར་ངའི་མིག་ཆུས་མུ་མེད་ཀྱི་རྩྭ་ཐང་བྲན་སོང་།
                                             ཁོ་དང་ཁོའི་ཙན་དན་གྱི་ཕྲེང་བ། སྒྲུང་ཐུང་།
                                                                     གླེང་གཞི།
        ལོ་ཟླ་ནི་རླུང་འཚུབ་བཞིན་གཡུག་ཐེངས་ཤིག་གིས་འདས་སོང་གི་སྣང་བརྙན་འདི་དག་ཀྱང་མིག་ལམ་ནས་སྟོན་ལོ་བཞིན་གང་ཞིག་ཏུ་སྤུར་སོང་བ་ལྟ་བུའི་འདུ་ཤེས་ཤིག་དབང་མེད་དུ་བསྐྱེད་འོང་།
                                                                     གཅིག
        ཞོགས་པའི་ཉི་ཐིག་དེ་ཡོ་འཁྱོག་དང་ཕྱོགས་རིས་སྤུ་ཙམ་ཡང་མེད་པར་སྒེའུ་ཁུང་གི་ཤེལ་སྒོ་བརྒྱུད་ནས་ཐད་ཀར་ཁོའི་མལ་ཁྲིའི་འོག་གི་དཔེ་ཆ་འཇོག་སའི་ཆ་སྒམ་དེའི་སྟེང་དུ་འཕྲོས་འདུག་ལ། ཆ་སྒམ་གྱི་ངོས་སུ་བཀལ་ཡོད་པའི་ཙན་དན་གྱི་ཕྲེང་བ་དེ་དང་། གོ་རིམ་མེད་པར་བཞག་ཡོད་པའི་དཔེ་ཆ་དེ་དག ཆུ་ནང་དུ་སྦངས་བ་ལྟར་མདོག་ཡལ་བའི་འདྲ་པར་དག གང་ཞིག་གིས་བསམ་གཟས་ནས་མགོ་རྔ་ལྡོག་སྟེ་བཞག་ཡོད་པ་ལྟ་བུའི་ལྕགས་ཀྱི་ཇ་ཕོར་དེ། སུ་ཞིག་ལ་སུན་སྣང་སྐྱེས་བཞིན་ཡོད་པ་ལྟར་གཡས་འགྱེལ་གཡོན་ལོག་བྱས་ཡོད་པའི་དགུན་ལྷམ་ཆ་དེ། ད་དུང་བདག་མེད་དུ་ལུས་པའི་རྙིང་ཧྲུལ་གྱི་རྐང་འབོབ་དེ། མདོར་ན་འདི་དག་ཡོད་ཚད་ལ་ཞོགས་པའི་ཉི་ཐིག་གི་འོག་ཏུ་ཁེར་རྐྱང་དང་སྐྱོ་བ། སུན་སྣང་དང་སྡུག་ཡུས་ཀྱིས་མནར་ཡོད་པ་ལྟ་བུའི་ཉམས་ཤིག་རང་བཞིན་གྱིས་མངོན་འདུག་ལ། ཕར་བལྟས་ཚོད་ཀྱིས “གུས་པར་འོས་པའི་བདག་པོ་ལགས། ཁྱེད་རང་སྒྱིད་ལུག་ཅིག་ཏུ་གྱུར་བ་ནས་བཟུང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཀྱིས་སྔོན་ཆད་ལྟར་ང་ཚོ་ལ་བདག་རྒྱག་བྱེད་པར་སྒུག་བཞིན་ཡོད”ཅེས་འཁང་ར་དང་ཞུ་བ་མཉམ་དུ་བྱེད་པ་དང་དབྱེར་མེད་དུ་མཆིས་ཨང་། རྒྱུན་ལྡན་གྱི་ཉི་འོད་འདི་ལས་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་འདི་དག་གོ་རིམ་མེད་པར་མིག་ལམ་དུ་མངོན་པ་དང་འགྲོགས་ནས་ཁོ་བོའི་སེམས་པ་འདི་ལའང་སྔ་ན་མེད་པའི་གཤོག་ཟུང་ཞིག་ཐོགས་ཏེ་ཕྱིར་དྲན་གྱི་དབྱིངས་ལ་དལ་དལ་གྱིས་འཕུར་དགོས་བྱུང་སོང་།
                                                                     གཉིས།
