logo

རྡོ་འབུམ་གྱིས་སྦྱར་བའི་ལྷུག་རྩོམ་ཚན་པ་གཉིས།

རྩོམ་པ་པོ།:རྡོ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-19 ཀློག་གྲངས།:

བཤང་གཅི་གང་སར་འདོར་བ་ལས་བསྐྱེད་པའི་དྲན་འཆར། 
                   རྡོ་འབུམ།(མགོ་ལོག)

         རྣ་ཐོས་དང་མཐོང་ཆོས་སུ་བྱུང་བའི་ཡིད་ལ་མི་འབབ་པའི་སྣང་ཚུལ་གང་ཞིག་གླེང་སྐབས་གྲོགས་པོའམ་ངོ་ཤེས་ཚོའི་ཁྲོད་ན་ང་ལ་ཁྱོད་ཀྱིས་དེ་དག་རྩོམ་དུ་ཕྲིས་དང་ཞེས་བསྐུལ་མཁན་ཡོད། འདི་ལྟར་བསྐུལ་དོན་ང་ནི་མིག་ཟིན་ལག་ཆུད་མཐའ་དག་ཡི་གེར་བརྒྱུས་ཏེ་ལྷུག་རྩོམ་མམ་འབོལ་རྩོམ་དུ་འགོད་རྒྱུར་མོས་པའི་བག་ཆགས་ཤིག་ཁོ་ཚོར་བྱིན་པའི་རྐྱེན་ནམ་ཡང་ན་དེབ་གཉིས་སྔ་གཞུག་ཏུ་སྒོར་བུད་པའི་སྟབས་ཡིན་ནམ་སྙམ། དེ་སྔ་གྲོགས་པོ་ཞིག་གིས་ང་ལ“ཁྱོད་ལ་ལྷུག་རྩོམ་ཚི་སྣའི་སྒྱེ་གང་ལོངས་བ་ཞིག་ཡོད་ངེས”ཞེས་རྩེ་མོ་ཡང་རྩེས་མྱོང༌། རྩེ་མོ་འདི་ནི་རང་གི་བྲིས་རྩོམ་གྱི་སྤུས་ཚད་ལ་དོགས་འདྲི་ལྟ་བུའི་ ཚིག་མདའ་ཞིག་འཕངས་བ་འདྲ་བས་ཇི་ལྟར་མཉན་ན་དེ་ལྟར་དུ་འདང་རྒྱག་རྒྱུ་ཡོང༌། རྗེས་ ནས་བྲིས་རྩོམ་དག་ལ་ཉ་ར་ཐེངས་མང་བྱས་པ་ཡིན། ཡིན་ཡང་རང་གིས་སེམས་ནས་རྨོ་འདེབས་བྱས།ཨེ་ཕན་སྙམ་པའི་ཀུན་སློང་དང་ལྷག་བསམ་གྱི་ཆུ་ལུད་དྲོད་གསུམ་སྦྱར་ཏེ་བསྐྱངས། རྩོམ་སྒྲིག་པས་བློ་རྣོ་མོས་ཡུར་མ་ཡུར་ཡུར་གྱིས་ལྡུམ་བུ་བསལ་ནས་ཐོན་པ་ཡིན་ཚེ། ཐམས་ཅད་ཚིམ་དཀའ་ཡང་ཁ་དང་ཁོག་པ་གཉིས་ཀྱིས་དགའ་བསུ་བགྱིད་མཁན་བྱུང་བ་འདི་ངལ་བ་འབྲས་མེད་འབའ་ཞིག་མིན་པའི་རྟགས་རེད་འདོད། ལྟོས་འཇོག་གིས་ང་ནི་མང་ཐོན་རྩོམ་འབྲི་ཡི་གྲས་སུ་བགྲང་མཁན་ཡང་ཡོད་མོད། དོན་དངོས་སུ་སྒྱུད་ལུག་བག་གཡེང་གིས་འཁྱེར་བའི་ངས་སེམས་ན་བཅག་པ་དང་ཡིད་ལ་བརྣག་པ་མང་བོ་ཞིག་སྦྲུམ་མ་མངལ་ཤོར་ཚུལ་དུ་ཡལ་སོང་བ་རང་གིས་རང་ལ་མི་གསལ་བ་ཅི།
