ཀླུ་ཚང་བྱམས་པ་ཚེ་རིང་གི་མུ་འབྲེལ་སྒྲུང་འབྲིང་དང་སྒྲུང་ཐུང་འོས་སྦྱོར།
གསུམ།
ཕྱི་རོལ་ཏུ་གྲང་རླུང་འུར་འུར་ལྡང་ཞིང་འཇག་སྐྱས་ཤུགས་གླུ་གྱེར་བའི་མཚན་མོ་དེར། ཁོ་རང་མལ་སའི་ནང་ནས་ཁ་ལོ་ཕར་འཁོར་ཚུར་འཁོར་ཅི་བྱས་ཀྱང་དེ་རིང་སྔ་དྲོའི་དོན་དེ་རྣ་ལམ་དུ་འགེང་ཞིང་སེམས་ངོགས་སུ་འཚང་པས་བདེ་བའི་གཉིད་ལ་རོལ་བའི་གོ་སྐབས་དེ་ཡོངས་སུ་འཕྲོག་སོང་།
ཁོས་ལུས་ལ་ཁུར་བའི་ཁྲེས་པོ་ཞིག་ས་ལ་ཕོག་སོང་བ་ལྟ་བུའི་ཤུགས་རིང་ཞིག་ཕྱུང་ཞོར་ཁོ་མོར་འོས་མེད་བྱས་སོང་སྙམ་ནས་རང་ཉིད་ལ་ལེ་བདའ་རེ་བྱེད་ཅིང་། མིག་ཟུང་རྡེབ་ཙམ་ཡང་མི་བྱེད་པར་ཡུན་རིང་ཞིག་ལ་སྐར་ཁུང་གི་ཕྱོགས་སུ་ཅེར་ནས་བསྡད། དེ་ནས་ཡིད་ལ་ཅི་ཞིག་དྲན་པ་ལྟར་སྔས་མགོར་ལབ་སྙོབ་ཅིག་བྱས་ཏེ་ཐ་མག་རྐང་གཅིག་བླངས་ནས་མེ་བསྒོས་རྗེས་རྔམ་འཐེན་འགའ་བྱས་པ་ན་ཁོའི་ཉེ་འཁོར་ཚང་མ་སྐད་ཅིག་ཉིད་ལ་དུ་ཞག་གི་ཀློང་ལ་གཅུད་སོང་།
རེད་དེ། ཁོ་པ་ནི་བདག་གིས་སྒྲུང་གཏམ་འདིའི་མགོ་རྩོམ་དུས་གླེང་མྱོང་བའི་པད་སྐྱིད་ལ་འཕྲིན་ཡིག་བསྐུར་མཁན་དེ། སྒྲུང་གཏམ་འདིའི་ནང་ཡུན་རིང་བོ་ཞིག་ལ་མ་གླེང་བའི་མི་དེ། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཆ་རྒྱུས་ཡོད་ཡོད་འདྲ་ཡང་ཞིབ་བློས་བསམས་ན་ཆ་རྒྱུས་མེད་མེད་འདྲ་བའི་དོན་གྲུབ་རེད།
དེ་རིང་ཁོ་ལ་པད་སྐྱིད་ཀྱིས་བསྐུར་ཡོང་བའི་འཕྲིན་ཡིག་ཅིག་ལྷ་མཚོའི་ལག་ཏུ་བཞག་ཡོད་ཚུལ་གྱི་གཏམ་དེ་བརྗོད་མཁན་ནི་མཁས་གྲུབ་རེད།
“ང་ནི་དེ་འདྲའི་མི་ཁྲེལ་མེད་ཅིག་ཡིན་ནམ། ”ཁོས་སླར་ཡང་ད་ནངས་མཁས་གྲུབ་ཀྱིས་ཀུ་རེའི་ཚུལ་དུ་བཤད་པའི་གཏམ་དེར་ཕྱིར་འདང་ཞིག་བརྒྱབ་ནས་རང་ཉིད་ལ་དྲི་བ་འདི་འདྲ་ཞིག་འདོན་དགོས་བྱུང་སོང་།
ཁོས་རང་ཉིད་ཀྱིས་བྲིས་པའི་འཕྲིན་ཡིག་དེ་ཡིད་ལ་ཝ་ལེར་འཁོར་ཞིང་། རང་ཉིད་ཁྲེལ་མེད་ཅིག་ཡིན་པ་ཤ་སྟག་རེད་སྙམ། ཡིན་ན་ཡང་། རྟ་ཤོར་ན་འཛིན་ཐབས་ཡོད་ཀྱང་། ཚིག་ཤོར་ན་འཛིན་ཐབས་མེད་ཅེས་པའི་ངེས་ཤེས་དེས། ཁོས་སླར་ཡང་ཐ་མག་རྐང་གཅིག་བླངས་ནས་མེ་བསྒོས་ཏེ་རྔུབ་འཐེན་བྱས། ཐ་མག་རྐང་གཅིག་སྲེག་སྟངས་དེ་མི་གཅིག་གི་ཚེ་ལོ་ཟད་སྟངས་དང་འདྲ་ལ། ཁོའི་ཉེ་འཁོར་ལ་འཐིབས་པའི་དུ་ཞག་དེ་ཁོའི་ཡ་ཆུང་ཁོག་ལ་འཚང་པའི་བློ་འགྱོད་དང་འགལ་ཟླའི་སེང་རས་དང་ཅི་འདྲར་མཚུངས་ཨང་། ཁོས་དེ་ལྟར་སེམས་བཞིན་སླར་ཡང་དབུགས་རིང་ཞིག་འཐེན།
རྡོ་ཁོག་ཆུས་མི་ཟིན། མི་ཁོག་མིས་མི་ལོན། ཁོས་ད་དུང་ད་ནངས་མཁས་གྲུབ་ཀྱིས་གདོང་ལ་འཛུམ་ཆུང་ཞིག་སྟོན་བཞིན་བསྙད་པའི་གཏམ་དཔེ་དེ་དྲན་ཡོང་། “ང་མི་དེ་འདྲ་ཞིག་ཡིན་ནམ། ང་དེ་འདྲ་ཞིག་གཏན་ནས་མིན། ”ཁོ་རང་མལ་སའི་ནང་དུ་ཁོག་སྟོད་ཡར་དགྱེ་ཙམ་བྱས་ནས་བསྡད་དེ་རང་ཉིད་ལ་དེ་ལྟར་སེམས་གསོའི་ཚུལ་གྱི་བདེན་ཁའི་ཆིག་ལབ་ཅིག་བྱས། ཡིན་ན་ཡང་། གཏམ་མི་ཁ་བརྒྱུད་ན་ཇེ་མང་ཡིན་པའི་གཏམ་དཔེ་དེས་བདེན་ཁ་དེ་འཇའ་ཚོན་བཞིན་རང་ཡལ་དུ་གྱུར་ཅིང་དེའི་མུར་བློ་འགྱོད་དང་ཞེ་སྡང་གི་ཁྲོ་མདུད་ཅིག་གདོང་ལ་བསྡུས།
“བཀྲ་ཤིས་མཚོ། ཁྱོད་ཀྱི་ཆེད་དུ། ངས་ཆུང་འདྲིས་ཀྱི་རྩེད་རོགས་སེམས་ནས་ཀོ་གྲུ་བཞིན་ཆུ་ལ་བསྐྱུར་ཅིང་། ངས་ལྷད་མེད་ཀྱི་བརྩེ་དུང་ཐལ་ཕུང་བཞིན་རླུང་ལ་གཏོར་བ་ཁྱོད་ཀྱིས་ཤེས་སམ། ཨ། ཁྱི་སྐྱག་མ། ……”ཟེར། ཡིན་ན་ཡང་། ད་ལྟ་ཁོ་རང་སྡོད་སའི་ཁང་མིག་འདིའི་ནང་དུ་ཁྲོ་གཏམ་དེ་འདྲ་བརྗོད་མཁན་དེ་ཁོ་རང་ཉིད་རེད་ལ། ཁྲོ་གཏམ་དེ་ལ་ཉན་མཁན་ཡང་ཁོ་གཅིག་པུ་ལས་མ་འདས།
