logo

གེ་སར་རྒྱལ་པོ།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-25 ཀློག་གྲངས།:

གེ་སར་རྒྱལ་པོ།

            ལྷ་སྒྲུང་དང་ལྷ་སྒྲུང་ལས་མཆེད་པའི་གཏམ་རྒྱུད་རིང་མོ་ཞིག་ཞོགས་པའི་ཉི་གཞོན་དང་འགྲོགས་ནས་གནའ་མི་ཚོའི་ངག་ལས་བྲག་ཆ་བཞིན་སྒྲོག་ཅིང་།  དགོང་མོའི་མཚམས་སྤྲིན་དང་བསྡོངས་ནས་འདབ་ཆགས་ཚོའི་གྲེ་འགྱུར་དང་དབྱངས་རྟའི་ཁྲོད་དལ་བ་དལ་བུར་ཆུ་ལྷའི་ཕང་བར་ཐིམས་སོང་།
            དུས་རྒྱུན་དབྱར་སྐྱེས་རྔ་གསང་གིས་འབྲུག་སྒྲ་ལྡིར་ཐེངས་རེར། གནའ་མི་ཚོས་ཀྱལ་ཀ་དང་ཀུ་རེའི་ཚུལ་གྱིས་མཁའ་ལ་མཛུབ་མོ་བཙུགས་ཏེ། དེ་ནི་གེ་སར་རྒྱལ་བོ་ཞེས་པའི་ལྷ་ཡི་སྤྲུལ་བའི་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་རིགས་ཀྱི་དཔའ་བོ་ཞིག་རང་ཁྱིམ་ཕ་གཞིས་དྲོན་མོ་བདག་སྲུང་བྱ་ཆེད་ཀི་སྒྲ་དང་བཅས་ཏེ་སྤོབས་པ་ཆེན་པོས་ཁེར་ཚུགས་ཅན་གྱི་དགྲ་ངན་ཚར་གཅོད་བྱེད་དུ་ཕེབས་བཞིན་པ་རེད་ཟེར། 
            ནམ་རྒྱུན་ཆར་བ་བབས་ཐེངས་རེར། ཁྱིམ་ཚེས་བྱིས་པ་ཚོས་ཆར་དཀྱིལ་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་ཞོར་དེ་ནི་གེ་སར་རྒྱལ་པོས་མི་ཡུལ་ལ་སྙིང་རྗེའི་སྦྲང་ཆར་བསྩལ་ནས་བོད་མི་ཚོའི་ཁོང་ཁྲོ་དང་ཉོན་མོངས་དུག་གསུམ་གྱི་མེ་ལྕེ་འཇོམས་དགོས་པར་སྐུལ་མ་དང་དྲན་བརྡ་གཏོང་བཞིན་པ་རེད་ཟེར། ཡང་དགུང་སྔོན་མཁའ་དབྱིངས་སུ་འཕྱོ་བའི་བཀྲག་མདངས་ཡོངས་སུ་རྫོགས་པའི་དབང་པོའི་གཞུ་རིས་དེ་འདྲེན་བྱེད་དབང་པོའི་ལམ་དུ་འཆར་ ཐེངས་རེར།བུད་མེད་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་དེ་ནི་སྲིང་ལྕམ་འབྲུག་མོ་ཞེས་པའི་མཛངས་མའི་ཡོན་ཏན་གྱིས་བྱུག་བུར་གཏམས་པའི་ལྷ་མོ་ཞིག་གིས་པང་གདན་ཐག་བཞིན་པ་རེད་ཟེར། ནམ་རྒྱུན་མཐོན་མཐིང་གི་ཨ་སྔོན་དབྱིངས་སུ་ཐང་དཀར་གཤོག་རྩལ་ངོམ་བཞིན་པ་གཟུགས་འཛིན་དབང་པོའི་ལམ་དུ་རྒྱུ་དུས། ཨ་མྱེས་ཚོས་གེ་སར་རྒྱལ་པོ་ལ་གནམ་རིམ་པ་བཅུ་གསུམ་གྱི་ནམ་ཕང་ཆོད་པའི་གཤོག་རྩལ་ལྡན་ཚུལ་དང་དོག་མོ་ས་གཞི་རིམ་པ་བཅུ་གསུམ་དུམ་བུར་གཏོང་བའི་མཐུ་ནུས་ཡོད་ཚུལ་བཤད།  
            གང་ལྟར་འདི་ནི་ཆེས་སྤྱིར་བཏང་གི་ལྷ་སྒྲུང་ཞིག་མ་ཡིན་ཏེ། ལྷ་སྒྲུང་འདི་ནི་དུས་རབས་དང་དུས་རབས། མི་རབས་དང་མི་རབས་བརྒྱུད་ནས་བརྗོད་ཀྱང་བརྗོད་མི་ཚར་བ་ཞིག་རེད། གཅིག་བྱས་ན་འདི་ནི་ལྷ་སྒྲུང་ཞིག་གཏན་ནས་ཡིན་མི་སྲིད་དེ། འདི་ནི་མི་རིགས་ཤིག་གི་ཤེས་རབ་ཀྱི་བློ་གྲོས་ལས་བལྟམས་པའི་ངོ་མཚར་ཞིང་ཁྱད་འཕགས་ལྡན་པའི་རིག་གནས་ཀྱི་ཉིང་བཅུད་ཡིན་ལ། འདི་ནི་ལྷ་སྒྲུང་དང་ལྷ་སྒྲུང་ལས་འདས་པའི་ལྷ་སྒྲུང་ཞིག་ཅིས་མ་ཡིན་ཏེ། ཁྱེད་ཀྱི་སྙན་ཞིང་འཇེབས་ལ་རོ་བཅུད་དྲུག་ལྡན་གྱི་ཡིག་འབྲུ་གསོན་པོ་རེ་རེའི་ཞིང་ཁམས་ནས། གངས་དཀར་གྱི་འདབས་སུ་འཚོ་ཞིང་མདོ་དབུས་མཐོ་སྒང་ཁྲོད་གཟི་བྱིན་དང་བརྗིད་ཉམས་ཀྱི་འགྱིང་བའི་མི་རིགས་དཔའ་བོ་ཞིག་གི་འཇིགས་པ་མེད་པའི་སྙིང་སྟོབས་དང་། འགྲན་ཟླ་བྲལ་བའི་དཔའ་མཛངས དེན་དོན་དབྱངས་རྟར་འགུག་ཞིང་འདྲ་མཉམ་ཞི་བདེ་འབོད་པའི་བྱམས་དང་སྙིང་རྗེའི་ བདག་ཉིད་ཅན་གྱི་མི་རིགས་ཤིག་གི་རྣམ་དཔྱོད་སྤྱན་ལས་འཁྲུངས་པའི་ལྒིགས་བམ་ཐོར་བུ་ཞིག་ཡིན་པས་སོ། །
            གེ་སར་རྒྱལ་པོ། རང་དབང་དང་དྲང་བདེན་གླུ་ཡི་འགྱུར་ཁུག་ཏུ་འདྲེན་པའི་ཕོ་ཉ། གངས་རིའི་བུ་རྒོད་ཚོའི་སྙིང་ཁོང་གི་ལྷ་གསོན་པོ། གངས་རི་ལས་འཁྲུངས་ཤིང་སྤང་ཐང་དུ་རྒྱས་པའི་སྟག་ཤར། གཉོམ་ཆུང་བརྩེ་བ་དང་དྲོད་ཁོལ་གྱིས་སྐྱོང་མཁན་མ་མ། མི་རིགས་ཤིག་གི་འཚོ་བའི་ཆུ་གཏེར་ལས་བསྲུབས་པའི་སྙིང་དམར་བོ་འདི་ཡིན། བདག་གི་མི་རིགས་འདིའི་གཏམ་རྒྱུད་ཀྱི་ཁྱབ་ཁོངས་ཁྱེད་དང་འདྲེས་ནས་ཡོད་ལ། ང་ཚོའི་རིགས་རྒྱུད་སྨུག་པོའི་བློ་གྲོས་ཀྱི་རྩལ་དང་། ཤེས་རབ་ཀྱི་ཐབས། བརྩོན་འགྲུས་ཀྱི་རྒྱུན་ཡོད་དོ་ཅོག་ཁྱེད་ ལ་བསྟིམས་ནས་ཡོད་ཨང་།
            གེ་སར་རྒྱལ་པོ། ཁྱེད་ཀྱི་རྟ་རྒོད་ཀྱི་ཐག་ཐག་རྨིག་སྒྲས་ང་ཚོའི་རྨོངས་གཉིད་ཀྱི་ལུག་ཁྱུ་དཀྲོགས་ཤིང་། ང་ཚོར་མདུན་སྐྱོད་ཀྱི་འབོད་སྐུལ་ཅོང་བརྡ་སྒྲོག་ལ། དངུལ་འོད་ལམ་ལམ་དུ་འཚེར་བའི་སྐུ་ཉིད་ཀྱི་རལ་གྲིས་ང་ཚོའི་སེམས་ཁོང་གི་མ་རིག་གཏི་མུག་ལན་རྒྱར་བཏུབས།   
            གེ་སར་རྒྱལ་པོ། ཁྱེད་ཀྱི་རྩ་ལམ་གྱི་སྦུབས་སུ་འཁྱུག་པ་ནི་མི་རིགས་ཤིག་ལ་བཅངས་པའི་ལ་རྒྱའི་ཟུངས་ཁྲག་དྲོན་མོ་འདི་ཡིན།ངས་ཁྱེད་དྲན་ཐེངས་རེར་ཁ་བའི་འདབ་མ་བཞིན་ནག་ནོག་བྲལ་བའི་སྔར་སོང་མེས་པོའི་གཡའ་དག་པའི་ཐུགས་རྒྱུད་ལྷད་མེད་པ་ཞིག་མིག་མངོན་དུ་འཆར་འོང་།
            གེ་སར་རྒྱལ་པོ། དུས་ད་ཆའང་ཁྱེད་ཀྱི་མཚན་སྙན་ཧི་མ་ལ་ཡའི་དབུ་རྩེ་ནས་གཟི་འོད་ཀྱིས་འཕུར་ཅིང་། ཁྱེད་ཀྱི་དཔའ་མཛངས་ནམ་ཡང་གངས་རིའི་བུ་རྒྱུད་ཚོའི་སེམས་ཁོང་ན་མེ་ལྕེ་ལྟར་འབར་ལ། གློག་དམར་ལྟར་འཁྱུག འབྲུག་སྒྲ་ལྟར་ལྡིར་བཞིན་མཆིས། དེས་ན་ང་ཚོས་ས་གཞི་ཆེན་མོ་ཤོག་བུར་བྱས་ཤིང་། གཙང་ཆབ་སྔོན་མོ་སྣག་ཚར་བྱས་ནས། ཧི་མ་ལ་ཡ་ཞེས་པའི་སྨྱུ་གུ་དེ་བེད་སྤྱད་ནས་ལོ་རྒྱུས་ཀྱི་མིག་དབང་གི་ཐོག་ནས་ཁྱེད་ཀྱི་རྨི་ལམ་དང་ཞབས་རྗེས་འཚོལ་བར་བསྐྱོད་ངེས་ཡིན་ལ། གངས་ཅན་ཕོ་རྒོད་དུ་འབོད་པའི་ཁྱེད་ཀྱི་རྗེས་རབས་གཅེས་ཕྲུག་ཚོས་ཁྱེད་ཀྱི་རྟ་ཕོའི་རྨིག་སྒྲ་དང་བསྡོངས་ནས་ནམ་ཡང་འོད་ཟེར་སྟོང་གིས་ཕྱུག་པའི་མ་འོངས་ཁ་བའི་ཞིང་ཁམས་ཤིག་འཚོལ་སྙེགས་བྱེད་པར་ཁ་ལོ་བསྒྱུར་ངེས་སོ།།


འབྲེལ་ཡོད་འོས་སྦྱོར།