གཟི་མིག་དགུ་པའི་ལྷུག་རྩོམ།
རྩོམ་པ་པོ།:གཟི་མིག་དགུ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-24
ཀློག་གྲངས།:
ང་ནི་དབྱངས་གསལ་སོ་བཞི་ཡིན།
གཟི་མིག་དགུ་པ།
གཅིག
གཉིས།
འདས་ཟིན་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་རེ་རེའི་ཁྲོད་དུ། སྐྱེས་ཆེན་ཇི་སྙེད་ཅིག་གིས་ངའི་བླ་ཚེ་སྲོག་གསུམ་དང་སྐྱེ་འཆིའི་དར་རྒུད་ལ་འབྲེལ་བའི་དཔེ་ཆ་བྲག་རི་ལྟར་བརྩེགས་ཤིང་གྱེར་དབྱངས་གདངས་གསུམ་གྱི་ངག་རྟ་གཙང་ཆབ་ཀྱི་རླབས་རྒྱུན་དང་འགྲོགས་མྱོང་བ་ནི་ཅི་འདྲའི་གཟི་བརྗིད་ཅིག་མ་ཡིན་ནམ། ངས་ཀྱང་མི་རིགས་འདིའི་སྙན་ངག་གི་རྟ་མཆོག་བཅིབ་སྟེ་ལོ་རྒྱུས་ཀྱི་ལུག་ཁྱུ་དེད། མངོན་བརྗོད་ཀྱི་རྫི་གླུ་ལེན་བཞིན་སྡེབ་སྦྱོར་གྱི་གོམ་པས་གངས་རི་དང་རྩྭ་ཐང་བརྒལ་ཞོར་ཟློས་གར་གྱི་བུ་མོ་བག་མར་བསུས་ལ། བརྡ་སྤྲོད་ཀྱི་ཁྱོ་བོར་གཉེན་དོན་གཏམ་ནས་སྐར་རྩིས་ཀྱི་བྱིས་པ་མང་པོ་གསོ་སྐྱོང་བྱས། དེར་བརྟེན། ང་ནི་ཁྱིམ་ཚང་འདིའི་རྒྱབ་ཕྱོགས་སུ་འགྱིང་བའི་ཡབ་ཆེན་ཡིན་ལ། མདུན་ཕྱོགས་སུ་ལངས་བའི་ཡུམ་ཆེན་ཡིན། འདེགས་པའི་ཀ་བ་ཡིན་ལ། སྐྱོར་བའི་གདུང་མ་ཡང་ཡིན། ང་མེད་ན། ཁྱིམ་ཚང་དེ་དྭ་ཕྲུག་གིས་ཁེངས་པའི་དབུལ་འཕོངས་ཉམ་ཐག་ཅིག་དང་ཀ་གདུང་མེད་པའི་གྱང་ཁོག་རལ་པོ་ཞིག་གོ། དེའི་རྐྱེན་གྱིས་ང་ནམ་ཡང་གསོན་དགོས་ཤིང་ང་གསོན་དོན་ཡང་ཁྱེད་ཁོ་ནའི་ཆེད་དུ་ཡིན།ཁོ་བོར་ནམ་ཡང་སྤོབས་པ་ཞིག་ཡོད་པ་ནི། ཕོ་རུས་པ་ཅན་ཚོས་ང་ལ་དགའ་ཞིང་སྨན་ཤེས་རྒྱ་ཅན་ཚོས་ང་ལ་དུངས། བློ་རྣམ་དཔྱོད་ཅན་ཚོས་ང་ལ་བཀུར་ཞིང་ལས་རྒྱུ་འབྲས་ཅན་ཚོས་ང་ལ་དད། འོན་ཏེ། ང་ལ་ཐན་དུ་བརྩི་མཁན་ཡང་མེད་པ་ག་ལ་ཡིན། འདས་པའི་ལོ་རྒྱུས་ཁྲོད་ངའི་ཕུང་ཁམས་ལས་གྲུབ་པའི་རིག་གཞུང་རྣམས་ཇི་མི་སྙམ་པར་ཕྱག་དར་གྱི་ཁྲོད་དུ་གཡུགས་བཞིན་མགོ་བོ་དགྱེ་དགྱེ་དང་མཇིང་པ་སྦོམ་སྦོམ་བྱེད་མཁན་གྱི་ཀླད་མེད་གང་རུང་ཞིག་ཀྱང་ཐོན་མྱོང་ཡོད། སྐབས་ཤིག་རིང་ང་ལ་གྲུབ་མཐའ་སྣ་ཚོགས་ཀྱིས་འཐབ་རྩོད་བརྒྱབ་སྟེ་ངའི་ལུས་ཕུང་འདི་ང་རྒྱལ་གྱིས་གཏུབས་ཤིང་ཞེ་སྡང་གིས་དབྲལ། འདོད་ཆགས་ཀྱིས་བསྲེག་ཅིང་གཏི་མུག་གི་མལ་གདན་དུའང་བཏིང་བས།ང་ཕྱོགས་བཞི་མཚམས་བརྒྱད་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ལ། མཐར་འ་ཆད་འུ་ཐུག་ཏུ་གྱུར་བས་ང་བྲག་ཕུག་ལ་ཡིབ་ཅིང་རྩིག་ཧྲག་ཏུ་གབ། ཆུ་འགྲམ་དུ་ཉལ་ཞིང་ཟམ་འོག་ཏུ་འཛུལ་ཏེ་གནས་ངེས་མེད། ས་རྒྱུས་མེད། ཡུལ་མཐའ་མེད་དུ་འགྲིམས་པ་སྟེ།བྱང་རྒྱུད་བོ་རྩེ་གསུམ་གྱི་ཕུག་པ་མན་དང་ལྷོ་རྒྱུད་ཡར་ཀླུང་གཙང་པོ་ཡི་གྲོག་རོང་ཚུན། ངའི་དུར་སྒམ་ཡོད་ལ། རུས་ཆག་ཡོད། བཙོན་ཁང་ཡོད་ལ། རྐང་རྗེས་ཀྱང་ཡོད། དེ་ནི་དུས་རབས་ཤིག་གི་དཀྱོག་མཚམས་ལས་བྱུང་བའི་ལས་འགུལ་གྱི་ཕམ་ཉེས་ཡིན། དེ་ནི་ལོ་རྒྱུས་ཤིག་གི་བསླབ་བྱས་སྤྲད་པའི་བསམ་གཞིག་གི་དོགས་སློང་ཡིན་ལ། ཕམ་ཉེས་ཤིག་གི་སྐྱོ་གདུང་ཡང་ཡིན། དུས་དེ་ནས་བཟུང་སྟེ་ངའི་ཕ་མེས་ཀྱི་འབྱུང་ཁུངས་དང་སྐྱེས་སྐར་གྱི་ལོ་ཚིགས་ལ་རྩོད་རྙོག་བྱེད་འགོ་བརྩམས་ཤིང་རྟོག་བཟོའི་ལྷ་སྒྲུང་གི་གསེབ་ཏུ་ང་ཡི་རིན་ཐང་མོག་པོར་བཏང་བ་མ་ཟད། ཐ་ན་ངའི་ཐོབ་ཐང་དཔང་ཡིག་གི་སྐྱེས་སྐར་ལོ་ཚིགས་ཀྱང་གང་འདོད་ཀྱིས་བཟོ་བཅོས་བྱས་པས། ད་གཟོད་ངས་ཀྱང་རང་ཉིད་ཀྱི་ཕ་མ་སུ་ཡིན་ཐེ་ཚོམ་སྐྱེ་དགོས་པའི་གནས་སུ་གྱར། འོན་ཏེ། མནོ་བསམ་ཞིབ་མོ་ཞིག་དང་ཞིབ་འཇུག་ལེགས་པོ་ཞིག་བྱེད་དུས། ང་ལ་དམིགས་བསལ་གྱི་ཕ་མ་ཞིག་གཏན་ནས་མེད་ཅིང་གཏན་ཁེལ་གྱི་སྐྱེས་སྐར་ཡང་དེ་བཞིན་ནོ། །ལོ་རབས་བརྒྱ་ཕྲག་གི་སྔ་རོལ་ནས་མདོ་དབུས་མཐོ་སྒང་འདིའི་འགྲོ་བ་མིས་རང་བྱུང་ཁམས་ཆེན་མོར་འཐབ་རྩོད་
ཡུན་རིང་བྱས་ཏེ། ལོ་ཟླ་ཞག་གིས་སྐྱེལ་ཞིང་ལོ་རབས་དུས་ཀྱིས་བརྒྱུད་པས་ང་ཡི་ཡན་ལག་རེ་རེ་བཞིན་རྙེད་དེ་མཐར་དབང་པོའི་སྒོ་ལྔ་ཚང་བའི་ཐབས་ཤེས་གཉིས་འཛོམས་ཀྱི་ལུས་ཕུང་འདི་གྲུབ་ཡོད་པ་ལས།ལོ་རྒྱུས་ཀྱི་བྱུང་རིམ་མེད་ཅིང་བརྩེ་དུང་གི་རྒྱུ་སྤུན་ཆད་ལ། ལས་འཕྲོ་ཡི་མདུད་པ་བྲལ་ཞིང་ཚུལ་མིན་གྱིས་གཉེན་བསྒྲིགས་བྱས་པའི་ཁྱོ་ཤུག་དེའི་ནལ་བུ་ཞིག་ག་ལ་ཡིན་ཏེ། མ་ཡིན་ནོ། །ཡིན་ན་ཡང་། ངའི་འབྱུང་ཁུངས་དང་ལོ་རྒྱུས་ལ་ལྟ་བར་གཟུ་བོའི་མིག་ཟུང་ལྡོང་བའི་སྐྱེ་བོ་ལ་ལས་ང་ནི་ལྷ་ཆེན་པོ་ཞིག་གི་རྫུ་འཕྲུལ་གྱིས་བཟོས་པར་བཤད་ལ། མི་མཐུ་བོ་ཆེ་ཡིས་སྙིང་སྟོབས་ཀྱིས་བསྐྲུན་པར་སྨྲས། ཡང་ལ་ལས་ང་ནི་ཆེས་འཕྱི་བའི་དུས་རབས་ཤིག་ལ་དགོས་དབང་ཉི་ཚེ་ཙམ་གྱིས་ཡུལ་ཕྱོགས་གཞན་ནས་བསུས་པའི་མག་གསར་ཞིག་ཡིན་པར་བསྒྲགས་བཞིན་ངའི་འབྱུང་ཁུངས་དང་ཡབ་མེས་ཀྱི་ལོ་རྒྱུས་ནག་ནོག་ཏུ་བཟོས། དོན་དམ་པར། ང་ནི་དེ་དག་གང་ཡང་མ་ཡིན་པར་ས་གཙང་མཐོ་སྒང་གི་ཁོར་ཡུག་འདིར་ཡུན་རིང་གནས་བཅས་པའི་མི་རིགས་འདིའི་སྔོན་བྱོན་མེས་པོ་ཚོའི་རྣམ་དཔྱོད་བློ་གྲོས་གྲངས་མེད་ཀྱི་རྩལ་ལས་འཁྲུངས་ཤིང་དུས་དང་མཐུན་པའི་སྲོག་གི་དབང་པོ་ཞུགས་ཏེ་རིམ་བཞིན་ལེགས་བཅོས་དང་འཐུས་ཚང་། འཕེལ་རྒྱས་སོགས་ཀྱི་ལམ་ཁར་ཆས་པའི་མི་རིགས་འདིའི་བླ་སྲོག་སྟེ། དབྱངས་གསལ་སོ་བཞི་ཡིན།
གསུམ།
འདི་ནས་ཡར་རྩིས་པའི་དུས་རབས་མང་པོའི་གོང་རོལ་དེར་ང་ནི་རྒྱབ་རྟེན་ས་ཁོ་ནའི་རིག་གནས་ལ་ཞབས་ཕྱི་སྒྲུབ་པའི་ལག་ཆར་གྱུར་བས་རྟག་ཏུ་དར་གོས་ཀྱི་ན་བཟའ་བཀླུབས་ཏེ་མཐོ་ས་ནས་འགྱིང་ཞིང་དགོན་སྡེའི་མཆོད་ཁང་དུ་བཞུགས། གསེར་དངུལ་གྱི་ལུས་པོ་བཏུམ་ནས་བླ་མའི་གཟིམས་ཁང་དུ་ཉལ། རྣལ་འབྱོར་བའི་རྣམ་ཐར་གསེང་དུ་ཡིབ་ནས་ལོ་མང་འགོར། དགེ་འདུན་ཚོར་སྡོམ་ཁྲིམས་གནང་ནས་དུས་རབས་འདས། མཐོ་སྲིད་པའི་རྩེ་མོར་སོང་སྟེ་ཞིང་ཁམས་ལ་རྒྱང་ལྟ་དང་དམའ་དམྱལ་བའི་འཕྲང་རིང་བརྒལ་ཏེ་གཤིན་པོ་ཚོའི་རྣམ་ཤེས་བཙལ་བ་ལས།བར་འཇིག་རྟེན་མི་ཡུལ་གྱི་བདེ་སྡུག་གླེང་བའི་ངལ་བ་ཡེ་ནས་བྲལ་བས། ད་གཟོད་ང་ལ་དགོད་བྲོ་བའི་མིང་འདོགས་ཏེ། བོད་ཀྱི་བླ་མའི་ཡི་གེ་(喇嘛文字)ཞེས་འབོད་མཁན་ཡང་བྱུང་ཡོད་སྐད། དོན་དུ། སྐབས་དེར་ང་སྒྱིད་ལུག་དང་ལེ་ལོ་ཁོ་ནས་སྡད་པ་ཞིག་མ་ཡིན་ཏེ། ངས་གཞུང་ཆེན་གྱི་གཏིང་མཐའ་ཉུལ་ཏེ་མི་རྟག་པའི་མགུར་གླུ་བླངས། ལས་འབྲས་ཀྱི་