གཞེས་ནིང་ལོར་པད་སྐྱིད་ཀྱིས་སློབ་ཆེན་འགྲིམ་པ་ནས་བཟུང་། དོན་གྲུབ་ཀྱི་བློ་ཡི་ས་གཤིན་སྟེང་ལ་རང་ཉིད་པད་སྐྱིད་དང་མཐུན་ཐབས་མེད་པའི་འདུ་ཤེས་ཀྱི་མྱུ་གུ་འབུས་མགོ་ཚུགས་པ་རེད། དེ་བས་ན་ད་ལོའི་དཔྱིད་མགོ་ཚེས་དུས་ད་གཟོད་ཁོའི་བློ་ཁ་ཡང་བཀྲ་ཤིས་མཚོའི་ཕྱོགས་སུ་སྐྱོགས་པ་རེད། བཀྲ་ཤིས་མཚོ་ནི་ཆུང་དུས་ནས་སློབ་གྲྭར་མ་སོང་བར་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན་སྟེ། སྐྲ་ཕྲག་ལ་དཔྱངས་ན་རྒྱན་ཞིག་ཡིན་ཟེར་བ་ལྟར། གནག་ཅིང་འཁྱུག་པའི་སྐྲ་ལོ་དེ་རྒྱ་ལྕང་ལྟར་མཛེས་ཤིང་། ལྡེམ་ལྡེམ་འགྲོ་བའི་གོམ་འགྲོས་ལས་འོད་མདངས་འཁྱུག་པའི་སྐྲ་ལོ་ཡང་ཤམ་ཤམ་དུ་གཡོ་ལ། གདོང་མདོག་ཅུང་ཟད་སྨུག་ཅིང་། སྨིན་དཀྱུས་རིང་བོའི་འོག་ཏུ་ཁྲ་ཞིང་སྒོར་བའི་མིག་ཟུང་ལ་གཞན་ཡིད་ཅིག་ཅར་འཕྲོག་པའི་མཛེས་སྡུག་ཅིག་རང་བཞིན་བསྐུངས་ཡོད། ཡིན་ན་འང་……
“དེ་དུས་ཁྱོད་རང་ངའི་གམ་དུ་མེད་ན། ངས་ནམ་ཡང་ཁོ་མོར་འོས་མེད་དེ་འདྲ་ཞིག་གཏན་ནས་བྱེད་མི་སྲིད།” ཁོས་སླར་ཡང་དེ་འདྲའི་འཁང་རའི་ཆིག་ལབ་ཅིག་བྱེད་ཞོར་འཕྲོ་རིམ་འཕྲོར་དུ་བ་རྔུབ་ཙམ་རྔུབ་ཙམ་བྱས་པ་ན། ཡ་ཁའི་སྟེང་གི་སྨེ་བ་དེ་ཡང་མངོན་ཙམ་མངོན་ཙམ་བྱེད།
དེ་ལྟར་མིག་ཟུང་གིས་སྐར་ཁུང་ལ་བལྟས་ཤིང་། སྐར་ཁུང་ལས་ལྷེམ་ལྷེམ་དུ་འཚེར་བཞིན་པའི་སྐར་ཚོགས་དེ། བགྲང་ལས་འདས་པའི་སེམས་ལྡན་གང་མང་ཞིག་གི་མིག་ཟུང་དང་འདྲ་བར་ཁོ་ལ་ཅེར་འདུག དེ་ལྟར་ཡུན་རིང་འགོར་ཙ་ན། སྐྱོ་བའི་དངན་པ་རིང་པོ་ཞིག་གི་མུར་སྔུར་སྒྲ་རིང་མོ་ཞིག་ཁང་མིག་གི་སྒོ་སྲུབས་བརྒྱུད་ནས་ཕྱི་རོལ་ན་ལྡང་བའི་གྲང་རླུང་དང་འདྲེས་ཀྱིན་བདོག
དགུན་ཁའི་མཚན་ནུབ་རེ་རེར་ཁོའི་སེམས་ལ་སློབ་གྲྭའི་ནང་བྱུང་བའི་འདས་དོན་དེ་ཡང་ཡང་དུ་འཁོར་སྲིད།
“དོན་གྲུབ། ངའི་ཁོག་སྨད་ལ་ཟུག་གཟེར་བསྐྱེད་ཡོང་ཟེར ”ཞོར། ལག་པས་དོན་གྲུབ་ཀྱི་ཕྲག་པར་ཤ་གཅུ་རྒྱག་ཅི་ཐུབ་བྱེད།
ཡིན་ན་ཡང་། སྐབས་དེར་དོན་གྲུབ་ནི་ཧྲག་དམག་གཡུལ་ལ་ཞུགས་པ་ཞིག་དང་འདྲ་བར་སྟོབས་ཤུགས་ཀྱིས་ཀུན་ནས་ཁེངས་འདུག
“དོན་གྲུབ། ངས་ཁྱོད་ལ་ཞུ་བ་བྱེད་”ཟེར། བསྟུད་མར་ “ཨ ཨང ……” བསྲན་མ་ནུས་པའི་འཁུན་སྒྲ་རིང་བོ་ཞིག་མལ་ཁང་གི་གྲུ་ཟུར་རེ་རེ་ལ་ཡུན་གྱིས་ཁྱབ་སོང་། དེ་དུས་ཁོ་མོའི་མཁུར་ཚོས་རྔུལ་ཆུ་དང་མིག་ཆུས་ཡོངས་སུ་བརླན་ཡོད་ཅིང་། ལུས་སེམས་གང་རུང་ལའང་རྔུལ་ཆུ་དང་མིག་ཆུ་ལྟ་བུའི་ཚོར་ཤེས་ཀྱི་གཤེར་ཁུ་ཞིག་གིས་ཡོངས་སུ་བརྫིས་ཡོད་སྲིད། དེ་ནི་དོན་གྲུབ་དང་ཁོང་གཉིས་ཀྱི་བརྩེ་དུང་ལ་དབུ་འཁྱུད་བྲིས་པའི་མཚན་མོ་དེ་རེད་ལ། པད་སྐྱིད་ཀྱིས་འཇིག་རྟེན་གྱི་འཁོར་བ་ལ་ངེས་ཟིན་ཐོབ་པའི་ཆེས་ཐོག་མའི་མཚན་མོ་དེའང་རེད།
ནམ་རྒྱུན་ཞོགས་པའི་ཉི་ཟེར་དེ་ལུང་བ་རེ་རེའི་ཉིན་ངོས་སུ་ཕོག་ཚེ། ཞོགས་པའི་གྲིབ་སོ་དེ་ཉིན་ངོས་ནས་སྲིབ་ངོས་སུ་ཕྱིར་བསྡུ་བ་དང་། ཉི་མ་ནུབ་ཕྱོགས་ཀྱི་རི་རྒྱབ་ཏུ་ཇེ་དམའ་རུ་གྱུར་ཚེ། སྔོན་ལ་ཉིན་ངོས་གྲིབ་སོས་གཡོགས་ནས་རིམ་བཞིན་སྲིབ་ངོས་བསྒྲིབས་འགྲོ་བ་བཞིན། ཁོ་ཡང་ལུང་ཁོག་འདིའི་བསྐྱར་ཟློས་ཀྱི་འཚོ་བ་དེར་དམའ་འབྲིང་མཐར་ཕྱིན་པའི་རྗེས་ནས་བཟུང་ཞུགས་མགོ་བརྩམས་པ་རེད། དེ་ནི་ཁྲ་ཆིལ་མེ་ཏོག་གིས་སྐྱེ་འགྲོའི་མིག་དབང་ཀུན་ནས་འཕྲོག་པར་བྱེད་པའི་དབྱར་དུས་ཀྱི་འཚོ་བ་དང་འདྲ་བ་ཞིག་མ་ཡིན་ལ། འབྲུ་དྲུག་གི་སྙེ་མ་ཁུར་གྱིས་དུད་པས་སོ་ནམ་པར་སྤྲོ་བ་བསྐྱེད་པར་བྱེད་པའི་སྟོན་དུས་ཀྱི་འཚོ་བ་དེ་བས་ཀྱང་མ་ཡིན་པར། ལྷགས་ངར་གྱིས་གདོང་བ་གཉེར་དུ་འཇུག་པའི་དགུན་མཇུག་ནས་རླུང་འཚུབ་ཀྱིས་ཁ་མིག་བསྒྲིབས་པར་བྱེད་པའི་དཔྱིད་མགོའི་བར་དུ་གཏན་སྡོད་བྱེད་སའི་ཐབས་ཆག་གི་གནས་ཚང་ངམ་ཁེར་རྐྱང་གི་འཚོ་བ་རོལ་སའི་ལུག་བ་རེད། ད་ལོའི་དགུན་ཁར་ཁོ་རང་ལུང་ཁོག་འདིར་ཡོང་ཚད་ཁྱིམ་ཚང་གཞན་དག་ལས་ཟླ་གཅིག་ལྷག་གིས་སྔ་བ་རེད། སྤྱིར་ལྟག་རྒྱབ་ཀྱི་བྲག་རྒན་སེར་ལྡང་གི་རི་མགོར་འགོས་ཚེ། ད་གཟོད་ཚོ་པ་གཅིག་པའི་ལུག་རྫི་མཁས་གྲུབ་ལ་ཐུག་ཐུབ་པ་དང་། མཁས་གྲུབ་བརྒྱུད་ནས་པད་སྐྱིད་ཀྱི་གནས་ཚུལ་ཀྱང་ཐོས་ཐུབ། ཡིན་ནའང་། མཁས་གྲུབ་ཚང་ཁ་སང་སོ་མར་རུ་སྤར་ནས་ཡོང་བ་ཡིན་པས། ཁོར་མཚོན་ན་པད་སྐྱིད་ཀྱི་གནས་ཚུལ་དེ་ཡང་ཁ་སང་སོ་མར་ཐོས་པ་རེད། འོ། རེད་དེ། མཁས་གྲུབ་ནི་ཨ་ཁུ་སྒྲོལ་དཀར་ཚང་གི་རེད། ཁོང་གཉིས་སློབ་ཆུང་གི་དུས་སུ་འཛིན་གྲྭ་གཅིག་ཡིན་པར་མ་ཟད། ཕན་ཚུན་ལ་འདང་རྩིས་ཀྱང་ཤིན་ཏུ་ཆེ། སློབ་ཆུང་མཐར་ཕྱིན་རྗེས་རྐྱེན་གང་ཡིན་མ་ཤེས་མོད་ཁོ་རང་མུ་མཐུད་དུ་སློབ་གྲྭར་མ་སོང་བར་ཡུལ་ནས་བསྡད་པ་རེད། ད་ལྟ་ཁོ་ལ་གཉེན་སྒྲིག་བྱས་ཡོད་པར་མ་ཟད། བུ་ཞིག་ཀྱང་གསོས་འདུག ཁོའི་ཆུང་མ་ལྷ་མཚོ་རེད། ཁོ་ཚང་ཏག་ཏག་པད་སྐྱིད་ཚང་གི་རུ་སྐོར་ཡིན་པས། པད་སྐྱིད་ཀྱི་གནས་ཚུལ་ཕྲན་ཙམ་རེ་ཐོས་ཐུབ་པ་དེ་ཡང་གཙོ་བོ་དེ་ལ་ཐུག་ཡོད་པ་རེད།
མདུན་གྱི་གྲམ་གཞུང་གི་རྒྱུག་ཆུ་དེ་ཡང་དར་དཀར་གྱི་སྦུབས་སུ་གཡོགས་ནས་ཤག་སྒྲ་ཕྲན་ཙམ་ལས་ཐོས་མི་ཐུབ། ཉིན་འགའི་སྔོན་ཁ་བ་ཅུང་ཟད་བབས་པ་དེས་ཀྱང་སྲིབ་ངོས་ཀྱི་ནགས་གསེབ་གང་རུང་དཀར་བོང་བོང་ཞིག་ཏུ་བསྒྱུར་འདུག འདི་ལྟ་བུའི་གྲང་རླུང་གི་ཤུགས་སྒྲ་དང་ལུག་ཆུང་གི་འབའ་སྒྲ། བྱེའུ་ཚོགས་ཀྱི་ཀྱུར་སྒྲ་མ་གཏོགས་ཅི་ཡང་ཐོས་མི་ཐུབ་པའི་ལུང་ཁོག་འདི་ནས། དོན་གྲུབ་ཀྱིས་དགུན་གྱི་མཚན་ནམ་རིང་མོ་དང་དཔྱིད་ཀྱི་ཉི་མ་རིང་མོ་ཁེར་རྐྱང་ངང་འཁྱོལ་ཐབས་བྱས་ཏེ་ལོ་ངོ་ལྔ་ལྷག་གི་ཞགས་པ་རིང་མོ་ཞིག་འདི་ལྟར་རིང་དུ་སྨྱུགས་སོང་།
ཞོགས་པའི་ཉི་ཐིག་ཅིག་སྒོ་སྲུབས་ལས་ཐད་ཀར་ཐབ་ཀའི་ཡར་སྒྱིད་སྟེང་འཕྲོས་འདུག་ལ། ཕྱི་རོལ་ཏུ་བསེར་བུ་དལ་གྱིས་ལྡང་བ་དང་བསྟུན་ནས་སྒེའུ་ཁུང་སྟེང་སྦྱར་ཡོད་པའི་ཚགས་ཤོག་དེ་ཡང་ཧྲག་ཧྲག་ཏུ་སྒུལ་ཙམ་སྒུལ་ཙམ་བྱེད་པ་དེས་དོན་གྲུབ་ལ་ལངས་བརྡ་གཏོང་བཞིན་ཡོད་པ་དང་དབྱེར་མེད་དུ་མཆིས། ཡིན་ན་ཡང་ཁོ་རང་ད་དུང་གཉིད་ལས་སད་མི་འདུག རྨི་ལམ་གྱི་ཞིང་ཁམས་ན་པད་སྐྱིད་ལ་ཐུག་འཕྲད་ཨེ་ཡོང་ལ་རེ་བཞིན་ཡོད་ཤས་ཆེ།
ལུ་གུ་ཞིག་གི་འབའ་སྐད་ཀྱིས་ཁོ་རང་གཉིད་ལས་བསླངས་བྱུང་། ཁོས་མིག་འབྱེད་ཙམ་བྱེད་དུས་གྱང་ལྡེབས་སུ་བཀལ་ཡོད་པའི་མེ་ལོང་དེའི་ནང་དུ་ཁོའི་གཟུགས་བརྙན་ཇི་བཞིན་དུ་ཤར་འདུག ཁོ་ནམ་རྒྱུན་གཉིད་ལས་སད་དུས། གྱང་ལྡེབས་ཀྱི་མེ་ལོང་ནང་ཤར་ཡོང་བའི་གཟུགས་བརྙན་དེ་ལ་སྣང་འཇོག་གཏན་ནས་བྱེད་མ་མྱོང་མོད། དེ་རིང་མེ་ལོང་ནང་གི་གཟུགས་བརྙན་དེ་ལ་ཞིབ་ལྟ་ཞིག་བྱེད་དུས། ད་གཟོད་ལོ་ཟླའི་འགྲུལ་བཞུད་ཀྱིས་ཁོའི་ངོ་གདོང་ལ་གསལ་ལ་མི་གསལ་བའི་སྐྱིད་སྡུག་གི་གཉེར་རིས་ཤ་ཤུར་ཞིག་ཕབ་ཡོད་པ་གསལ་བོར་མཐོང་།
