logo

རྡོ་འབུམ་གྱིས་སྦྱར་བའི་ལྷུག་རྩོམ་ཚན་པ་གཉིས།

རྩོམ་པ་པོ།:རྡོ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-19 ཀློག་གྲངས།:
 

མི་འདི་ཚོ། 
                 
རྡོ་འབུམ།

         འུ་ཅག་གི་ཉེ་འཁོར་ན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མཐར་གྱིས་འགྲིམ་ཞིང༌། བསླབ་ལ་སྦྱངས་པ་བྱས་པས། ཤེས་པ་ཅུང་ཟད་འབྱོར་བ་དང༌། རྟོགས་པ་ཅུང་ཟད་རྙེད་པ། བློ་སྒོ་ཡང་ཅུང་ཟད་ཡངས་པ་སྟེ། ཡིག་རྨོངས་དང་ཀ་ངོ་ཡིག་ངོ་ཟིན་པའི་གྲས་ན་མགོ་རུ་བཞུགས་ཏེ། གོ་མིང་དང་གདན་ཐོབ་ཀྱི་སྐལ་བ་ལོངས་སུ་སྤྱོད་མཁན་ཤིན་ཏུ་མང༌། མི་འདི་དག་ལ་ཤེས་ཡོན་མི་འཛོམས་ཞེས་སྨྲ་ན་ཐལ་ཆེ་སྟེ། ཚེ་ཡི་ལྔ་ཆའི་གཅིག་ལ་ཉེ་བ་བསླབ་ལ་བསྐྱལ་བ་ཡིན་ཕྱིར་རང་བློའི་སྣོད་དུ་ཤེས་བྱ་ཅུང་ཟད་བསྐྱིལ་ཡོད་པ་སྨྲོས་ཅི། ཡིན་ཡང་ཤེས་པ་དང་རྟོགས་པ་མཐོ་བའི་དབང་དུ་བཏང་ཡང༌། གང་དེའི་བློ་སྦྱོང་དེ་བཞིན་དུ་མཐོ་བའི་ངེས་པ་ག་ལ་མཆིས། མ་མཆིས་ཏེ་བསླབ་བསླབ་པའི་མཐར་ཐུག་གི་སྙིང་བོ་རྒྱུད་ལ་མ་སིམ་ཞིང༌། བསམ་བློ་རྒྱུད་ལ་སྨིན་པའི་ལུས་ངག་གི་སྤྱོད་པ་ཐ་དད་དུ་སོང་བ་ཇི་འདྲས་མང༌། དེ་དག་ནི་ཁ་རུ་ཞིམ་ཡང་ཁོང་ལ་དུག་ཏུ་ཆེ་བ་ཀིམ་པའི་འབྲས་དང༌། མིག་ལ་མཛེས་ཀྱང་རྩ་བ་དུག་ཏུ་སོང་བའི་མེ་ཏོག་བཞིན་ཡིན་པ་མ་ཟད། རྒྱུད་མི་དུལ་ཨ་འཐས་གླང་ཐུག་གི་བརྟུལ་ཞུགས་འཛིན། མི་འདི་དག་གང་སར་འཕུར་ལྡིང་བྱེད་པའི་བུང་ཐལ་བཞིན་དུ་སྒོ་གླེགས་དང་སྒེའུ་ཁུང་གིས་མི་ཁོགས་ཏེ། སྲུབས་དང་བར་ཞིག་ཡོད་ཚེ་དེ་ཡི་ལུས་ཆུད། དེ་བས་འདི་དག་ཇག་ཚོགས་ལྟར་མཐའ་ནས་རུབ་ཡོང་སྟེ་ཁྱོད་ཀྱི་བག་ཡངས་འཇོམས། འཇབ་ཀྱིན་སླེབས་ནས་ཁྱོད་ཀྱི་ཡིད་ཀྱི་བདེ་བ་འཕྲོག  