རྣམ་བཞག་བཙལ་ཞིང་དགེ་སྡིག་གི་སྨྲེ་ངག་བཏོན། སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་བཞེངས་ལ། འཁོར་བའི་ཉེས་དམིགས་ཀྱི་གཏམ་རྒྱུད་བཀླགས། མདོ་སྔགས་རྫོགས་གསུམ་གྱི་གླེགས་བམ་བྲིས་ལ། སྒྲ་ཚད་བཟོ་གསོ་ཡི་གཞུང་ཆེན་བཏེགས་ཏེ། རི་བོ་གངས་ཅན་པའི་རིག་གཞུང་གླེང་མྱོང་། དེས་མ་ཚད། སྙན་གཞུང་གི་མེ་ལོང་བལྟས་ཏེ་ཧི་མ་ལའི་རི་རྒྱབ་ཀྱི་མཛེས་མ་བཙལ་ཞིང་ལྷ་སྒྲུང་གི་ངོ་མཚར་བརྗོད་དེ་ཆུ་བོ་གང་གཱའི་བཞུར་རྒྱུན་ལ་རྒྱང་ལྟ་བྱས། ཟློས་གར་གྱི་འཁྲབ་ཆས་སྤྲས་ཏེ་སུམ་ཅུ་རྩ་གསུམ་ནས་དབྱངས་ཅན་མ་བག་མར་བསུ་མྱོང་བ་མ་ཟད། སྡེབ་སྦྱོར་གྱི་རྫི་གླུ་ལེན་བཞིན་མངའ་རིས་སྐོར་གསུམ་གྱི་ལུག་ཁྱུ་ལྷས་ལ་འགུག་མྱོང་ཨཱ། རིམ་བཞིན་མ་ཎི་བཀའ་འབུམ་དང་བཀའ་ཐང་སྡེ་ལྔ། སྦ་བཞད།ས་སྐྱའི་གསུང་འབུམ་དང་ལམ་རིམ་ཆེན་མོ། མི་ལའི་མགུར་འབུམ་དང་མི་དབང་རྟོགས་བརྗོད། མཐར་རྒྱལ་རབས་དེབ་ཐེར་དཀར་པོ་ཡན་དུ་ངའི་རྣམ་ཤེས་དང་ཟུངས་ཁྲག་གི་འཕར་རྩ་མ་ཞུགས་པ་གཅིག་ཀྱང་མེད་པ་ཁྱེད་ཀྱིས་མཁྱེན་ངེས་རེད་ལ། མཁྱེན་དགོས་ངེས་ཤིག་ཀྱང་རེད་ཨང་།
བཞི།
བར་བསྐལ་ཞིག་ལ། དུས་རབས་ཀྱི་གཙང་ཆེན་ལྷོད་ཀྱིས་བཞུར་ཏེ་ལོ་རྒྱུས་ཀྱི་རླུང་བུས་འཛམ་གླིང་འདིའི་ས་ཆེན་གཡོ་འགོ་བརྩམས། ཆལ་ཆིལ་དུ་གཡོ་བའི་ཚན་རྩལ་རིག་གནས་ཀྱི་རླབས་རྒྱུན་མདུན་ནས་མདུན་དུ་བཞུར་བས་ཁོ་བོ་གཉིད་ལས་དཀྲོགས། ལོ་རབས་གང་མང་རིང་ཇི་མི་སྙམ་པར་ལྷ་ཁང་དང་མཆོད་ཁང་ནང་དུ་ཉལ་ཏེ་དམ་པ་ལྷའི་རིག་གནས་ཁོ་ན་ལས་གླེང་མ་ཐུབ་པར་འགྱོད་གདུང་སྐྱེས། དུས་དེ་ནས་བཟུང་། ང་རང་དགོན་སྡེ་དང་བླ་བྲང་བར་དུ་འཁྱམ་ནས་ཚེ་ཡི་འཕེན་པ་རྫོགས་ན་མི་འགྲིག་པའི་སད་རྟོགས་གསར་པ་ཞིག་སྐྱེས་ཏེ་མལ་ལས་ལངས་ཤིང་བལྟས་པས། ད་གཟོད་འཛམ་གླིང་འདིའི་མི་རིགས་གཞན་གྱི་སྐད་ཡིག་མང་པོ་ཞིག་མི་རིགས་གང་དེའི་ཆབ་དཔལ་རིག་གསུམ་གྱི་ལམ་ཆེན་དུ་ཆས་ནས་དུས་རབས་བརྒྱུད་ཟིན་པ་ཚོར། དུས་དེ་ནས་བཟུང་ངས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