སྔས་མགོ་ནས་ཐ་མག་རྐང་གཅིག་ལག་གཡོན་པའི་གོང་མཛུབ་དང་དཀྱིལ་མཛུབ་ཀྱི་བར་དུ་བླངས་ཏེ་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་མེ་བསྒོས་རྗེས་བསྟུད་མར་རྔུབ་ཙམ་རྔུབ་ཙམ་བྱས། སྒྱིད་ལུག་ངང་རྒྱུ་བཞིན་པའི་དུ་བ་དེ་ལན་རེར་སྨྱོས་བུམ་མཁྲང་ཞིང་། རྐེད་པ་ཕྲ་བ། འཕོངས་ཚོས་ཅུང་ཟད་རྒྱས་ཡོད་པའི་གཞོན་ནུ་མ་ཞིག་གི་གཟུགས་རིས་དང་འདྲ་ལ། སྐབས་རེར…… ཁོ་ཡུན་རིང་ཞིག་ལ་མེ་ལོང་ནང་གི་དུ་བའི་གཟུགས་བརྙན་དེར་ཅེར་ནས་བསྡད། ཐ་མག་གི་ཚག་ཐལ་ཞིག་ཁོའི་འཛིངས་ཤིང་སྐྱེས་པའི་སྐྲ་འདབས་སུ་ཟགས་སོང་། སྐར་ཁུང་ལས་ཁྲོན་པའི་ཁ་ཞེང་ཙམ་ལས་མེད་པ་ལྟ་བུའི་མཐིང་མདོག་གི་ནམ་མཁའ་དེ་མཐོང་ཡོང་། སྐབས་དེར་ཁོའི་སེམས་ལ། གལ་སྲིད་སྐར་ཁུང་འདི་ཁྲོན་པའི་ཁ་ཞེང་ལྟ་བུ་ཞིག་ཡིན་ན། རང་ཉིད་ནི་ཁྲོན་པའི་གཏིང་གི་སྦལ་བ་ལྟ་བུ་ཞིག་ཡིན་པའི་ངེས་ཤེས་ཤིག་སྐྱེས། དུ་སྣེ་ཡི་སྲད་བུ་བཞིན་ཕྲ་བའི་དུ་བ་དེ་སྔར་བཞིན་དལ་བྲེལ་ཅི་ཡང་མེད་པར་སྐར་ཁུང་གི་ཕྱོགས་སུ་ཡ་ཡོ་དང་བཅས་རྨེལ་འདུག
“འབའ……” ཡང་བསྐྱར་ལུ་གུ་དེའི་འབའ་སྐད་གྲགས་ཡོང་།
“ ཨ་ཧོ། ངས་བརྗེད་འདུག ” ཁོས་དེ་ལྟར་ཆིག་ལབ་ཅིག་བྱེད་ཞོར་མལ་ཁྲི་ལས་བབས་ཏེ་ཐང་ན་གཡུལ་ནས་ཕམ་པའི་དམག་མི་གཉིས་དང་འདྲ་བར་གཡས་འགྱེལ་གཡོན་ལོག་བྱས་ཡོད་པའི་འདྲུད་ལམ་དེ་ཡང་མ་གྱོན་པར་རྐང་རྗེན་དུ་སྒོར་བུད། ལུ་གུའི་འབའ་སྐད་དེ་བསྟུད་མར་གྲགས་ཡོང་། ཁོས་ཐོག་མར་ཁང་མིག་གི་སྒོ་ཁར་ཡོད་པའི་ལུད་སྒྱེ་དེ་དྲད་མ་དྲུད་ཀྱིས་ལུག་རའི་གྱང་རྩར་བཞག་པ་དང་། དེ་ནས་ལུད་སྒྱེའི་སྟེང་དུ་འགོས་ནས་ལུག་རའི་ནང་དུ་བལྟས། ཁོ་རང་ལུག་རའི་གྱང་ཁ་ནས་མངོན་མ་ཐག ལུག་ལྷས་ཀྱི་ལུག་རྣམས་འདྲོག་ཙམ་བྱས་སོང་བས། བཙས་ནས་ཡུན་རིང་འགོར་མེད་པའི་ལུ་གུ་དེ་ཡང་མ་མོ་དེའི་རྗེས་སུ་འཁྱར་འཁྱོར་ཙམ་སྤོས་ནས་ཡུན་རིང་མ་སོང་བར་ས་ལ་འགྱེལ་སོང་། སྐབས་དེར་མ་མོ་དེ་ལུ་གུའི་ཕྱོགས་སུ་བརྒྱུགས་ཡོང་སྟེ་ལྡག་ཙམ་ལྡག་ཙམ་བྱས་པ་ན། ལུ་གུ་དེས་ཀྱང་ཅི་ཞིག་གི་ཧ་གོ་སོང་བ་ལྟར་ཕྲ་ཞིང་ཐུང་བའི་རྔ་མ་འགུལ་ཙམ་འགུལ་ཙམ་བྱེད་ཞོར་མ་མོའི་ནུ་མ་ནུ་བར་རྩོམ། སྐབས་དེར་ཁོའི་གདོང་ལ་མངོན་ཆུང་གི་འཛུམ་ཞིག་དབང་མེད་དུ་རྒྱས་ཡོང་།
ལུང་ཁོག་དེ་ནས་དུད་སྨུག་ཅིག་ཁང་མིག་དེའི་ལྟག་རྒྱབ་ཀྱི་སྒང་ངོས་སུ་འཐིབས་འདུག ཡང་བསྐྱར་ཉིན་གཅིག་གི་འཚོ་བའི་མགོ་བརྩམས་སོང་བ་རེད། ཁོ་རང་ཧ་ཅང་སུན་སྣང་སྐྱེས་བཞིན་པའི་སྐབས་སུ་སེམས་གསོ་བྱེད་མཁན་ཞིག་ཡོད་པ་ནི་ཐ་མག་དང་དཔེ་ཆ་ཡིན་སྲིད། ཐབ་ཀའི་ཡར་སྒྱིད་ཀྱི་བང་ཁའི་སྟེང་འཕྲེད་དུ་བཞག་ཡོད་པའི་ཤིང་ལེབ་དེའི་སྟེང་དུ་སྣུམ་གྱིས་ཟིན་ཡོད་པའི་དཔེ་ཆ་འགའ་བསྒྲིགས་ཡོད་པ་དེ་དག་ནི་སྦྲང་ཆར་གྱི་དུས་དེབ་ཏག་ཏག་རེད། ཁོས་དེ་ལས་དེབ་གཅིག་ལག་ཏུ་བླངས་ནས་ཤོག་ལྷེ་རེ་རེ་བཞིན་ཕར་སློག་ཚུར་སློག་འགའ་བྱས་པ་ན། དེའི་བར་ནས་འདྲ་པར་ཞིག་སྟོན་མཇུག་གི་ལོ་མ་ཞིག་དང་མཚུངས་པར་གོ་ཁའི་ཐལ་འདབས་སུ་ལྷུང་སོང་། ཁོས