         རྩོམ་རིག་ལ་མོས་པས་ལྡུམ་བུས་ཁྱབ་ཀྱང་གཅིག་གིས་གཅིག་ལ་མཐེ་བོང་བསྟན་ནས་འུར་བསྟོད་བྱེད་པའི་ད་ཆའི་དྲ་རྩོམ་དང་དབུགས་མ་ཆད་ཙམ་དུ་ད་དུང་དགའ་ཀྲོག་ཀྲོག་བྱེད་པའི་བོད་ཀྱི་དེང་རབས་རྩོམ་རིག་སོགས་ལ་ གཏད་ནས་ཅི་ཞིག་འབྲི་འདོད་ཀྱང༌། འདི་དག་མ་བྲིས་མ་ཕབ་པར་ལུས་ཡོད། མིག་དང་རྣ་ལ་ཐོགས་ཚད་ཡི་གེར་ཕབ་དགོས་ཚེ་རི་རབ་དང་ཆུ་བོ་མ་ལུས་སྣག་ཤོག་ཏུ་བསྒྱུར། ཚེ་ཡི་འདུ་བྱེད་སྟོང་རེག་ཏུ་བྲིས་ཀྱང་ག་ལ་རྫོགས། དེ་བས་ངས“ཁྱོད་ཀྱིས་དེ་དག་རྩོམ་དུ་ཕྲིས་དང”ཞེས་པའི་སྐུལ་ཚིག་ཕལ་མོ་ཆེ་ཟ་འཐུང་ཞོར་གྱི་གང་བྱུང་ལབ་གླེང་དུ་བསྐྱུར་བ་ལས་འོས་ཅི། འོན་ཏེ་བལྟས་ན་ངོ་ཚས་མི་བཟོད་པའི་ཉེ་འཁོར་དུ་བྱུང་བའི་ལུས་ངག་གི་སྤྱོད་པ་སྐྱུག་བྲོ་བོ་འགའ་རེ་ཡི་གེར་བསྟར་ཏེ་མ་བརྒྱུས་ན་རང་འགན་གཞན་ལ་དཀྲི་བའི་ནོངས་ཤིག་གིས་ བདག་རང་འདུག་བདེ་མེད་པར་གཏོང༌། དེ་ནི་ཉེ་སྔོན་བྱུང་བ་ཡིན། ང་ལས་ཁུངས་སུ་འགྲོ་སྐབས་གྲོགས་པོ་དེས་སྒོ་ཆེན་གྱི་གྱང་ཟུར་ལ་གཏད་དེ་དྲི་ཆུ་འདོར་གྱིན་མཆིས། དེ་མཐོང་བའི་ མུར་ངའི་ཁ་ནས་དབང་མེད་དུ་ཁ་ནས་ཡ་རབས་གླེང་གིལག་ནས་མ་རབས་ལས་ཀི་ཞེས་དགོད་བཞིན་ཐལ།ཁོས་དྲི་ཆུ་དོར་ཚར་བ་དང༌། ཁ་འདིག་བཅིངས་བཞིན་ངའི་སར་འཁོར་ཏེ་ མ་རབས་ལས་དགོས་ཡ།ཞེས་ཅི་མི་སྙམ་པར་བཤད་མོད། གདོང་ནས་མ་རངས་བའི་ཉམས་ཤིག་བསྟན་བྱུང༌། དེ་ནས་ངས་ཀྱང་སླར་ཅི་ཡང་མ་སྨྲས་པར་དེ་ག་ནས་བུད་སོང༌། སྒོ་ཆེན་དང་སྤྱི་སྤྱོད་གསང་སྤྱོད་ཁང་གཉིས་བར་ལ་གོམ་པ་ལྔ་བཅུ་ལྷག་མ་གཏོགས་མེད། གསལ་བོར་མ་སྨྲས་ཀྱང་ངའི་ད་ཅིའི་སྐད་ཆའི་ཤུགས་ན་གྲོགས་པོ་གང་སྤྱོད་ཁང་དུ་མི་འགྲོ་བར་མི་འགྲོ་འོང་བྱེད་སའི་གྱང་རྩ་རུ་ཆབ་གསང་བྱེད་པ་ནི་མི་འོས་པ་བསྟན་ཡོད་མོད། ཁོའི་གདོང་གི་རྣམ་འགྱུར་ལས་ང་ལ་གཅིན་སྐྱག་རྒྱལ་བོས་མི་ཁོགས། ངས་གང་ནས་བཏང་ན་རང་གི་འདོད་རེད། ཁྱོད་ལ་བབས་མེད་ཅེས་བཤད་པ་དང་འདྲ། ཡིན་ཡང་དྲི་ཆུ་འདོར་མཁན་དོན་དག་ཅི་ཡང་མ་བྱུང་བ་བཞིན་ཕྱིར་འཁོར་བརྒྱབ་སྟེ་ཕྱིན་རྗེས། དེའི་ལྒང་བུ་ནས་འཛག་པའི་དྲི་ངན་དེ་ངའི་ཤངས་དང་སེམས་ལ་དངོས་སུ་འཐུལ་ལྟའི་་མི་བདེ་བ་ཞིག་ང་ལ་བྱུང༌།གྲོགས་པོ་འདི་སློབ་གསོ་རབ་འབྲིང་མྱོང་ བའི་ཁར་གྲོང་དང་གྲོང་ཁྱེར་རྒྱུ་མྱོང་བའི་ལྟ་རྒྱ་ཐོས་རྒྱ་ཆེ་ཞིང༌། རྩོམ་རིག་ལ་དུངས་ཞེན་ཆེ་བས་རྩོམ་རིག་བརྩམས་ཆོས་རོ་མྱོང་བྱེད་ཚེ་ང་རང་ཁ་སྐྱེངས་སུ་བཅུག་མྱོང་ལ།ཀློག་ཀླད་ལ་མཁས་སྟབས་འདིའི་ཕྱོགས་ཀྱི་ལག་རྩལ་དམན་པ་ང་རང་སྨོན་པ་དང་ངོ་གནོང་དུ་འཇུག  དེ་མ་ཟད་མི་རིགས་ཀྱི་དར་རྒུད་དང་སྐད་དང་ཡི་གེ་ཆག་འཇིག་གླེང་ཚེ་གཉིད་མི་ཡོང་བ་དང་ཟས་འགྲོ་དཀའ་བའི་རིགས་ཞེན་ཤ་སྟག་ཞིག་སྟེ། གསར་གཞོན་ཁ་ན་གླེང་རྒྱུའི་ཚིག་དང་ ལག་ན་ལས་རྒྱུའི་རྩལ་གྱིས་ཕྱུག་པའི་རེ་ལྟོས་ཅན་ཡིན་པ་དང༌། ངེད་གཉིས་ཁ་ཀུ་རེ་རྩེ་གྲོགས་ དང་མོས་མཐུན་ལྟ་བུར་གྱུར་ཡོད། ཡིན་ཡང་དེ་རིང་ཁོའི་ལུས་སྟེང་གི་བྱ་སྤྱོད་དེས་ང་ལ་མགོ་སྐོར་བ་དང་གཉིས་སུ་མེད་པས་ངའི་ཡིད་ལ་དྲན་པ་མང་བོ་སྐྱེས་སུ་བཅུག  ཉིན་གཉིས་ཀྱི་རྗེས་སུ་ང་གྲོགས་པོ་དེ་དང་སླར་ཡང་འཕྲད་ལ། ཉིན་དེར་ཁོ་དེ་སྔོན་ལྟར་གྱང་རྩ་རུ་གཏོང་རྐྱང་མི་བྱེད་པར་སྤྱོད་ཁང་ཕྱོགས་སུ་འགྲོ་བཞིན་མཆིས། ངས་དེ་རིང་འགྲིག་འདུག་ཅེས་བཤད་པ་ན། ཁོས་གྱང་རྩ་རུ་གཅིན་བཏང་ཡང་ཅི་སྐྱོན། འདི་ནི་འབྲོག་ཕྱོགས་ཡིན་པས་རྩྭ་ཐང་གོས་འདྲ་བོ་ནས་བཏང་སྟེ་ལོབས་སོང་བས་ཅི་ཁག་ཅེས་ལབ་པ་མ་ཟད། རུ་ནས་ཡོང་བ་ཚོས་སྲང་ལམ་དང་གྱང་རྩར་གང་བྱུང་དུ་འདོར་བ་དག་ལ་ཁ་བདེ་ལྕེ་མྱུར་གྱིས་རྒྱབ་སྐྱོར་བྱས་བྱུང༌། ཁོའི་བདེན་བདེན་ཅོག་ཅོག་གིས་དག་འབུད་བྱེད་སྟངས་དེ་ལ་ངས་ཕྱིར་ལན་རྫོགས་རྩིས་བྱེད་པར་ཁོས་དེ་ན་ཁྱོད་ཀྱིས་རྩོམ་རུ་ཕྲིས་དང་ཞེས་ལག་བརྒྱངས་བྱས་པ་དང༌། སྤྱོད་ཁང་ལ་འཁོར་དེ་ཕྱིན། སྐབས་དེར་ངས་གནས་ལུགས་སྨྲ་མཁས་ནི་གནས་ལུགས་མི་བརྩི་མཁན་ཉིད་ཡིན་ཞེས་པའི་གསུང་དེ་དྲན་བྱུང༌། འུ་ཅག་བོད་