logo

གདོན་མིག་གི་ལྷུག་རྩོམ་སྙན་ངག

རྩོམ་པ་པོ།:གདོན་མིག ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-17 ཀློག་གྲངས།:
དུག་མཚོན་གྱིས་རྨས་པའི་རོལ་དབྱངས།
གདོན་མིག

        ནམ་ཟླ་ཧ་ཅང་འཁྱག་པའི་དགུན་ལྗོངས་འདིར། ལྷགས་རླུང་གིས་འདབ་ལོ་གཏོར་ཤུལ་དུ་ལྷག་པའི་ལྗོན་ཤིང་དེ་དག་འདར་ཞིང་སྐྱོམ། རྡུལ་འཚུབ་ཁྲོད་ནས་བཙན་གྱིས་བབས་པའི་ཁ་བའི་འདབ་མ་རེ་རེས། སོས་དལ་གྱི་འཚོ་བ་ལ་འཁྱགས་རོམ་གྱི་དྲན་སྐུལ་ཡང་ཡང་སྦྱིན། དེ་དུས། ང་རང་མུན་པའི་སྒེའུ་ཁུང་ཁར་འགྲེང་སྟེ་«བྱེའུ»ཞེས་པའི་སྙན་ངག་ཅིག་བྲིས། སྙན་ངག་དེ་མདུད་རྩི་ཕོར་བ་གང་དང་མཚུངས། 
        ནམ་མཁའ་ཡངས་ཤིང་རྒྱ་ཆེ་ནའང
        སྐར་མའི་འོད་སྣང་མི་ཤོང
        དུས་ཚོད་ལ་མཐའ་དང་དབུས་མེད་པ་དེ
        ཁྱེད་དང་འདྲ  ཡང་ན
        སྟོན་མཇུག་གི་མེ་ཏོག་སེར་ཆེན་དང་འདྲ

        དགུན་ལྗོངས་སྐྱ་བོ་འདི
        ཁྱེད་ཀྱི་མཐར་ཐུག་གི་གནས་མལ་མིན་ནའང
        སྙིང་ཉེ་བའི་གཤོག་ཟུང་ཆུང་ངུ་དེས
        བར་སྣང་ལ་དྲོད་འཇམ་གྱི་རི་མོ་བྲིས
        ཁེར་རྐྱང་དུ་ལུས་པའི་སྡོང་བོ་དེ་ལའང
        གསོན་ཆོག་པའི་ཨ་ལན་བྱིན
   