་དང་འགྲོགས་ཏེ་རང་ནུས་གང་ཡོད་མི་རིགས་འདིའི་མ་འོངས་དང་མེས་རྒྱལ་གྱི་འཕེལ་རྒྱས་ལ་ཞབས་ཕྱི་ཞུ་འགོ་བརྩམས་ཤིང་ཡུན་རིང་མ་འགོར་བར། ཕྱོགས་བཞི་མཚམས་བརྒྱད་ནས་རིག་གསར་གྱི་རྡུལ་རླུང་འཚུབ། ལོག་སྤྱོད་ཀྱི་བུ་ཡུག་སྦུད་དེ་གྲང་ཤུལ་ཤུལ་གྱི་དགུན་ཟླ་རིང་མོས་རང་རྒྱལ་གྱི་ས་ཆེན་འཁྱག་པས་བསྡམས། ཚན་རྩལ་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒོ་མོར་ལྕགས་ཟྭ་ཐེབས། མེས་རྒྱལ་གྱི་འོད་སྟོང་འཕྲོ་བའི་ལོ་ངོ་ལྔ་སྟོང་གི་རིག་གནས་ལ་གས་ཆག་ཐེངས་ཤིག་ཤོར་ནས་རིག་དངོས་གང་མང་ལ་ཆགས་འཇིག་དང་ཤེས་ལྡན་ཇི་སྙེད་ཅིག་གྲང་བས་བཙེས། སྐབས་དེར་ལོ་རྒྱུས་ཀྱིས་བཞག་པའི་པོ་ཏི་རླུང་གིས་གཏོར་ལ། ཉམས་མྱོང་གིས་བསགས་པའི་གྲུབ་འབྲས་ཆུ་ཡིས་ཁྱེར། ཤེས་རབ་ཀྱིས་བརྩེགས་པའི་ནོར་བུ་རྡུལ་གྱིས་བཀབ་ཅིང་ང་ཡང་རྡུལ་རླུང་དེས་ཕྱོགས་ངེས་མེད་དུ་གཏོར། གནས་ངེས་མེད་དུ་བསྐྱལ། ཡུལ་མཚམས་མེད་དུ་སྤུར་བས། ང་ཡི་ལུས་ཟུངས་ཟད། ཤ་ཡང་རིད། དབུགས་ཀྱང་འགག སྐབས་རེ་གསོ་རླུང་གིས་མ་འདང་བར་དྲན་མེད་དུའང་ཐེངས་མང་རྒྱལ་བཞིན་གྲང་འཁྱག་གི་ལོ་ཟླ་རིང་མོ་བཀྲེས་ལྟོག་ཁོ་ནས་སྐྱེལ་དགོས་བྱུང་། དེ་ནི་ལོ་རྒྱུས་ཀྱིས་དཀྱོགས་མཚམས་ཤིག་གི་ཡ་ང་བའི་མནར་གཅོད་ཡིན། ཆབ་སྲིད་ཀྱི་ལོག་ལམ་ཞིག་གི་ཡིད་མུག་པའི་ཉེས་དམིགས་ཡིན། དེ་ལྟ་བུའི་ལོ་རྒྱུས་ཀྱི་གོ་ཆགས་ཁྲོད་ང་སྔར་བཞིན་བྲག་ལ་ཡིབ་ཅིང་ཆུ་ལ་ཐིམ། དོང་ལ་འཛུལ་ཞིང་རི་ལ་བྲོས། ཕོ་རུས་པ་ཅན་འགའི་མཆན་འོག་ཏུ་གབ་ལ། མོ་ཤེས་རྒྱ་ཅན་འགའི་ཐུ་འོག་ཏུ་འཛུལ་ནས་དབུགས་ཀྱི་རྒྱུན་ཐག་མ་ཆད་ཙམ་བྱུང་། དེ་ལས་ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་ལེན་དགོས་པའི་སྐུལ་མ་བྱུང་། ལམ་ལོག་པ་དེ་ནས་ཁ་ལོ་བསྒྱུར་དགོས་པའི་ཉེས་བརྡ་གཏོང་མཁན་གང་མང་བྱུང་ཡོད།
ལྔ།