སྨྲག་རིམ་བཞིན་འཐིབས་ནས་ཁྱོད་ཀྱི་ལུས་སེམས་ལ་ངལ་དུབ་ཅིག་གིས་གནོན་པར་བྱས། རྣམ་ཤེས་འགུག་པའི་དཔེ་ཆ་རུ་ཉ་མོ་ཆུ་རུ་ཞུགས་ཞུགས་ཀྱིས་ཡིད་རྟོག་གི་ཀློང་དུ་གང་དགར་རྩེན་ཞིང༌། ཕྱི་རོལ་ཡོངས་སུ་བོར་ནས་འཇིག་རྟེན་གྱི་མཐོ་ས་ཞིག་ལ་འཕགས་སྐབས། མི་འདི་དག་མ་བོས་གང་ནས་ཡོང་སྟེ། དཔེ་ཀློག་ལ་འཇུག་པ་ཆེས་བྲིན་མེད་རྩིས་མེད་དུ་བགྲང་བཞིན་དེ་ནི་དོན་མེད་སྡུག་ལ་སྦྱོར་བ་ཡིན་ལུགས་གླེང་སྟེ། ཁྱོད་ཀྱི་སེམས་ལྷོད་ལྷོད་པོ་དེ་མུར་འུར་སེར་དཀྲུགས་པས། ལག་གི་དཔེ་ཆ་མི་འདོད་བཞིན་དུ་འདོར་དགོས། ཤོག་དཀར་ཐད་དུ་བཅད། སྨྱུག་ཁ་ཐོག་ཏུ་བཙུགས་ནས་སེམས་ སུ་སྦྲུམ་པ་གང་དག་ཡིག་འབྲུའི་རྣམ་ཤེས་བླངས་ཏེ། སྲོག་རྙེད། དབུགས་ཐོགས་ཤིང༌། སྨྱུག་རྩེ་ནས་འཛུམ་ཤོར། ལྷག་ལྷག་རྒོད། སྐབས་རེར་གདུང་བས་ངུ་ངག་འཆོར། མཆི་མ་འདོན་པའི་ཤ་ཁྲག་གི་ཕུང་བོ་ཞིག་རྙེད་པར་རྩེ་གཅིག་ཏུ་ཕྱོགས་ཤིང་ལུས་སེམས་ཀྱིས་འབད་དུས། མི་འདི་དག་གིས་སྒོ་ཤེད་ཀྱིས་རྡུང་བའི་སྒྲ་ཆེན་དང་བཅས་ཅི་མི་སྙམ་པར་ནང་དུ་ལྷགས་ནས་རྒྱགས་ཤིང་ཚིམ་པའི་སྐད་ཆ་ཡིས་སྨྱུག་གུའི་སྨྲ་སྒོ་གཅོད་ལ། རྩོམ་འབྲི་ཡི་ཡི་ག་འཆིས་པར་བྱས་ལ། སྤྲོ་སྣང་དང་མོས་པ་རྡོག་པས་བརྫི། ཡིད་གཅུགས་པའི་གྲོགས་དང་ལྷན་དུ། ཆུ་གཙང་མོ་ཡི་འགྲམ་རྒྱུད་ཀྱི་སྤང་དུ། སྔོ་བསངས་མའི་སྤྲིན་དཀར་ལ་གཡེང་བཞིན་དབུ་ཆང་གི་ཉིང་ཁུ་ལྕེ་ལ་བླངས་ཤིང་སེམས་ཀྱིས་མྱངས། ལྷུག་ལྷུག་གཏམ་གྱིས་སྙིང་གི་གསང་བ་བརྡོལ་སྐབས། མི་འདི་དག་གི་ཁ་པར་ར་མདའ་རྗེས་གཅོད་བཞིན་ག་ས་གང་དུ་ཐོན་ཞིང༌། དེ་མུར་གདོང་ལ་གྱོང་དང་ཕམ་ཁ་ཉོས་ལྟའི་སྤྲིན་ནག་ཅིག་འདྲུད་ཅིང༌། མི་འདོད་གཏམ་དངའཁང་ར་འདྲེས་མའི་ཚིག་ཟུར་འཕེན། རང་དོན་མ་འཁྱོངས་བའི་སྡུག་སྐད་འདོན་བཞིན་ཉིན་དེའི་སོས་དལ་འུར་འུར་རྩོད་གླེང་གིས་འཇོམས་པར་བྱས།ཁམས་དང་མོས་པ་མཐུན་པ་ཚོ། གཅིག་མཐུན་དགའ་ཕྱོགས་ཀྱིས་དྲངས་བའི་གཏམ་གླེང་ལ་རོལ་སྐབས།མི་འདི་དག་བར་གསེང་དུ་བཙངས་ནས་ཚོགས་ཀྱི་གཏམ་ལ་མི་མཛའ་བའི་ལབ་བརྡོལ་གང་དགར་འབྱིན་ཅིང༌། འབེན་མེད་མདའ་འཕེན་གྱི་འཆལ་གཏམ་གྱིས་ཚིག་སྣེ་ཡར་སྐོར་མར་འདྲུད་བྱས་ཤིང༌།གཞན་གྱི་སྐབས་བབ་ཁ་བརྡའི་ཐིག་གུ་དུམ་བུར་གཏོང་བཞིན་ཕུགས་མེད་ཁོང་རུལ་ཡིན་པ་རྗེན་པར་སྟོན། མི་འདི་དག་གིས་རང་ཉིད་ཡང་དག་ཏུ་སྒྲུབ་སྟེ། གཞན་དག་དམན་སར་འགོད་ཐབས་བྱས། དཀོར་ནག་གཞུང་རྫས་ཁ་རུ་བབས་པ་ན། ད་ཅིའི་ཁ་ནས་བཞུར་བའི་རྩ་དོན་དང་སྲུང་བྱ་དག་དེ་འཕྲལ་སྟོང་བའི་དབྱིངས་སུ་ཡལ་ཏེ། ཤ་པགས་ཀྱིས་གཡོགས་པའི་མཚང་དང་ནག་ཉེས་མ་ལུས་དམར་རྗེན་དུ་སྟོན།རྒྱང་ནས་བལྟས་ན། མི་འདི་ཚོ་ལང་ལོང་འཁྲིགས་པའི་མི་ཚོགས་ན་གདོས་བཅས་ཀྱི་ཕུང་བོ་དྲུད་ནས་འགུལ་གྱིན་ཅི་ཡང་མི་མཐོང་མོད། ཉེ་བར་བཅར། རིང་དུ་འགྲོགས་ཚེ། མི་འདི་དག་ལ་སྐྱི་པགས་ཀྱི་མཛེས་པའི་ཆ་དང། ཤ་རུས་ཀྱིས་གྲུབ་པའི་གཟུགས་བརྗིད་པོ་ཞིག་ལས་ཅི་ཡང་མི་གདའ། རྩ་བ་བྲལ་ལ་རང་ཚུགས་མེད་པའི་མི་འདི་དག་གལ་ལ་ཐུག་དུས་ཕྱིར་བཀྱེད་དང༌། གནད་ལ་ཕྲད་སྐབས་རྒྱང་ནས་གཡོལ་བར་ཐེ་མི་ཚོམ། མི་འདི་དག་ལ་སྨྲ་ལྕེ་རྒོད་པོ་ཞིག་ལྡན་པས་ཁོ་ཚོར་འཕྲོད་པའི་ཁྲོམ་པ་ཞིག་ དང་འདུ་ར་ཞིག་ཡོད་ལ། དེ་བཞིན་ཁོ་ཚོ་སློབ་པའི་རྗེས་འཇུག་པ་ཁྱུ་ཚོགས་ཞིག་ཀྱང་ཡོད་དོ།།
         དེ་བས་ཉེ་འཁོར་གྱི་མི་འདི་དག་དུས་ཀྱི་འཁོར་ཕྱོགས་དང་དུས་ཀྱི་འགྲོས་སྟངས་ཀྱི་དབང་གིས་ འདུ་ཁང་ན་བཞུགས་པའི་ལྷ་སྐུ་བཞིན་དུ་མཆོད་ཅིང་བཀུར་དགོས་མོད། འུ་ཐུག་ཐབས་ཟད་ཀྱིས་དེ་ལྟར་མི་གཙང་ལྷ་རྫས་སུ་མཆོད་པ་མ་གཏོགས། དོན་དམ་དུ་རྒྱུད་མི་དག་གཡའ་ཡིས་སྦགས་པ་འདི་ཚོ་གཏོར་གཟུགས་བཞིན་དུ་སྒོ་རུ་འཕངས་ན་ལེགས་པ་ལ། མི་འདི་དག་ཁྱོད་དང་ང་ཡི་གམ་ན་ཡོད་ལ། ང་དང་ཁྱོད་ཀྱང་འདི་ཚོ་དང་འགྲོགས་ཏེ་རྒས་ཤིང་རུལ་གྱིན་ཡོད། ཁྱོད་ཀྱིས་ཤེས་མེད་ན་འདི་ནས་ཁྱོད་ལ་དྲན་བཏབ་པ་སྔ་མེད་མོད། ཤེས་བཞིན་དུ་མི་འདི་དག་དང་འགྲོགས་ཚེ་རྒུད་པའི་གཡང་དུ་ལྟུང་བའི་རྒྱུ་གསོག་པ་ལས་མ་མཆིས་སོ།།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།