logo

སེམས་པ་ཟུང་གི་འཇིག་རྟེན། ཚྭ་རྡེའུ།

རྩོམ་པ་པོ།:ཚྭ་རྡེའུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-20 ཀློག་གྲངས།:

སེམས་པ་ཟུང་གི་འཇིག་རྟེན། 
      
    ཚྭ་རྡེའུ།


                          གཞོན་པའི་བརྩེ་དུང་གི་རྒྱུ་བ།། 
                          བྲག་འོག་ཤང་ཤང་གི་ཆུ་མོ།། 
                          ཁ་ལ་མྱོང་སྐལ་ཞིག་མེད་ཀྱང་།།   
                          རྣ་ནས་ཡལ་ཐབས་ཤིག་མི་འདུག། 
  
                          དང་ཁོག་སྙིང་གཏམ་གྱི་མངར་སིལ།། 
                          ང་ལ་གནང་འདོད་ཅིག་མེད་ན།། 
                          ཟུར་མིག་སེར་ཆེན་གྱི་བེར་ཀས།། 
                          བདག་སེམས་སྲན་སྤུང་དེ་མ་གཏོར།། 
  
                          རྩིད་པའི་སྦྲ་ཆུང་ཞིག་ཕུབས་ཡོད།། 
                          ཆོན་སྒོ་ལྷོ་མཐའ་རུ་བརྐྱངས་ཡོད།། 
                          སྙིང་ཐུབ་ལོག་རྒྱུ་རང་མ་གསུངས།། 
                          འོང་ན་འགྲོ་བློ་དེ་མི་འཁྲུང་།། 
  
                          ཁྲོམ་ཚོགས་འདུ་འཛི་ལས་ཡལ་བའི།། 
                          སྐྱེས་ཡག་སྨྱུག་ཕྲན་གྱི་རྒྱབ་གཟུགས།། 
                          གཞོན་ནུའི་མིག་ལམ་དུ་བཞུད་པས།། 
                          སྙིང་གི་རུས་ཆུང་དེ་སྒུལ་སོང་།། 
  
                          ངས་ནི་སྨྲེང་གཞས་དེ་མ་གྱེར།། 
                          སུས་ཀྱང་གསང་ཁ་དེ་བསྡམས་མོད།། 
                          རི་བོ་སེམས་འགུལ་གྱིས་བཟི་སྟེ།།  
                          སུལ་ལ་མཚོ་མོ་ཞིག་བསྐྱིལ་འདུག། 
  
                          ཨ་ཅག་རྒྱ་ལྕང་གི་ཡལ་ག། 
                          ཁྱོད་ལ་སྟོན་དུས་ཤིག་མེད་ན།།  
                          ནེམ་ལྡན་གཉོམ་དུང་གི་ལོ་མ།། 
                          ང་ལ་འབྲལ་སེམས་ཤིག་མི་འདུག། 
  
                          དགའ་ཡང་འོ་བརྒྱལ་དུ་མ་གཏད།། 
                          སྡུག་ཀྱང་མཐོང་ལམ་དུ་མ་སོང་།། 
                          ཚོར་སྐྱེན་མིག་འབྲས་ཀྱི་ཅང་ཤེས།། 
                          བལ་འཇམ་ཞགས་པ་དེས་ཟིན་སོང་།།  
  
                          རི་འཕྲང་གཡང་གཟར་གྱི་བྲག་རིས།། 
                          འགོག་རྒྱུའི་དམ་ཚིག་དེ་གཏོར་ཏེ།། 
                          བདེ་སྙོམས་སྤང་ཐང་གི་ཕྱོགས་ལ།།  
                          འཚེར་སྐད་ལྷང་ལྷང་གིས་ཤོར་སོང་།། 
  
                          སྙིང་ཐུབ་མངོན་ཆུང་གི་བྱམས་པར།། 
                          གཏན་དུ་འགྲོགས་སྐལ་ཞིག་བྱུང་ན།། 
                          སྡེ་ཆེན་མི་ཁ་ལ་མི་སྐྲག། 
                          འཛུམ་དང་ཟུར་མིག་ལ་མི་འཁྲེང་།། 
  
                          ཆུ་དང་འོ་ཞོ་གཉིས་བསྲེས་ན།།  
                          ཆུ་ཕྱུར་གཉིས་ཀ་རུ་གྱུར་འགྲོ།། 
                          འཕྲིན་དང་དྲན་པ་གཉིས་བསྲེས་བར།། 
                          དྲན་གདུང་གཅིག་པུ་ལས་མི་འདུག། 
  
                          བསིལ་བསིལ་ཟླ་འོད་ཅིག་མེད་ན།། 
                          པད་མོའི་མཛུམ་ཞལ་དེ་བསྡུས་འགྲོ།། 
                          དུངས་དུངས་ཆར་རྒྱུན་ཞིག་མེད་ན།། 
                          དགའ་དགའི་འཇའ་རིས་དེ་ཡལ་འགྲོ།།   
  