ལ་གྲོགས་པོ་འདི་དང་འདི་འདྲའི་ལུས་ངག་གི་སྤྱོད་པ་ཁ་ཁར་སོང་བ་ཅི་འདྲས་མང༌། ཁ་ནས་མི་ཡི་སྤུས་ཚད་གླེང་ཡང་རང་ཐོག་ལ་བབས་ཚེ་མ་མཐའི་བརྩི་དགོས་པ་དག་ཡལ་བར་བོར། སྲུང་དགོས་པ་རྣམས་རྡོག་པས་བརྫི།ས་པན་གྱིས”“ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འབྱིད།།”གསུངས་བ་ལྟར་རང་གི་མཚང་དང་སྐྱོན་ཡོན་ཡིན་བཞིན་དུ་ད་དུང་གནས་ལུགས་བཙལ་ནས་ཡོན་ཏན་དུ་བསྒྱུར་ཐབས་བྱས།
         དེང་སང་དྲ་ཐོག་དང་ཚགས་པར་སོགས་ལས་ཤེས་པ་ནི་རྒྱ་ནག་པ་ཚོ་ཕྱི་རྒྱལ་དུ་ཡུལ་སྐོར་དུ་ཕྱིན་ན་དགའ་བསུ་དེ་འདྲ་མི་བྱེད་དེ། དེ་ནི་ཁ་ལུད་གང་བྱུང་དུ་ དོར་བ་སོགས་ཀྱི་བྱ་སྤྱོད་ཀྱི་རྐྱེན་རེད་ཟེར། ཡུལ་སྐོར་ལ་ཞོགས་པའི་རྒྱ་ནག་པ་ཚོ་རྟོགས་པ་དང་ཆུ་ཚད་མི་མཐོ་བ་ག་ལ་ཡིན། དེ་ནི་རང་ཐོག་ལ་བབས་ཚེ་རྒྱུད་ཀྱི་ར་རོ་དང་དྲི་མ་མ་ལུས་མ་ཁོགས་པར་ཕྱི་རུ་ཐོན་པས། ཀྲུང་གོ་བ་ཞེས་འཛེམ་འཛེམ་བྱེད་པའི་འཕྱ་དམོད་ཉོ་དགོས་སོང༌། སྲིད་དཔལ་རིག་གསུམ་རྩེ་རུ་བདོ་བའི་གྲོང་ཁྱེར་གྱི་རྒྱ་མིའི་སྤུས་ཚད་དེ་ལྟར་དམའ་ན་སྒང་བ་འུ་ཅག་ལ་ཅི་ཁག་ཅེས་ཁྱོད་ཀྱིས་དེ་ལྟར་འདོད་ཀྱང་སྲིད་མོད། ཁྱོད་རང་གྲོང་ཁྱེར་དང་མཁར་གྲོང་དུ་ཡོང་ནས་མི་གཙང་དྲི་ཆུའམ་ཕྱི་ས་སོགས་རྩྭ་ཐང་གོས་འདྲ་བོའམ་ཉི་འོད་དྲོ་སའི་ཞིང་གཉའ་དང་ལུད་འགྲམ་ལྟར་སྲང་ལམ་དང་མི་ཚོགས་ལ་གཏད་དེ་སེམས་ལྷོད་ལྷོད་ཀྱིས་དོར་ན་མིང་ངན་པ་དེ་སྡེ་བ་ཚོ་བ་ཞིག་གིས་འཁུར་བ་མིན་པར་མི་རིགས་ཤིག་གིས་ཐེག་དགོས་པ་དེ་ཁྱོད་ཀྱིས་ཤེས་དགོས།ས་པན་གྱི”“ཇི་སྲིད་ངོ་ཚ་ཡོད་གྱུར་པ།། དེ་སྲིད་ཡོན་ཏན་རྒྱན་གྱི་མཆོག། ངོ་ཚ་བརྒལ་ན་ཡོན་ཏན་ཉིད།། ཕྱོགས་སུ་བྱས་ཏེ་གཏམ་ངན་འཕེལ།། གསུང་འདི་དངོས་གནས་འུ་ཅག་གི་ཕྱི་མཛེས་ནང་བཙོག་དང་ཁ་མཁས་ཁོང་རུལ། ལག་ཡས་ཕྲེང་བ་དང༌།  