་འཚབ་འཚུབ་ཀྱིས་འདྲ་པར་དེ་ཡར་སྒྲུག་ནས་སྟེང་གི་ཐལ་རྡུལ་ཚི་ལེན་གྱི་ཕུར་ཁས་འབྱིད་ཙམ་བྱས་པ་ན། དེ་ནི་ལོ་འགའི་ཡར་སྔོན་དུ་པད་སྐྱིད་ཀྱིས་ཁོ་ལ་དྲན་རྟེན་ལ་བྱིན་པའི་འདྲ་པར་ཞིག་རེད། ཁོས་ཟླ་ངོ་གཉིས་ལྷག་གི་ཡར་སྔོན་དུ་པད་སྐྱིད་ལ་འཕྲིན་ཡིག་དེ་བསྐུར་པ་ནས་བཟུང་། འདྲ་པར་དེ་ལ་མིག་ཟུར་ཙམ་ཡང་བལྟས་མ་མྱོང་། དེ་རིང་ཡང་བསྐྱར་འདྲ་པར་དེ་མཐོང་དུས། ཁོའི་སེམས་ལ་མངར་སྐྱུར་ཁ་གསུམ་གྱི་ཚོར་བ་སྣ་ཚོགས་ཤིག་བྱུང་བའི་གོ་རིམ་དེའི་ཁྲོད་ནས་གཟུགས་མེད་ཀྱི་མིག་ཆུ་ཞིག་ཁོའི་སེམས་ཀྱི་ལྟེང་ཀར་འཁྱིལ་ཡོད་ངེས། དེ་ནས་འདྲ་པར་དེ་དེབ་དེའི་བར་དུ་བཅུག་རྗེས་ལག་པས་དཔེ་དེབ་སྟེང་གི་ས་རྡུལ་དག་ལན་འགར་འབྱིད་ནས་སྔར་མལ་དུ་བཞག ཁོ་རང་གོ་འདབས་སུ་ཙོག་སྟེ་གོ་ཐབ་ལས་མེ་ཡོག་གིས་མེ་འདྲུ་བཞིན་དངན་པ་ཞིག་འཐེན། དུ་དྲེག་ཆགས་པའི་དེམ་དེ་ལས་ཆུ་ཁོལ་གདུ་བའི་རླངས་པ་སྔར་བཞིན་ཐུ་ལུ་ལུ་འཕྱུར་གྱིན་གདའ།
ད་ནི་ལྷོ་བྱང་གི་ཕྱོགས་སུ་བསྲིངས་ཡོད་པའི་མདུན་གྱི་རི་རྒྱུད་དེའི་གྲིབ་སོ་དེ་ཞོགས་པའི་ཉི་འོད་ཀྱི་འོག་ཏུ་གོས་དཀར་གྱི་ཡོལ་བ་ཞིག་འཐེན་ཡོད་པ་ལྟ་བུའི་གྲམ་གཞུང་ལ་ཕོག་འདུག ཁང་མིག་དེའི་ཀླད་ཀྱི་རིང་ཐུང་མི་སྙོམས་པའི་རྒྱུགས་དང་ཝ་མཆུ་སོགས་ཀྱི་གྲིབ་མ་ཆུང་ཆུང་དེ་དག་ཀྱང་སྒོ་དང་སྒེའུ་ཁུང་གི་སྒང་ངོས་སུ་རིང་ཐུང་དང་བཅས་ཅུང་ཙམ་གསེག་ནས་བཟུར་འདུག ད་དུང་དེ་འདྲ་མཐོ་རྒྱུ་མེད་པའི་ཤིང་སྒོ་དེའི་ལྕགས་ལོང་ནང་བརྒྱུས་ཡོད་པའི་ཐ་གུ་སྔོན་པོ་དེ་ཡང་ཞོགས་རླུང་དལ་གྱིས་ལྡང་བ་དང་མཉམ་དུ་འགུལ་ཙམ་འགུལ་ཙམ་བྱེད། ལུག་རའི་གྲུ་ཁ་རེ་རེའི་གྱང་སྟེང་དུ་ཐོ་ཡོར་རེ་བརྩེངས་ཡོད་པ་དེ་ནི་སྤྱང་ཀི་ལ་འགོག་སྲུང་བྱེད་སླད་རེད། ཅུང་ཐག་རིང་ནས་བལྟས་ཚེ་དེ་དག་ནི་མི་རྒན་བཞི་གྱང་ཁ་ན་རྫིག་ཉམས་ཀྱིས་འགྲེང་ཡོད་པ་དང་མཚུངས་པར་སྣང་།
ཉི་མ་ཡང་ཤར་ནས་ཐག་ཚད་ཅིག་ལ་སླེབས་འདུག ཉིན་ངོས་སུ་གཤར་བཞིན་པའི་ལུག་ཁྱུའི་ཁྲོད་དུ་མཐོ་དམའ་མི་སྙོམས་པའི་འབའ་སྐད་ཀྱང་ལུང་ཁོག་འདིའི་ལུང་བ་རེ་རེའི་བྲག་ཅར་འཁོར་བཞིན་འདུག དེ་ནི་ལུག་གི་འབའ་སྐད་ཤིན་ཏུ་མཐོ་བས་མ་ཡིན་པར། ལུང་ཁོག་འདི་ཧ་ཅང་ལྷིང་འཇགས་ཡིན་པའི་རྐྱེན་གྱིས་ཀྱང་རེད། ནམ་རྒྱུན་ཁོས་ལུག་ཁྱུ་ཉིན་ངོས་སུ་བསྐོར་རྗེས་ཉི་མར་ལྡེ་རྒྱུར་ཧ་ཅང་དགའ། དེ་ནི་ཟོག་རྫི་ཚང་མའི་ཐུན་མོང་གི་དགའ་ཕྱོགས་ཤིག་ཀྱང་རེད། ཁོས་ཉི་མར་ལྡེ་ནས་ཐ་མག་རྔུབ་ན་ཁེར་རྐྱང་གི་སུན་སྣང་སེལ་ནུས་པར་སྙམ། དེ་བས་ན་ཐ་མག་རྔུབ་རྒྱུའི་གོམས་སྲོལ་འདི་ཡང་ལུང་ཁོག་འདིའི་འཚོ་བར་ཞུགས་པ་ནས་བཟུང་གོམས་ལོབས་སུ་གྱུར་བ་རེད ། སྐྲའི་ཉག་མ་དེ་དག་ཀྱང་ཁེར་རྐྱང་གི་སུན་སྣང་གིས་གདུང་བ་ལྟར་དབྱེས་དེ་འདྲ་ཆེ་རྒྱུ་མེད་པའི་དཔྲལ་ངོས་སུ་གཡས་འཇིལ་གཡོན་འཇིལ་བྱས་འདུག ཁོས་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས་རྔུབ་ཙམ་བྱས་རྗེས། ཁ་སྣ་ལས་ཕྱུངས་བའི་དུ་བ་དེ་དཔྲལ་བའི་སྐྲ་འདབས་ནས་སྒྱིད་ལུག་གིས་འཕག་འཚག་བརྒྱབ་པ་དང་འགྲོགས་ནས་གར་ཡོང་མི་ཤེས་པའི་ཞོགས་རླུང་ཞིག་གིས་དུམ་བུ་དང་དུམ་བུར་བཅད་དེ་རིམ་བཞིན་མི་མངོན་པར་གྱུར་སོང་། མཛུབ་བར་དུ་བཙིར་ཡོད་པའི་ཐ་མག་གི་དུ་སྣེ་ནས་སྦོམ་ཕྲ་ཤོར་བའི་དུ་བ་དེ་དལ་དལ་གྱིས་རྒྱུ་བཞིན་འདུག ད་ནི་ཁོས་དུ་བའི་གཟུགས་རིས་ལ་མི་ལྟ་བར་ཧ་ཅང་རྒྱང་རིང་རྒྱང་རིང་ཞིག་ལ་ཅེར་འདུག རྒན་པོ་སྤྱི་ཐེར་ཞིག་དང་འདྲ་བའི་ཕྱོགས་བཞིའི་རི་བོ་དེ་དག་ལ་ཡང་རྒས་ཉམས་དང་སྐྱོ་ཉམས་ཤིག་རང་བཞིན་གྱིས་ཤར་འདུག་པའི་སྣང་བ་སྟེར། ཁོས་དེ་ལྟར་སེམས།
“འབའ……” ལུག་གི་འབའ་སྐད་དེས། ཁོ་ལ་བསམ་གཞིག་གི་ཀློང་ནས་གཞི་ནས་ཟུག་འཐེན་འགའ་བྱས་སོང་།
ལུག་སྔ་མ་དག་བྲག་རྒན་སེར་ལྡང་གི་རྐེད་ལམ་བཅད་ནས་གཤར་གྱིན་འདུག ལུང་མཐིལ་ན་ལུ་གུ་བཙས་ཡོད་པའི་མ་མོ་མ་བུ་འགའ་ལས་མི་འདུག སྐབས་རེར་མ་མོ་དེ་དག་ལུ་གུའི་སར་བརྒྱུགས་ཡོང་ནས་སྣོམ་ཙམ་བྱས་རྗེས་སླར་ཡང་རྩྭ་ལ་རོལ་བར་བྱེད། མཚམས་རེར་ལུ་གུ་དག་གིས་ཀྱང་མགོ་བོ་ཀྲོག་ཀྲོག་བྱས་ནས་མ་མོ་དག་གི་ཕྱོགས་སུ་ལྟ་བར་བྱེད། སྐབས་འདིར་ཁོའི་ཡིད་ལ་རང་ཉིད་ཀྱི་ནར་སོན་གྱི་ལོ་ཟླ་དག་འཁོར་ཡོང་ངེས།
མཁྲིག་མར་གྱོན་པའི་ཕྲེང་བ་དེ་བླངས་ནས་ཁ་ཏོན་འདོན་བཞིན་ལུག་ཁྱུའི་རྗེས་ལ་བསྙེགས། ད་ལྟ་ཁོ་ལ་རྒས་ཉམས་ཤིག་ཀྱང་མངོན་འདུག དེ་ནི་ཁོ་རང་རྫ་ལུང་འགྲིམ་ནས་ཕྱུགས་འཚོས་པའི་རྐྱེན་ཡང་ཡིན་སྲིད།
“དོན་གྲུབ། དོན་གྲུབ།” མཁས་གྲུབ་ཀྱིས་བྲག་རྒན་སེར་ལྡང་གི་རྐེད་ལམ་བཅད་ནས་གཤར་བཞིན་པའི་ལུག་དེ་དག་གི་ཁ་ཕྱིར་ལེན་ཞོར། ལག་གཡུག་བྱས་ཏེ་དོན་གྲུབ་འབོད་ཀྱིན་གདའ།
ཁོས་མཁས་གྲུབ་ལ་ཡ་ལན་གྱི་ཚུལ་དུ་ཕུ་རུང་གཡུག་ཙམ་བྱས་རྗེས་མུ་མཐུད་དུ་རི་ངོས་སུ་འགོས། སློག་པའི་ཕུར་སྣེ་ས་ལ་འདྲུད་ཙམ་འདྲུད་ཙམ་བྱེད་པ་ལས་ས་རྡུལ་ཡང་བར་མེད་དུ་འཐིབ་ཙམ་འཐིབ་ཙམ་བྱེད།
ད་ནི་ཁོ་རང་བྲག་རྒན་སེར་ལྡང་གི་རྐེད་ལམ་ལ་ཐོན་བྱུང་། ཁོ་རང་ཐང་ཆད་དྲགས་པས་ངོ་མདངས་དམར་པོར་གྱུར་ཡོད་པ་མ་ཟད། སྐྲ་གསེང་ལས་བརྡོལ་བའི་རྔུལ་ཆུའི་ཐིགས་པ་རེ་རེས་དཔྲལ་ངོས་ཡོངས་སུ་བརླན་པར་བྱས་འདུག ཡིན་ཡང་མཁས་གྲུབ་མཐོང་རྒྱུ་མ་བྱུང་། ཁོ་རང་གམ་གྱི་འབུར་ཐོ་ཞིག་ལ་ཟུར་བསྔས་ཏེ་ངལ་གསོ་བྱས་ནས་བསྡད།
ཡུན་རིང་མ་སོང་བར་མཁས་གྲུབ་ཀྱིས་སྐད་ཆེན་པོས“ཀི དོན་གྲུབ། ཁྱོད་ཀྱི་འཕྲིན་ཡིག་གོང་གི་བྲག་ཐེམ་དེའི་སྟེང་དུ་རྡོ་ཡིས་མནན་ཡོད” ཟེར། ཁོ་རང་དེའི་མུར་ཡར་ལངས་ཏེ་བལྟས་པ་ན། མཁས་གྲུབ་དར་ཤིང་ཞིག་དང་འདྲ་བར་གཡུ་ལྕམ་སྒང་དུ་ཀྲོང་ངེར་འགྲེང་འདུག ངེས་མེད་དུ་རྒྱུ་བའི་བསེར་རླུང་ཞིག་གིས་མཁས་གྲུབ་ཀྱི་སློག་ཧྲུལ་གྱི་ཕུ་རུང་དང་འདབས་ཁ། ད་དུང་སྐ་རགས་ཀྱི་སྣེ་མོ་བཅས་བར་མེད་དུ་སྒུལ་གྱིན་ཡོད་པའི་ཚུགས་ཀ་དེ་ངོ་མ་དགོད་བྲོ་བ་ཞིག་རེད། དོན་གྲུབ་ཀྱིས་དེ་ལྟར་སེམས་བཞིན་ཁོང་དགོད་ཅིག་བྱེད་ཞོར་ཕུ་རུང་གཡུག་ཙམ་བྱས་ཏེ་མཁས་གྲུབ་ལ་བརྡ་ལན་བྱིན།
དྲོད་འཇམ་གྱི་ཉི་འོད་འོག་ཏུ། མཐོ་ཞིང་བརྗིད་པའི་རྫ་རི་སྐྱ་གོག་གེར། དམའ་ཞིང་བདེ་བའི་སྤང་ཐང་སྐྱ་ཐག་གེར། སྟུག་ཅིང་རྫུབས་པའི་ནགས་ཀླུང་སྐྱ་འཐིབ་བེར། བཞུར་རྒྱུན་རིང་བོའི་ཆུ་ཀླུང་དཀར་ཆིལ་ལེར་འདུག འདི་དག་ཀྱང་སྙན་ངག་པའི་སྨྱུག་རྩེ་དང་རི་མོ་བའི་པིར་རྩེ་ལ་དྲངས་ཚེ། ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་བསྐྲུན་སྲིད་མོད། འོན་ཀྱང་དོན་གྲུབ་ལ་མཚོན་ན། འདི་དག་ནི་ཁེར་རྐྱང་གི་སེམས་ངོགས་སུ་སྦས་པའི་སྐྱོ་ལྷང་ལྷང་། སྟོང་སང་སང་། གྲང་ཤུར་ཤུར་གྱི་ཐབས་ཆག་གི་འཇིག་རྟེན་ཞིག་ལས་མ་འདས།