                          སེམས་པར་བརྟན་ཚུགས་ཤིག་ཡོད་ན།། 
                          སྒྲོས་དང་རླུང་ཡན་གྱིས་མི་ཐུབ།། 
                          རང་བློའི་ཨ་ཅེ་དེ་མིན་ན།། 
                          དྲངས་བའི་འོ་ཇ་དེ་མི་ཞིམ།། 
  
                          གཞོན་པའི་ལང་ཤོར་གྱི་བརྟན་ཚུགས།། 
                          དབྱར་གསུམ་ཨ་སྔོན་གྱི་ཞལ་ངོ་།། 
                          ཆར་གདུགས་རང་ཉིད་ལ་མེད་ན།། 
                          བརླན་པ་རང་ལུས་ལས་མི་འདུག།   
  
                          སྡེ་ཆེན་རི་ཡུལ་གྱི་མི་ཁ།།  
                          མི་ཁོགས་མེ་དཔུང་གི་གར་སྟབས།། 
                          ཆུང་གྲོགས་ནང་སེམས་ཀྱི་འགྱུ་བ།། 
                          སྟོན་རིའི་འཇག་རྩྭ་ཡི་ཕོན་པོ།། 
  
                          གཞོན་པའི་བདེ་རོལ་གྱི་ཁྱིམ་གཞིས།། 
                          བྱེ་མའི་ཐང་དཀྱིལ་གྱི་ཁུང་བུ།། 
                          མི་ཁའི་རླུང་འཚུབ་ཅིག་ལྡང་དུས།། 
                          རྙེད་པའི་རེ་འབྲས་དེ་དཀའ་མོ།། 
  
                          མཚོ་དཀྱིལ་གླིང་ཕྲན་གྱི་སྟེང་ལ།། 
                          ངང་ཆུང་བབས་པ་རང་ཨེ་བྱུང་།། 
                          ལྕུག་ལྡེམ་གཤོག་ཟུང་གི་གར་ལ།། 
                          སྔར་གྱི་མཛེས་ཉམས་དེ་ཨེ་འདུག། 
  
                          ད་རེབ་ལས་ཕྲད་ཀྱི་སེམས་པར།། 
                          མནར་མནར་སྡིག་གཅོད་དེ་མ་གནང་།། 
                          སང་གི་སྐྱ་རེངས་དང་ལྷན་དུ།། 
                          དགའ་དགའ་སྤྲོ་འཛུམ་གྱིས་གྱེས་ཆོག། 
  
                          རྫས་སྣའི་ལེགས་ཚོགས་ཀྱིས་བརྒྱན་པའི།། 
                          འབེན་ཆོས་བརྟན་པོ་རུ་བཞུགས་ན།། 
                          གྲ་སྒྲིག་འབུམ་གྲངས་ཀྱིས་ལོངས་བའི།། 
                          འཕོང་སྐྱེན་ཨ་ཕོ་ལ་འཛོམས་ཡོད།། 
  
                          ལོ་ཟླའི་རླུང་འཚུབ་ཀྱིས་དེད་དེ།། 
                          དམ་ཚིག་ར་ལག་དེ་འཐོར་ན།། 
                          ཁྱོད་ལ་འཆལ་འདོགས་ཀྱང་མི་གནང་།། 
                          ང་ལ་ཅོལ་ཆུང་ཡང་མ་ཟེར།། 
  
                          དྭངས་གཙང་ནེམ་འཇམ་གྱི་ཞལ་ལ། 
                          ཐོག་མའི་འོ་ཆུང་དེ་གླན་ཡོད།། 
                          ཨ་ཇོ་གཞན་ཁྱིམ་ལ་ཕེབས་ཁར།།  
                          ང་ལ་ཕྱིར་སྤྲོད་ཅིག་གནང་རོགས།།   
  
                          འཁོར་བའི་ཡུར་བ་དེ་ཕྲ་མོར།། 
                          གཏན་གྲོགས་སྨོན་ལམ་ནི་དཀའ་ཡང་།།  
                          སྐྱིད་སྡུག་ལན་ཅིག་ལ་མྱངས་ན།། 
                          ཤི་ཡང་འགྱོད་པ་དེ་མི་འདུག།།  
  
  
                          བརྩེ་བའི་རིན་ཐང་དེ་མི་གླེང་།།  
                          དགའ་སྡུག་ཉིན་གྲངས་དེ་མ་བརྩི།། 
                          བུ་ཆུང་ས་མཐའ་རུ་འགྲོ་ཁར།། 
                          འཛུམ་བཞིན་སྐྱེལ་མ་ཞིག་གནང་རོགས།།   
  
                          ཁྲེལ་གཞུང་སྤང་སྔོན་གྱི་ཐང་ལ།། 
                          བརྩེ་བའི་སྦྲ་ཆུང་ཞིག་ཕུབས་ཤིང་།། 
                          དམ་ཚིག་ཕུར་རྟིང་དེ་མནན་ནས།། 
                          ནང་འཛིན་བདག་མོ་ལ་སྒུག་ཡོད།། 

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།