        ཕ་ཡུལ་དང་རྒྱང་ཐག་ཤིན་ཏུ་རིང་བའི་གྲོང་ཁྱེར་འདི་ནས་ཁོ་བོ་ཡང་ཕ་ཡུལ་གྱི་ཉི་འོད་ལྟ་བུའི་ཞོགས་པའི་ཉི་ཐིག་འདི་ལ་དགའ་མཁན་ཞིག་ཏུ་གྱུར་སོང་། རྒྱུ་མཚན་ནི་ཞོགས་པའི་ཉི་ཐིག་དེའི་ཁྲོད་ནས་ཁོ་བོས་ཀྱང་འོད་སྟོང་འབར་བའི་ཁ་ཕྱོགས་གསར་བ་ཞིག་འཚོལ་འདོད་ཡོད་པ་དང་། ཡང་ན་མི་རབས་མང་པོ་ཞིག་གི་རིང་ལ་སུས་ཀྱང་དོ་སྣང་བྱེད་མ་མྱོང་བའི་གོམས་གཤིས་ཀྱི་མྱུ་གུ་ཡང་འདི་དང་འདི་ལྟ་བུའི་ཉི་འོད་ཀྱི་འོག་ཏུ་དུས་རབས་དང་ཆོས་ཉིད་ལ་མཐུན་པའི་སྒོ་ནས་འཚར་ལོངས་འབྱུང་བར་རེ་བ་འཆིང་བ་དེ་ཁོ་ན་ཙམ་ཡིན་མོད། དེ་རིང་འདི་ལྟར་ཞོགས་པའི་ཉི་ཐིག་ལས་ཁོ་བོས་རང་ཉིད་དང་རྒྱང་དུ་གྱེས་ཟིན་པའི་འདས་སོང་ལ་ཕྱིར་འདང་ཞིག་བརྒྱབ་ན། འཇིག་རྟེན་གྱི་བྱ་དངོས་ཚང་མ་ཡང་སྐད་ཅིག་སྐད་ཅིག་ལ་འགུལ་སྐྱོད་དང་འགྱུར་བ་བྱུང་གིན་ཡོད་པ་བཞིན་མི་རེ་རེའི་འཚོ་བ་དང་སེམས་ཁམས་ལ་ཡང་དེ་བཞིན་དུ་འགྱུར་ལྡོག་བྱུང་གིན་ཡོད་པ་ཤ་སྟག་རེད་སྙམ། རེད་དེ། ཁོའི་མིང་ལ་རྡོ་རྗེ་དོན་གྲུབ་ཟེར། ཁོ་ཡང་ང་དང་འདྲ་བར་ལོ་ངོ་གཉིས་ཀྱི་ཡར་སྔོན་ནས་སློབ་གྲྭ་འདིར་འབྱོར་ཞིང་། ང་དང་མཚུངས་པར་གནས་འདི་རུ་མི་ལོ་གཉིས་ལྷག་གི་དུས་ཚོད་བསྐྱལ་བ་རེད། དེ་ནི་བསྒྱུར་གཏུབ་མེད་པའི་གོམས་གཤིས་ཤིག་ལུས་དང་གྲིབ་མ་བཞིན་མི་རབས་མང་པོ་ཞིག་གི་རིང་ལ་འདི་ལྟར་བསྲིངས་པ་དང་ཡང་ཀུན་ནས་མཚུངས་པར་སེམས།
                                                                     གསུམ།
        དང་ཐོག་སློབ་གྲྭ་འདིར་འབྱོར་དུས་ང་ཚོའི་སྡོད་ཤག་ནང་དུ་མལ་ཁྲི་བཞི་ཡོད་པ་ནི་འདི་འདྲ་ཞིག་ཡིན་ཏེ། མལ་ཁྲི་རེ་རེའི་སྟེང་དུ་ཉལ་ས་ཡོད་ཅིང་། འོག་ཏུ་དཔེ་ཆ་འཇོག་སའི་ཆ་སྒམ་ཡོད། དེ་དུས་ང་ཚོས་འདི་ནི་དེ་འདྲའི་འོས་འཚམ་ཞིག་མིན་ཚུལ་སྟེ“རྒྱུ་འབྲས་”དང་“བསོད་ནམས”་ལ་རན་མིན་གྱི་འདོད་ཚུལ་ཡང་གླེང་མྱོང་། ད་ལྟ་དེ་དག་ལ་ཕྱིར་དྲན་ཞིག་བྱས་ན། སྐབས་དེ་དུས་སུ་ང་ཚོ་ནི་ཅི་འདྲའི་“རྒྱུ་འབྲས་”དང་“བསོད་ནམས་”ཞེས་པའི་ཐ་སྙད་འདི་དག་ལ་བརྩི་འཇོག་དང་མོས་འདུན་ཡོད་མཁན་ཏག་ཏག་རེད་ཨང་། ཡིན་ན་ཡང་……
                                                                     བཞི།