ལོ་བཅུའི་རྗེས་སུ། དཔྱིད་ཀྱི་ཉི་མས་རྒྱལ་ཁམས་རབ་ཏུ་དྲོས། སྦྲང་ཆར་སིལ་མས་ས་ཆེན་བཞིན་མདངས་བཀྲུས། ཕྱོགས་བཞི་མཚམས་བརྒྱད་ནས་དཔྱིད་རླུང་ལྡང་ཞིང་གྲང་ཤུལ་ཤུལ་གྱི་དགུན་ཟླ་རིང་མོའི་གདུག་རྩུབ་ཕར་ལ་བསྐྱལ་ཏེ། སྐྱེ་དངོས་སྣ་ཚོགས་ལ་གསོན་ཤུགས་འབུས་འགོ་བརྩམས། དེ་དང་དུས་མཚུངས། ལོ་རྒྱུས་ཀྱི་བུང་བས་གླུ་དབྱངས་བླངས། ཚན་རིག་གི་མེ་ཏོག་ཟེའུ་འབྲུ་སྨིན། དཔལ་འབྱོར་གྱི་འདབ་མར་ཚོན་མདོག་བཀྲ། ཆབ་སྲིད་ཀྱི་སྡོང་པོར་གསོན་ཤུགས་རྒྱས་ཏེ། མེས་རྒྱལ་གྱི་ས་གཞི་ཆེན་མོར་དཔྱིད་དཔལ་བསུ་འགོ་ཚུགས། རིག་གནས་ཀྱི་སྐྱེད་ཚལ་ཀུན་ལ་དྲོ་བཤེར་འཛོམས། ཁྲང་པེ་རི་བོའི་རྒྱ་སྟག་གི་ངར་སྒྲ་དང་ཤིས་ཧྲན་པན་ནེའི་གླང་ཆེན་གྱི་འགྱིང་འགྲོས། ནང་སོག་རྩྭ་ཐང་གི་རྟ་རྒོད་སོགས་འཚེར་སྒྲ་བསྒྲོག་པས། ངས་ཀྱང་གངས་ལྗོངས་ས་མཐོའི་གཡག་རྒོད་ཀྱི་ངུར་སྒྲ་དབྱངས་སུ་བཀུག་ནས་ཚན་རིག་ལག་རྩལ་གྱི་བསྟོད་གླུ་བླངས། ལོ་རྒྱུས་དངོས་གཙོ་ཡི་སྒྲ་སྙན་དཀྲོལ། དཔལ་འབྱོར་འཕེལ་རྒྱས་ཀྱི་བྲོ་གར་འཁྲབ་སའི་རྩོམ་རིག་གི་གར་སྟེགས་ཏེ། «སྦྲང་ཆར» «ཟླ་ཟེར» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མཚོ་སྔོན་སློབ་གསོ» «གངས་རྒྱན་མེ་ཏོག»སོགས་གང་མང་བསྐྲུན་ནས་ཆོལ་ཁ་དང་ཆོས་ལུགས་དབྱེ་མེད། ཕོ་མོ་དང་སྐྱ་སེར་ཆད་མེད། རྒན་གཞོན་དང་གོ་གནས་རིས་མེད་ཀྱིས་མགྲོན་དུ་བོས་ཤིང་རྩོམ་རིག་གི་གར་སྟེགས་དེ་རུ་བསུ་མ་བྱས། དེས་མ་ཚད་འཛམ་གླིང་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་དང་རང་རེའི་གྲགས་ཆེ་བའི་ལེགས་བཤད་ཆེན་མོ་ཁག དེ་བཞིན་བརྡ་སྤྲོད་ཀྱི་བསྟན་བཅོས། གསོ་རིག་གི་གཞུང་ལུགས། ཆོས་འབྱུང་དང་ལོ་རྒྱུས་ཇི་སྙེད་ཅིག་མི་རིགས་དཔེ་སྐྲུན་ཁང་ཁག་སོ་སོའི་རམ་འདེགས་དང་འགྲོགས་ཏེ་གང་སར་སྤེལ། ཆབས་ཅིག་ཏུ་རང་རྒྱལ་གྱི་གྲགས་རྩོམ་མང་པོ་གདན་འདྲེན་ཞུས། ཐ་སྙད་ཀྱི་ཚིག་མཛོད་གང་མང་སྡེར་ཁར་བཤམས། ཏང་གི་ཡང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་དང་རྩ་བའི་ཁྲིམས་ལུགས་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དང་མཐུན་པའི་བསླབ་གཞི་གཅིག་རྗེས་གཉིས་མཐུད་ངང་ཕབ་བསྒྱུར་དང་བསྡུ་སྒྲིག་བྱས་ནས་དཔར་དུ་བསྐྲུན་པ་ཡིན་ལ། མཁས་མཛངས་ལྡན་པའི་སྐྱེས་ཆེན་ཚོའི་དགོངས་པ་ལྟར་དུས་དང་འཚམ་པའི་སྲོག་གི་དབང་པོ་ཞུགས་ཏེ། ཚགས་པར་དང་རླུང་འཕྲིན། དུས་དེབ་དང་ལོ་དེབ་སོགས་སུ་རྩོམ་རིག་གི་བུ་མོ་བག་མར་བསུས་པས། སྙན་རྩོམ་གྱི་རྫི་གླུ་དབྱངས་སུ་བཀུག་སྟེ་མཐའ་ཡས་པའི་རྩྭ་ཐང་གི་ལྷིང་འཇགས་དཀྲོགས། སྒྲུང་གཏམ་གྱི་པི་ཝང་ལྷོད་ཀྱིས་བུས་ཏེ་ཁུ་སིམ་པའི་གངས་ལྗོངས་ཀྱི་རྨི་ལམ་དཀྲུགས། ལྷུག་རྩོམ་གྱི་རྟ་ཕོའི་བང་འགྲོས་ངོམས་ཏེ་ཐང་ཆེན་པོའི་བྲང་ཁོག་ཡོམ་ཡོམ་དུ་བསྒུལ་ལ། དེ་བཞིན་དཔྱད་རྩོམ། ལོ་རྒྱུས། ཟློས་གར། སྙན་ཞུ་སོགས་རྩོམ་ཚུལ་མི་གཅིག་བརྒྱ་དང་སྟོང་། མཚོན་ཐབས་མི་འདྲ་ཁྲི་མ་འབུམ། འཚང་ཁ་ཤིག་ཤིགཚ་ཚ་འུར་འུར་ངང་བོད་གངས་ཅན་གྱི་རྩོམ་རིག་གསར་པའི་གར་སྟེགས་སུ་ཐོན་ཡོད་ཨཱ། ང་ཡི་རྟེན་གྲོགས་ཚོ། ཕེབས་ཤོག བྲིས་ཤོག མེས་རྒྱལ་གྱི་མ་འོངས་དང་མི་རིགས་ཀྱི་ལ་རྒྱ། དམངས་གཙོ་ཡི་བསམ་བློ་དང་རྒྱལ་ཁམས་ཀྱི་བདེ་སྐྱིད། ཚན་རྩལ་འཕེལ་རྒྱས། ཐ་ན་གང་ཟག་སྒེར་གྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་ཡིག་འབྲུ་རེ་གཉིས་ཡིན་རུང་བྲིས་ཤིག ང་ཇི་ཙམ་བཀོལ་ན་དེ་ཙམ་གྱིས་གསོན་ཤུགས་འབུས་ལ་སྙིང་སྟོབས་རྒྱས། ང་ཇི་ཙམ་བྲིས་ན་དེ་ཙམ་གྱིས་མཛེས་རྩལ་དོད་ཅིང་ལང་ཚོ་རྫོགས། རེད་ཡཱ། སྒམ་ཞིང་ལྷིང་བའི་དབུ་ཅན། བབ་ཅིང་ཆགས་པའི་དབུ་མེད། བརྗིད་ཅིང་རྔམ་པའི་འབྲུ་ཚ། ཞི་ཞིང་དུལ་བའི་ཚུགས་ཐུང་། མཐོ་ཞིང་དྲང་བའི་ཚུགས་རིང་། ལྡེམ་ཞིང་མྱུར་བའི་འཁྱུག་མ་སོགས་ཏེ། བྲིས་ན་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་མང་དུ་མངའ་ལ། འབྲུ་འདེད། སྤོམ་འདེད། ཧྲུབ་འདོན། གྱེར་འདོན། དེ་བཞིན་ཕོ་མོ་མ་ནིང་ལ་སྦྱར་བའི་སྒྲ་གདངས་དྲག་ཞེན་སོགས། ཀློག་ན་གཞན་ལས་དཀོན་པའི་སྐད་བརྡ་ཡི་རིན་ཐང་ལྡན་ཡོད། དེ་ཙམ་གྱིས་མ་ཚད་པར། ད་དུང་མི་རིགས་དེའི་ཕལ་སྐད་དང་མཐུན་ཆེ་ཞིང་སློབ་བདེ་བ། ཁྱབ་ཆེ་བ། བརྗོད་བྱའི་དོན་ཏན་ཏིག་ཏུ་སྟོན་པའི་ནུས་པ་མངའ་ལ། མིང་ཚིག་གི་འདང་ཚད་ཆེ་བ་སོགས་སྔོན་ཐོན་སྐད་ཡིག་གི་ཁྱད་ཆོས་དུ་མ་ལྡན་ཡོད་ཨཱ། ད་ལྟ་ང་ནི་མི་རིགས་ང་དྲུག་གི་ཁྱིམ་ཚང་ཆེན་མོར་བཞད་པའི་མཚར་སྡུག་གི་མེ་ཏོག་སྣ་གཅིག་དང་རླབས་ཆེན་ཀྲུང་ཧྭ་ཡི་རིག་གནས་བང་མཛོད་ནང་འོད་ཟེར་ལམ་ལམ་དུ་འཚེར་བའི་ནོར་བུ་ཞིག་ཡིན། དེར་བརྟེན། ང་ལ་སྤོབས་པ་ཡོད། བདེན་སྟོབས་ཡོད། ལྷག་བསམ་ཡོད། ཤེས་རབ་ཡོད། བྱམས་བརྩེ་ཡོད། ང་ནི་མེས་རྒྱལ་གྱི་གཟི་བརྗིད་ཡིན། མི་རིགས་ཀྱི་སྤོབས་པ་ཡིན། ཇི་སྲིད་ང་མ་འཇིག་བར་དུ་དེ་སྲིད་མི་རིགས་ཀྱི་རིག་གཞུང་གནས་ཤིང་མེས་རྒྱལ་གྱི་རིག་གནས་ལ་གསོན་ཤུགས་རྒྱས་ཡོད། སུས་ང་ལ་བདག་སྐྱོང་བྱས་ན། ངས་དེར་བརྩི་འཇོག་དང་གུས་ཞབས་བྱས་ཏེ་ཞབས་ཕྱི་རྣམ་དག་བསྒྲུབ་བཞིན་མཁས་པ་དང་རྩོམ་པ་པོ། སྙན་ངག་པ་སོགས་ཀྱི་ཆོ་ལོ་བསྩལ་ཡོང་། སུས་ང་ལ་མཐོང་ཆུང་དང་བརྙས་བཅོས་བྱས་ན། ངས་ཀྱང་དེ་ལ་སྣང་ཆུང་དང་ལྷོད་གཡེང་གཏོང་སྟེ་གླེན་པ་དང་ཡིག་རྨོངས་བའི་གྲལ་དུ་གཡུགས་འཇོག ང་ལ་བཅོས་སུ་མེད་པའི་རང་ཚུགས་དང་དྲང་ཞིང་སྲོང་བའི་གཤིས་ཀ་ཞིག་ཡོད། ང་ལ་ངང་རྒྱུད་རིང་ལ་ཕྱོགས་རིས་བྲལ་བའི་མི་གཞི་ཡོད། ང་ནི་ཕ་མེས་པོ་ཚང་གི་རུས་ལས་ཆད་དེ་བུ་ཚ་བོ་རྣམས་ཀྱི་ཁྲག་ལ་འཐིམ་བཞིན་ཡོད། ཇི་སྲིད་ང་ལ་བདག་གཅེས་དང་རྒྱུད་འཛིན། བརྩི་འཇོག་དང་དར་སྤེལ་གཏོང་ན། ངས་དེ་སྲིད་བར་དུ་མཛེས་སྡུག་ལྡན་པའི་མི་རིགས་ང་དྲུག་གི་ཤེས་རིག་ལྡུམ་རར་མཛེས་པའི་རྒྱན་སྤྲོས་ཐུབ་ལ། སྒེག་པའི་ཉམས་འདོན་ཐུབ་པ་མ་ཟད། ངོ་མཚར་བའི་གླུ་དབྱངས་ལེན་བཞིན་འཛམ་གླིང་ཤེས་རིག་གི་གར་སྟེགས་ཁྲོད་ནས་འགྱིང་ཆོག།
༢༠༢༡/༣/༢༣ཉིན་ཀྲེ་ཅང་ཧཱང་ཀྲུའུ་རུ་བྲིས།
རྩོམ་འདི་ནི་༢༠༢༡ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེབ་དྲུག་པར་བཀོད།
འབྲེལ་ཡོད་འོས་སྦྱོར།
-
ད་ནི་ཇི་ཙམ་གླེང་རུང་སེམས་ཁྲལ་དང་གནོང་འགྱོད་ཁོ་ནའི་...