        དུས་ཚིགས་འདི་བརྒལ་ན
        རྒོད་པོ་དང་མཉམ་དུ་འཕུར་ཆོག
        མཚན་མོ་འདི་བརྒལ་ན
        བསིལ་རླུང་དང་མཉམ་དུ་འཕུར་ཆོག
        ངས་ཁ་བའི་གཡོགས་པའི་རི་ལྗོངས་འདི་ནས་ཕྱི་རོལ་ལ་ལྟ་དུས། སྙན་ཚིག་ཁྲོད་ཀྱི་བྱེའུ་ཆུང་གི་འཕུར་སྐྱོད་མཐོང་། སྤྲིན་དཀར་གྱི་རྒྱ་མཚོའི་ཀློང་ན་རྒོད་པོ་དང་མཉམ་དུ་འཕུར་བ་མཐོང་། དེ་ནི་སྐྱོ་གདུང་གི་ར་རོ་པར་གྱུར་བའི་མི་ཡུལ་གྱི་རྗན་རྗིན་དག་བསྐྱུར་ནས་ཉི་མའི་གྲོང་གི་སྤང་ལྗོངས་མཐོང་བ་དང་མཚུངས། ཡང་ན། རྨི་ལམ་གྱི་གཤོག་པ་བརྐྱངས་ནས་འཇིག་རྟེན་གྱི་མཛེས་སྡུག་ཉམས་སུ་མྱངས་པའི་གཟུགས་ཀྱི་པ་ཏྲ་མཐོང་བ་དང་འདྲ། 
        ལྷིང་འཇགས་ཀྱི་དྲོ་ཞིང་ཁ་ལ། དུས་ཚོད་ཀྱི་རྩྭ་ལྡུམ་མང་པོ་འབུས་བཞིན་པ་ཚོར་འོང་དུས། ལག་ཟུང་ལ་སོ་ནམ་གྱི་སེར་ག་གས་པའི་སྙིང་ཉེ་བའི་ཡུལ་མི་ཚོ་དྲན། བསང་དུད་ལང་ལོང་དབུས་ན་ཡིད་འོང་གིས་འཚོ་བའི་ཡུལ་མི་ཚོ་དྲན། ང་ནི་ཕ་ཡུལ་བོར་བའི་ཡུལ་བོ་ཞིག་དང་འདྲ་བར་ཕྱིར་ཕ་ཡུལ་དུ་ལོག་དུས། མེ་ཏོག་ཡལ་ཟིན་པའི་ཕྱི་དྲོ་ཞིག་རེད། ངས་ཕྱི་དྲོ་དེའི་དུས་ཚོད་ཡོད་ཚད་སྤྱད་ནས་མིག་ཆུ་ཁྱོར་བ་གང་རྙེད། དེ་ནི་བླ་ན་གནས་པའི་གཡང་གཟི་ཆུ་མིག་དྲུག་པ་ཞིག་གོ །
        བྲེལ་འཚུབ་དང་མྱ་ངན་གྱིས་གཙེས་པའི་སྲང་ལམ་རེ་རེ་ན། དཀའ་སྡུག་གི་རྔུལ་ཆུར་བཞད་པའི་ཚེ་སྲོག་གི་རོལ་དབྱངས་འཁྱིལ་ཡོད། གཏམ་རྒྱུད་ཀྱི་ཆུ་རྒྱུན་ཁྲོད་དུ་ལྷག་པའི་ལང་ཚོའི་བཀྲག་མདངས་ངོས་སུ། ན་ཆུང་བའི་གསེར་མདོག་གི་དགོད་འཛུམ་བྲིས་ཡོད། དུངས་སེམས་ཀྱིས་གཉོར་བའི་དུང་མདོག་གི་སེམས་པ་འདིའང་། སྐྱིད་ལ་སྡུག་པའི་མི་ཚེ་འདི་ལ་ཕུལ་ཡོད། 
        བར་སྣང་དུ་བཞེངས་པའི་ལོ་རྒྱུས་ཀྱི་རྡོ་རིང་དེ། སྙིང་གི་འཕར་ལྡིང་ལ་དྲིས་པའི་དྲིས་ལན་ཞིག་ལྟར། གཟི་བརྗིད་ཀྱིས་རྨི་ལམ་ངོགས་སུ་འཕྱོ། ཡིན་ནའང་། གོས་ཆེན་དྲ་རས་ཤིག་དང་འདྲ་བའི་རྣམ་ཤེས་འདི། ཆུ་བཞིན་ཆུ་རིས་ཤིག་ཤིག ཆུ་བཞིན་སྦབ་སྒྲ་ལྷུང་ལྷུང་། 
        རླུང་གི་ཤུགས་སྒྲ་གླུ་རུ་གྱེར་བའི་རི་ཟོམ་གྱི་ཤེའུ་ཆུང་དེ་ཡིས། རྫ་ལུང་གི་སྨུག་སྤྲིན་ཐོལ་གྱིས་བརྒལ་ནས་རྫ་ཆུ་འཐུང་ཞིང་རྫ་རྩྭ་ཟོས། དེ་ནི་ང་དང་ཁྱོད་ཀྱིས་རེ་སྨོན་བྱེད་བཞིན་པའི་འཚོ་བ་ཡིན་ན། ཁྱེད་ད་ལྟ་མདུན་དུ་གོམ་ཞེང་གཅིག་ཀྱང་སྤོས་མེད་པ་ཅིའི་ཕྱིར་ཡིན་ནམ། བྱེའུ་ཆུང་ལགས། 
        གང་ལྟར། སྒེའུ་ཁུང་ངོས་སུ་ཆབ་རོམ་ཆགས་ཤིང་། ཕྱི་རོལ་གྱི་གྲང་ངར་ཇེ་ཆེ་ནས་ཇེ་ཆེར་བྱིན། ཆབ་རོམ་གྱིས་ངའི་མིག་ཟུང་འགོག་ཐུབ་ནའང་། སྟོབས་ཤུགས་ཀྱིས་ཀུན་ནས་འབར་བའི་ནང་སེམས་ཀྱི་མེ་ཕུང་འདི་འགོག་མི་ཐུབ། འཇིག་རྟེན་འདིར་ནང་སེམས་ཀྱི་མེ་ཕུང་གནོན་ཐུབ་མཁན་གཅིག་ལས་མེད། དེ་ནི་མེ་ཕུང་དང་བསྡུར་ན་དྲོ་ཞིང་འཇམ་པའི་བྱམས་བརྩེ་རེད། 
        ང་རང་རྡོ་བ་ལ་དགའ་དོན་གྲང་འཁྱགས་ལ་མོས་པས་མིན་ལ། ངས་འཁྱམས་རོམ་དང་རྡོ་བ་ལས་དྲོད་ཁོལ་ཞིག་རྙེད་ན་འོས་པའི་བར་སྟོང་ཞིག་བསམ་པ་ཡིན། གྲང་རེག་དང་འཁྱགས་རོམ་མེད་ནའང་། ཉི་འོད་ཡོད་ཆོག་ལ་སྙིང་ཉེ་བའི་སེམས་པ་ཞིག་ཀྱང་ནར་མར་བྱུང་ཆོག  དེ་ནི། ཁེར་རྐྱང་གིས་འཕུར་བའི་བྱེའུ་ཆུང་གི་རེ་སྙེག་ཡིན། 
        འབྱམས་ཀླས་པའི་ལྷིང་འཇགས་ཀྱི་མཚན་མོ་འདིར། ག་ལེར་ཉོན་དང་། བུད་མེད་ཀྱི་མཛུམ་མདངས་ལས་ལྷག་པའི་ཚེ་སྲོག་གི་རླབས་སྒྲ་ཐོས་འོང་། ག་ལེར་ཉོན་དང་། མུན་ནག་གི་རྩིག་གྱང་ལ་རྡེག་པའི་བྱེའུ་ཆུང་གི་གཤོག་སྒྲ་ཐོས་འོང་། ག་ལེར་ཉོན་དང་། 
༢༠༢༡/༡༢/༡༢ཉིན།
འབྲེལ་ཡོད་འོས་སྦྱོར།