ལག་ཡས་རལ་གྲི་ཕྱར་བ་དག་གི་མཚང་འབྱིན་ལ་ཤིན་ཏུ་འཚམ་མོ། མི་ཤེས་པ་དག་ལ་གོ་བརྡ་སྤྲོད་དགོས་ལ། ཤེས་ཀྱང་བསམ་བཞིན་དུ་གང་བྱུང་བྱས་ན་དེའི་སྐྱོན་ནི་ལྡབ་འགྱུར་གྱིས་གནོད་པ་མི་ཆེའམ། དེང་སང་ལྟ་བ་གཅིག་ལ་མཐུན་པ་ནི་རྒྱལ་ཁབ་གང་དང་མི་རིགས་གང་ཞིག་ཡིན་ཀྱང་ཕ་རོལ་གྱིས་རྒོལ་ཀྱང་མི་ཚུགས་པ་ནི་དམག་དཔུང་དང་དཔལ་འབྱོར་སོགས་ཀྱི་སྟོབས་ཤུགས་མིན་པར། མི་ཡི་རྒྱུད་ཀྱི་ངང་མཚག་གི་མཆོག་དམན་རག་ལས་པ་དེ་རེད་གསུངས།
         འདི་ལས་མི་ནི་ཡོད་ཚད་དང་མི་ཡི་རྒྱུད་ཀྱི་ངང་མཚག(综合素质)ནི་ད་གཟོད་གོ་ཆ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། དེ་ན་ཁྱོད་དང་ང་ཚོས་ཉེ་འགྲམ་དུ་བྱུང་བའི་སྤྱོད་ངན་མིག་ལ་མི་འགྲོ་བ་དག་མི་རུང་བའི་གནས་ལུགས་བཤད་དེ་གོ་བརྡ་སྤྲོད། ཤེས་པ་དག་གིས་དེ་ལས་ཀྱང་འགོ་ཁྲིད་དེ་བརྩི་ན་གཅིག་གིས་གཅིག་ལ་བསླབ་སྟེ་རིམ་གྱིས་གོམས་སྲོལ་དུ་འགྱུར་ལོས་འགྲོ། དཔེར་ན་སྒང་ནས་སྤྱད་ཀྱང་ཟས་ཤུན་དང་འཐུང་སྣོད་ཅི་ནུས་ཀྱིས་འདབས་ཀྱི་སྙིགས་གཞོང་དུ་འཕེན་པ་དང་འཕྲུལ་འཁོར་བསྐོར་མཁན་གྱིས་ལམ་འགྲོ་བ་ལ་ལམ་གཟུར་བ་དང་འཕྲུལ་རྟའམ་རླངས་འཁོར་ལམ་དཀྱིལ་ནས་འདུག་པ་འམ་འཕྲེད་འཇོག་མི་བྱེད་པ་སོགས་ཀྱང་ས་གནས་ཡར་རྒྱས་འགྲོ་བའི་རྟགས་སུ་ཤར་ལ། དེ་ལས་ལྡོག་ན་གོང་ནས་གླེང་བ་བཞིན་སྤྱོད་ཁང་ཉེ་ས་ན་ཡོད་ཀྱང་གཅིན་པ་སྒོ་རྩར་གཏོང་བའི་སྤྱོད་པ་འདི་ཙམ་གྱིས་ཀྱང་ས་གནས་ཀྱི་ཟུར་ཞིག་གཞན་ལ་བསྟན་ཡོད། དེ་འདྲ་ཡིན་ཏེ། སྒོར་མོ་སོགས་ཀྱིས་ཆད་པས་བསྡམས་ཀྱང༌། རང་རྟོགས་མེད་པ་ཚོ་ཁྲིམས་དང་ལུགས་སྲོལ་གྱི་སྲུབས་བར་ནས་ཤོར་ན་ཐབས་ཅི། རྟོགས་པ་མཐོ་ཡང་རྒྱུད་མི་དག་ལ། རང་མཚང་ཡིན་བཞིན་སྦ་ཐབས་བྱེད་པའི་གོང་སྨྲས་ཨུ་ཚུགས་ཅན་འདི་རིགས་ལ་ངའི་སྨྱུ་གུ་འདིས་ཀྱང་ཅི་བྲ། མདོར་ན་རྒྱལ་བོས་མི་ཁོགས་པའི་ཁྱོད་ཀྱི་གཅིན་སྐྱག་དེ་ངའི་ལག་གི་སྨྱུ་གུས་ཇི་ལྟར་ཁོགས།
 

2012ལོའི་ཟླ10བའི་ཚེས6ཉིན་སྦྱར།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།