ཕར་ཕྱོགས་ཀྱི་བྱེ་མའི་སྒང་དུ་རྡུལ་འཚུབ་ཀྱི་ཀ་བ་ཞིག་གནམ་སའི་བར་དུ་ཀྲོང་ངེར་འཐེན་འདུག ལུག་ཁྱུ་ནས་འབའ་སྐད་རེ་གཉིས་བསྟུད་མར་གྲག་འོང་པས། ཁོ་རང་ཡར་ལངས་ཏེ་ལུག་ཁྱུ་ལ་ལྟ་ཙམ་བྱས་པ་དང་། གཤམ་གྱི་བྲག་ཐོ་དེའི་སྟེང་དུ་ཕྱིན་ནས་ལུང་མཐིལ་གྱི་མ་མོ་མ་བུ་དེ་དག་ལ་ལྟ་ཙམ་བྱས་རྗེས། ཀི་རིང་ཞིག་བཏབ་པ་ན། ཀི་སྒྲ་དེས་ལུང་བ་རེ་རེའི་བྲག་ཆ་བརྟོལ་ནས་རྒྱང་རིང་རྒྱང་རིང་ཞིག་ལ་ཁྱབ་སོང་། ལུ་གུ་དེ་དག་གཉིད་ལས་བསླངས་ཏེ་མགོ་བོ་ཀྲོག་ཀྲོག་བྱེད་བཞིན་མ་མོ་དག་གི་རྗེས་སུ་བརྒྱུགས་པར་བྱེད་ལ། ཕ་གིའི་ནགས་གསེབ་ནས་བྱེའུ་ཚོགས་ཤིག་སྡོང་སྐམ་ལུང་བའི་སྣ་འོག་བརྒྱུད་ནས་ནག་སོག་གེར་འཕུར་སོང་།
དེ་ནས་ཁོ་རང་ཡར་འགོས་ཏེ་གོང་གི་བྲག་ཐེམ་སྟེང་དུ་འཕྲིན་ཡིག་དེ་ཚུར་བླངས་པ་དང་ལག་པས་བྱིལ་བྱིལ་འགའ་བྱས་རྗེས་རུམ་ལ་བཅུག ཡུན་རིང་མ་སོང་བར་རུམ་ནས་ཕྱིར་བླངས་ཏེ་ཡང་བསྐྱར་བྱིལ་བྱིལ་འགའ་བྱས་པ་དང་འབྲེལ་ཡིག་ཤུབས་དེ་ལས་འཕྲིན་ཤོག་ཕྱིར་བཏོན་སྟེ་བལྟས་ཙ་ན། འདི་ལྟར་བྲིས་ཡོད་དེ།
༄༅།།འདས་ཟིན་པའི་བཤུལ་ལམ་གྱི་ཁུགས་པར་བདག་གི་སྤོབས་པ་དང་ཡིད་ཆེས་ཀྱི་རྒྱབ་རྩར་བཞེངས་མྱོང་བའི་བརྩེ་ལྡན་གྱི་དོན་གྲུབ་ལགས།
འཚམས་ཞུ།
ངས་སྨྱུ་གུ་ཤོག་བུའི་སྟེང་དུ་བཞག་ནས་འཕྲིན་ལན་ཞིག་གི་དབུ་ཁྱུད་འབྲི་བར་རྩོམ་དུས། བདག་གི་སེམས་པ་འདི་སྐྱོ་ལྷང་ལྷང་། སྨྲེང་ཤུར་ཤུར། སྟོང་སང་སང་ཞིག་རེད།
ངོ་མ། ཁྱོད་ཀྱིས་རྒྱང་ཐག་རིང་བའི་ཕ་ཡུལ་ནས་བསྐུར་འོང་བའི་འཕྲིན་ཡིག་དེས་བདག་སེམས་ཀྱི་འཁྲི་ཤིང་རྩ་བ་ནས་འགྱེལ་དུ་བཅུག་ཅིང་། རེ་བ་ཡི་མེ་དཔུང་རྨང་ནས་གཞིལ་དུ་བཅུག་སོང་། ཁྱོད་ཀྱི་ཆེད་དུ་བདག་གིས་སྡེ་ཆེན་གྱི་མྱི་ཁ་ལྷགས་རླུང་བཞིན་རྣ་རྒྱབ་ཏུ་དོར་ཞིང་། ཕ་མ་དང་སྤུན་ཟླའི་བཀའ་བཀྱོན་ཐལ་ཕུང་བཞིན་རླུང་ཁར་གཏོར་མྱོང་བ་ཁྱོད་ཀྱིས་རྟོགས་སམ། ཡང་ན། བདག་གིས་ཁྱོད་རང་སེམས་ཀྱི་ནོར་བུ་བཞིན་གཅེས་སུ་བཟུང་ནས་ལོ་ཟླ་ག་ཚོད་ཅིག་འདས་སོང་བ་ལ་ཕྱིར་འདང་ཞིག་བརྒྱབ་ན། བདག་གི་ཡ་ཆུང་གི་གློ་སྙིང་མཚམས་སུ་དྲན་གདུང་གི་ངུད་མོ་འབྲུག་སྟོང་བཞིན་ལྡིར་འོངས་ལ། མ་ཆུང་གི་རྒྱུ་མའི་ཁུགས་པར་སྐྱོ་སྡུག་གི་མིག་ཆུ་མཚོ་མོ་བཞིན་འཁྱིལ་ཡོང་བ་ཁྱོད་ཀྱིས་ཚོར་རམ། མཚན་མོ་དེར། ཁྱོད་ནི་སུ་ཞིག་གིས་མངགས་པའི་ཕོ་ཉ་ནང་བཞིན་ངའི་སེམས་ཀྱི་ཁང་བཟང་དུ་འཛུལ་བ་ནས་བཟུང་། འུ་གཉིས་ལ་སུ་དང་གང་གིས་མི་རྟོགས་པའི་གསང་གཏམ་ཡོད་ལ། འུ་གཉིས་ལ་ནམ་ཡང་གླེང་མི་ཚར་བའི་བརྩེ་དུང་གི་གཏམ་རྒྱུད་ཡོད། ཡིན་ན་ཡང་ཡོད་ཚད་མིག་ཆུ་ལས་མ་འདས་པས་འདིར་མ་བཀོད། འོན་ཀྱང་……
ང་རང་སློབ་གྲྭར་འགྲོ་ཐེངས་རེ་རེར་ཁྱོད་ཀྱིས་ང་ལ་མྱུར་ཏུ་གཉེན་སྒྲིག་བྱ་དགོས་ཚུལ་གྱི་རེ་བ་འདོན་དུས། བདག་གིས་ཀྱང་དོན་དག་འདིའི་ཐད་དུ་བསམ་གཞིག་གང་མང་བགྱིད་མྱོང་། ཡིན་ནའང་བདག་གིས་སློབ་སྦྱོང་གི་མཇུག་སྐྱེལ་མ་བྱས་པར་ཕ་མའི་དགོངས་པ་དཀྲུགས་ག་ལ་རུང་།
སྤྱིར་བརྩེ་དུང་ཞེས་པ་འདི་ལ་ཐོབ་དང་གོ་སའི་མཐོ་དམན་གྱི་དབྱེ་བ་མེད་པར་མ་ཟད། རྒྱུ་དང་འབྱོར་བའི་དབུལ་ཕྱུག་གི་ཁྱད་པར་དེ་བས་ཀྱང་ག་ལ་ཡོད་ཨང་། དེ་བཞིན་དུ……