        དེ་དུས་ང་ཚོ་མི་རེ་རེའི་སེམས་ན་རང་ཉིད་ཀྱི་ཕུགས་བསམ་རེ་ཉར་ཡོད་ལ། དེའི་སླད་དུ་བརྩོན་པ་བསྐྱེད་རྒྱུའི་འདུན་པ་ཡང་བརྟན་ཞིང་བརླིང་བ་ཞིག་ཡོད་པ་ཤ་སྟག་རེད། དེ་བཞིན་དུ་ཁོས་ཀྱང་དཔེ་ཆ་འཇོག་སའི་ཆ་སྒམ་དེའི་ནང་དུ་ངོས་གཙང་བའི་ཤོག་དཀར་ཞིག་གི་སྒང་ལ། “ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན།། བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་།། རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས།། བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན།། འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་།། ”ཞེས་བྲིས་ཡོད་པའི་བསླབ་བྱའི་ཚིག་ཕྲེང་དེ། ལོ་ཟླའི་སྨུག་སྤྲིན་གྱིས་བཞུད་སོང་གི་བཤུལ་ལམ་གྱ་གྱུ་ཇི་ལྟར་བསྒྲིབ་རྩིས་བྱས་ཀྱང་། ཁོ་བོའི་ཡིད་ལ་དེ་དག་བརྙན་ལ་ཕབ་པ་ལྟར་གསལ་ལྷང་ངེར་འཆར་ཡོང་། ཨེ། དེར་མ་ཟད་ཁོ་རང་ནམ་རྒྱུན་མལ་དུ་གཟིམ་དུས་སྐད་མགོ་དམའ་མོས་ཁ་ཏོན་གང་ཞིག་བཏོན་ཚར་རྗེས། མིག་ཟུང་བཙུམས་ཞིང་ལག་ཟུང་སྙིམ་པ་བྱས་ཏེ་དད་གསུམ་གྱིས་དང་ཁར་སྦྱོར་བར་བྱེད་ལ། ཙན་དན་གྱི་ཕྲེང་བ་དེར་ཕུ་ལན་གསུམ་བཏབ་ནས་སྐེ་ལ་གྱོན་པའམ་ཡང་ན་མཁྲིག་མར་དཀྲི་བར་བྱེད།
                                                                     ལྔ།
        ཡང་ན། སྐབས་དེ་དུས། ཁོས “ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་ཞིག་ལ་མཚོན་ན། ངེས་པར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དད་བས་དད་པ་བྱེད་དགོས་ཏེ། སློབ་དཔོན་ཟླ་བ་གྲགས་པས། སངས་རྒྱས་ཆོས་དང་དགེ་འདུན་ནི།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། ཞེས་གསུངས་པ་ལྟ་བུ། ཡང་ན། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན།། ཁམས་གསུམ་འདི་ཡང་སྣོད་དུ་ཆུང་།། ཞེས་པ་དང་། འཆི་མེད་རྔ་སྒྲའི་གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། དམ་པའི་ཆོས འཕགས་པའི་དགེ་འདུན དེར་མ་ཟད……”ལག་གི་ཕྲེང་བ་འདྲེན་མཚམས་བཞག་ནས་མཛུབ་མོ་ལྔ་བོས་སྣུམ་ཡུག་གེར་འདུག་པའི་སྐྲ་ལོ་དེ་ལྟག་རྒྱབ་ཏུ་ཤད་ཙམ་བྱེད་ཞོར་དེ་ལྟར་ལབ་ཡོང་།
        དེ་དུས་ཁོ་ན་རེ། “རིག་པ་ནང་པར་འཆི་ཡང་སློབ་ཅེས་གསུངས་པ་ལྟ་བུ་དང་། ཡང་ན། མཁས་དབང་དོར་ཞི་མཆོག་གིས། ལོ་བརྒྱར་སྐྱེས་པའི་སྡོང་སྐམ་ཐབ་ཁུང་གི་ཁ་ཟས།། ཞག་གཅིག་སྐྱེས་པའི་མེ་ཏོག་གསེར་བུམ་གྱི་ཁ་རྒྱན།། མི་སྐྱེས་ཐོབ་པའི་རིན་ཐང་མི་ཡུལ་དུ་བསྡད་པའི།། དུས་ཀྱི་རིང་ཐུང་སྟེང་ནས་གཅོད་རྒྱུ་ཞིག་ཡིན་ནམ།། ཞེས་མི་སྐྱེས་རིན་ཐང་གསུངས་ཡོད་པ་བཞིན་ང་ཚོ་མི་རེ་རེས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་འབྱུང་བར་འབད་པ་བྱེད་དགོས་པ་མ་ཟད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རང་རིགས་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།། ཅེས་གསུངས་པ་བཞིན་ང་ཚོ་སྟེ་ཕྱི་རབས་པ་རྣམས་ཀྱི་ཕྲག་ནའང་མི་རིགས་འདིའི་རིག་གནས། མི་རིགས་འདིའི་ལ་རྒྱར་དོ་ཁུར་བྱེད་པའི་འགན་འཁྲི་ཡོད། མ་འོངས་པའི་འཕེལ་རྒྱས་ལ……”འོད་སྣང་འཚེར་བའི་མིག་ཟུང་གིས་མལ་ཁང་ནང་གི་མི་རེ་རེ་གདོང་ལ་བལྟ་བཞིན་རེ་སྐུལ་བྱེད་བཞིན་ཡོད་པའི་ཚུལ་གྱིས་ང་རྒྱལ་དང་བཅས་བཤད་ཡོང་།
        དེ་དུས་ཁོས་བཤད་རྒྱུར། “དུས་ཚོད་ནི་ཚེ་སྲོག་ལྟ་བུ་ཡིན་པས། ང་ཚོས་ནམ་ཡང་གཅེས་འཛིན་བྱེད་དགོས་ཏེ། ཁ་ཆེ་ཕ་ལུ་ལས། དུས་ཚོད་ཆུ་ཚོད་མ་འགྱངས་གྲོལ་ནས་འགྲོ།། འཐུས་ཤོར་མེད་པར་བུ་ལ་ཡོན་ཏན་སློབས།། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་།། ད་དུང་…… ” རྐུབ་སྟེགས་རྒྱབ་བསྙེས་མ་དེའི་སྟེང་ནས་གཟུར་འདུག་ཅིག་བྱས་ཏེ་ལག་ཏུ་ཐོགས་ཡོད་པའི་དཔེ་ཆ་དེའི་ཤོག་ངོས་རེ་རེ་བཞིན་ཕར་སློག་ཚུར་སློག་བྱེད་ཞོར་ནན་ཏན་གྱི་ཚུལ་གྱིས་བརྗོད་ཡོང་། སྐབས་དེར་བདག་གིས་ཁོ་པ་ནི་ཅི་འདྲའི་མི་བུ་ཕུགས་བསམ་ཅན་ཞིག་རེད་ཨང་སྙམ། ཡིན་ན་ཡང་འདི་དག་ནི་ལོ་གཅིག་གི་ཡར་སྔོན་དུ་ཁོས་བདག་གི་སེམས་ལ་བརྐོས་མྱོང་བའི་སྣང་བརྙན་འབའ་ཞིག་གོ །
                                                                     དྲུག
        ཡིན་ན་ཡང་། ད་ལྟ་ཁོ་རང་མལ་དུ་ཉལ་དུས་དགོང་མོའི་ཆུ་ཚོད་བཅུ་གཉིས་གཟུར་འདུག་ལ། མལ་ལས་ལངས་དུས་ཀྱང་ཉིན་མོའི་ཆུ་ཚོད་བཅུ་གཉིས་ཡོལ་འདུག ད་ནི་དེ་དུས་ཀྱི་སྣང་བརྙན་གསོན་པོ་དེ་དག་ཀྱང་མེ་ལྕེ་ཆུ་ཡིས་གཞིལ་བ་ལྟར་རང་ཡལ་གྱུར་འདུག
                                                                     བདུན།
        ཁོའི་འདས་སོང་གི་སྣང་བརྙན་དེ་དག་འདི་ལྟར་ཡིད་ངོར་དྲན་པའི་མོད་ལ། ཁོ་བོས་རང་དབང་མེད་པར་གཏིང་རིམ་ཞིག་ནས་གྲགས་འོང་པ་ལྟ་བུའི་ཁོའི་སྔུར་སྒྲ་དེར་ཉན་བཞིན། ཐེ་ཚོམ་གྱི་མིག་གིས་གཉིད་དུ་ཡུར་བའི་ཁོ་པ་དང་ཆ་སྒམ་གྱི་ངོས་སུ་ས་རྡུལ་གྱིས་དཀྲིགས་ཡོད་པའི་ཙན་དན་གྱི་ཕྲེང་བ་དེར་ཞིབ་ལྟ་ཡང་ཡང་བྱེད་དགོས་བྱུང་སོང་།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།