ཐེངས་འདིར་ང་རང་ཕ་ཡུལ་ལ་ལོག་དོན་ནི་ཆེད་དུ་ཁྱོད་ལ་ཐུག་འདོད་ཆེ་བས་ཡིན་མོད། ཡིན་ན་ཡང་ཁྱོད་ལ་ཐུག་མ་ཐུབ་པས་འགྱོད་སེམས་ཤིན་ཏུ་ཆེ།
ཞུ་དོན་ཞིག་ལ་གལ་ཏེ་ཁྱོད་རང་ཕ་མའི་བཀའ་ལུང་བཙན་པོའི་དབང་དུ་གྱུར་བ་མིན་ན། ཡང་ན། ཁྱོད་རང་བདག་བས་སྙིང་ཉེ་ཞིང་ཐུགས་བརྩེ་བའི་མི་ཞིག་དང་འཕྲད་སོང་བ་མིན་ན། བདག་གིས་ཇི་སྲིད་དུ་ཁྱོད་ལ་ངང་སྒུག་བགྱིད་ངེས།
མཐར་ཁྱོད་ཀྱི་འཚོ་བ་སྐྱིད་པར་སྨོན།
ཟླ10བའི་ཚེས7གྱི་དགོང་མོར་པད་སྐྱིད་ཀྱིས་ཕ་ཡུལ་དུ་མིག་ཆུས་བྲིས།
གར་ཡོང་མི་ཤེས་པའི་བསེར་རླུང་ཞིག་སྐྲ་འདབས་ནས་ཤོར་སྟེ་ལག་གི་འཕྲིན་ཤོག་དེ་ཡང་སྒུལ་ཙམ་སྒུལ་ཙམ་བྱས། ཤ་གསེང་རུས་གསེང་ནས་འགོག་མེད་དུ་འཕྱུར་ཡོང་བའི་སྐྱོ་ཤས་ཤིག་གིས་མིག་མཐའ་བཀང་ཞིང་ངོ་གདོང་བརླན་ཡོང་། རིམ་བཞིན་མདུན་ཕྱོགས་ཀྱི་རི་ཚོགས་དག་རྦ་རླབས་བཞིན་སྐྱོམ་པའི་ཚོར་སྣང་ཞིག་སྐྱེས་པའི་མུར་གཉོམ་དུང་དུང་གི་ལུས་སེམས་ཀུན་འཁྱག་སིབ་སིབ་ཏུ་གྱུར་བ་དང་། མིག་འོག་ཏུ་སྡུད་ཐུབ་པའི་འཇིག་རྟེན་གྱི་གྲུ་ཟུར་འདི་ཡང་ར་བེ་རིབ་བེ་ཞིག་ཏུ་གྱུར་སོང་། ལུག་ཁྱུ་ནས་ལུ་གུ་རེ་གཉིས་ཀྱི་འབའ་སྐད་བསྟུད་མར་གྲགས་ཡོང་།
དེ་ལྟར་དུས་ཚོད་སྐར་ཆ་རེ་རེའི་མདའ་ཁབ་དང་བསྟུན་ནས་ཕྱི་དྲོ་ཡོལ་སོང་། ཁང་མིག་དེའི་ཀླད་ཀྱི་དུ་ཁུང་ལས་དུ་བ་སྔོན་པོ་ཞིག་བར་མེད་དུ་འཐིབ་ཀྱིན་འདུག ཁོ་རང་ལུག་ཁྱུའི་མཐའ་ནས་འགྲེང་སྟེ་ཡུན་རིང་ཞིག་ལ་ནུབ་ཕྱོགས་ཀྱི་མཁའ་མཐར་འཁྱུད་པའི་མཚམས་སྤྲིན་དེར་བལྟས་ནས་བསྡད། ཞོགས་པའི་དུས་སུ་དབང་ཕྱོགས་ནས་ཉི་གཞོན་ཤར་སྟངས་དེ། ཟླ་ངོ་གཉིས་ལྷག་གི་ཡར་སྔོན་དུ་པད་སྐྱིད་ཐག་རིང་གི་གྲོང་ཁྱེར་དེ་ནས་ཁོའི་ཆེད་དུ་ཕ་ཡུལ་དུ་ལོག་པ་དང་འདྲ་ལ། སྲོད་ཀྱི་དུས་སུ་ཆུ་ལྷའི་ཕྱོགས་ལ་ཉི་འོད་བྱིང་སྟངས་དེ། པད་སྐྱིད་ཀྱིས་འགྱོད་གདུང་སེམས་ངོགས་སུ་ཉར་ཏེ་ཕ་ཡུལ་ནས་སླར་ཡང་གྲོང་ཁྱེར་ལ་ལོག་སྟངས་དང་མཚུངས་པར་ངེས། ཡང་ན། ད་ལོའི་སྟོན་ཁར་བཀྲ་ཤིས་མཚོ་སྦྱིན་བདག་མཱ་ཆེ་གེ་མོ་དེའི་རྗེས་སུ་འབྲངས་ནས་ནང་ལོགས་ཀྱི་གྲོང་ཁྱེར་ཞིག་ལ་བྲོས་བྱོལ་ཏུ་སོང་བ་དང་ཡང་འདྲ་བར་སེམས། སྐབས་དེར་པད་སྐྱིད་ཀྱི་མེ་ཏོག་ལྟ་བུའི་འཛུམ་མདངས་དང་སྤྲིན་དཀར་ལྟ་བུའི་ལྷོད་གཤིས། ཡིད་དུ་འོང་པའི་མཆུ་འདབ། སྙིང་དུ་སྡུག་པའི་སོ་ཕྲེང་། རང་བཞིན་གྱིས་མཛེས་པའི་སྨིན་དཀྱུས། ཆ་ག་མེད་པའི་མིག་ཟུང་། ད་དུང་…… དེ་ལྟར་ཁོ་མོའི་ཡལ་དུ་མེད་པའི་སྣང་བརྙན་གསོན་པོ་རེ་རེ་ཁོའི་མིག་ལམ་དུ་གཅིག་རྗེས་གཉིས་མཐུད་དུ་ཤར་འོངས། མིག་ཆུ་རྡོག་གཅིག…… རྡོག་གཉིས…… ཁོའི་ངོ་གདོང་བརླན་སོང་། ལྷིང་འཇགས་ཀྱི་ས་སྲོད་ ཡོངས་སུ་བརླན་སོང་།
ལུག་ཁྱུ་ལྷས་རར་བསྐྱིལ་རྗེས། ཁོ་རང་ཁང་མིག་གི་སྒོ་མདུན་དུ་འགྲེང་ནས་ཡུད་ཙམ་ཞིག་ལ་མདུན་ཕྱོགས་ཀྱི་རི་བོའི་ཕྲག་ཟུར་ནས་འཕོས་ཡོང་བའི་སྐར་མ་དེ་ལ་ཅེར་ནས་སྡོད་ཅིང་། རང་དབང་མེད་པར་དངན་པ་ཞིག་ཕྱུང་རྗེས་ཕྱིར་ཁང་མིག་ཏུ་ལོག
ཁོས་ལྷེམ་ལྷེམ་དུ་འབར་གྱིན་པའི་སྣུམ་སྒྲོན་གྱི་འོད་ངོགས་ནས་པད་སྐྱིད་ཀྱི་འཕྲིན་ཡིག་དེ་ཡང་དང་བསྐྱར་དུ་ཀློག་བཞིན་བསམ་གཞིག་བགྱིད། དེ་ལྟར་ཡུན་རིང་འགོར་བ་ན་ཁང་མིག་གི་སྒེའུ་ཁུང་ལས་འཕོས་ཡོང་བའི་སྣུམ་སྒྲོན་དེའི་འོད་ཀྱང་ཇེ་ཞན་ནས་ཇེ་ཞན་ཏུ་གྱུར་ཏེ་རིམ་བཞིན་གཟིམ་སོང་།