logo

གཟི་མིག་དགུ་པའི་ལྷུག་རྩོམ།

རྩོམ་པ་པོ།:གཟི་མིག་དགུ་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-20 ཀློག་གྲངས།:
གལ་སྲིད་ངའི་ཨ་མ་ཡིག་རྨོངས་པ་ཞིག་མིན་ན།
གཟི་མིག་དགུ་པ།

གཅིག
       སྤྱི་ཚོགས་རྙིང་པ། བོད་མི་རྣམས་ཀྱི་ངག་རྒྱུན་ནས་རྟག་ཏུ་གླེང་བཞིན་པའི་སྤྱི་ཚོགས་རྙིང་པ་དེ་ནི། ཀྲུང་གོ་གསར་པ་དབུ་མ་བརྙེས་པའི་གོང་ངམ། བོད་ལ་ཞི་བས་བཅིངས་འགྲོལ་མ་བཏང་བའི་ཡར་སྔོན་དེར་གོ་དགོས་པ་རེད། རིག་གནས་གསར་བརྗེ། ང་ཚོའི་ངག་རྒྱུན་དུ་གླེང་བའི་རིག་གནས་གསར་བརྗེ་ནི་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་རང་རྒྱལ་དུ་བྱུང་བའི་གཡོན་ལྷུང་གི་ཆབ་སྲིད་ལས་འགུལ་འཇིགས་ཡེལ་བ་ཞིག་རེད། ངའི་ཨ་མ་ནི་དུས་སྐབས་དེ་འདྲ་གཉིས་ནས་བརྒྱུད་ཡོང་བའི་རྒན་རབས་ཤིག་རེད། སྐབས་དེར་ངའི་རྨོ་བོ་ལགས་ལ་ཕ་མི་གཅིག་པའི་མིང་སྲིང་གསུམ་བྱུང་བའི་ནང་གི་བུ་མོ་གཅིག་པུ་དེ་བདག་གི་ཨ་མ་རེད། ཆུང་དུས་ཕ་མ་ལྷན་འཛོམས་ཡོད་པའི་ཁྱིམ་ཚང་ཞིག་གི་དྲོ་སྐྱིད་རོལ་མ་ཐུབ་པ་ནི་ངའི་ཨ་མ་གཅིག་པུའི་ལས་དབང་ཙམ་མིན་པར། སྤྱི་ཚོགས་དེར་དེ་འདྲ་མང་པོ་ཡོད་པ་ནི་འདས་པའི་ལོ་རྒྱུས་ལ་བསྐྱར་ལོག་བྱས་ན་ཤེས་སླ་བས་ཡིག་ཚོགས་སྤུངས་བར་མི་སྤྲོ། གང་ལྟར་ངའི་ཨ་མ་འཇིག་རྟེན་དཀར་ངོག་འདིར་ཡོང་དུས་སྤྱི་ཚོགས་རྙིང་པ་ཞིག་རེད་ལ། སྤྱི་ཚོགས་ཀྱི་ལམ་ལུགས་དང་འཚོ་བའི་གོམས་གཤིས། ཐོན་སྐྱེད་ནུས་ཤུགས་ཡོད་ཚད་རྗེས་ལུས་རེད། ཕྱིས་སུ་ཨ་མའི་ངག་ནས་རྟག་ཏུ་ཕྱུགས་རྫིར་སོང་ཚུལ་གླེང་བ་འདི་ལས་སྐབས་དེའི་བུད་མེད་ཕལ་ཆེ་བའི་ལས་དབང་ནི་ཕྱུགས་རྫི་ཁོ་ན་ནས་འགོ་བརྩམས་དགོས་ཤིང་། ཕྱུགས་རྫི་ཁོ་ན་ནས་མཇུག་སྒྲིལ་དགོས་པ་ཤུགས་ཀྱིས་རྟོགས་ཡོང་། སྐབས་དེའི་བུད་མེད་ཅིག་ལ་མཚོན་ན་ཡི་གེ་བསླབ་པ་དང་ཚོང་ལས་བྱེད་པའི་ཁོར་ཡུག་ནི་ཉིན་མོའི་རྨི་ལམ་དང་ནམ་མཁའི་མེ་ཏོག་གི་གཏམ་རྒྱུད་ཀློག་རྒྱུ་ལས་མ་འདས་པས། ངའི་ཨ་མ་ཡང་གཏམ་རྒྱུད་དེའི་ཀློང་དུ་ལྷག་པའི་བུད་མེད་ཅིག་རེད། ཕྱིས་སུ་སྤྱི་ཚོགས་ལ་འགྱུར་བ་ཕྱིན་རུང་ཨ་མར་ཡི་གེ་སྦྱོང་བའི་གོ་སྐབས་ཐོབ་མི་འདུག དེར་བརྟེན། ཨ་མས་དུས་ད་ལྟ་ཡང་ཀ་ཁལ་ཙམ་ཞིག་དང་ཁ་བོང་བུ་ཙམ་ཞིག་མིག་མདུན་ནས་ཕར་འགྲོ་ཚུར་ཡོང་བྱས་ཀྱང་ངུ་མ་དགོད་ཀྱི་རྣམ་འགྱུར་བསྟན་ནས་འདུག་པ་ལས། གྲེ་བ་གསང་བའི་སྒྲ་གདངས་ཤིག་ཕྱི་རུ་ཕྱུང་མི་ཐུབ་པ་མཐོང་དུས། ཡི་གེ་མི་ཤེས་པའི་བདག་གི་ཨ་མ་ནི་འཇིག་རྟེན་འདིའི་ལྐུགས་མ་གཉིས་པ་ཞིག་གྱུར་འདུག་སྙམ་སྟེ་སྐྱོ་གདུང་བྱས་པ་བརྗོད་དུ་མེད།
གཉིས།   
       ཨ་མ་ལགས། ཁྱེད་ཀྱི་མི་ཚེའི་ནང་སྤྲོ་སྣང་གི་ཡང་རྩེར་འཕྱོ་མྱོང་བའི་བྱིས་དུས་ཀྱི་འཇིག་རྟེན་དེར། ཕ་ཡུལ་འདིའི་རི་ལུང་ཐང་གསུམ་གྱི་མཛེས་སྡུག་པང་དུ་བཏབ་པའི་ལོ་རྒྱུས་གྲངས་ལས་འདས་ཤིང་། རྟ་ནོར་ལུག་གསུམ་ལ་འཚོ་སྐྱོང་བྱས་པའི་གཏམ་རྒྱུད་རྫོགས་པ་མེད་ཀྱང་། འཇིག་རྟེན་མཐུན་འཇུག་གི་སྔ་ཕྱིའི་གོ་རིམ་ནང་དུ་དབྱངས་གསལ་སོ་བཞི་དང་འགྲོགས་པའི་བསྐལ་བ་ཙམ་ཡང་མ་ཐོབ་པ་ནི་ཅི་འདྲའི་ཕངས་སེམས་དང་འཁང་ར་སྐྱེ་དགོས་པ་རེད་ཨང་། བྱིས་དུས་ཕ་མ་ལྷན་འཛོམས་ཀྱི་ཁྱིམ་ཚང་ཚ་སོབ་སོབ་ཅིག་ཐོབ་མ་མྱོང་ཞིང་། གཞོན་དུས་དབྱངས་གསལ་ངག་ནས་གྱེར་སའི་སྐྱིད་ལྷང་ལྷང་གི་ཁོར་ཡུག་ཅིག་འགྲིམ་མ་མྱོང་བར། ལས་དབང་གི་ཁ་ཡིག་གནས་ཡུལ་ཁོ་ནར་བཏབ་པའི་ཡུམ་ཆེན་གྱི་མི་ཚེའི་ལམ་བུ། ཕྱུགས་རྫི་སོང་བ་ནས་འགོ་བརྩམས་ཤིང་ཁྱིམ་ལས་ཙག་ཙིག་ནས་མཇུག་སྒྲིལ་འགྲོ་བ་ལས་མ་འདས། འདི་ལྟར། ལོ་ཟླའི་རྒས་གཉེར་གྱི་བང་རིམ་རེ་རེས་བགྲང་བྱའི་ཐེམ་སྐས་འཛེགས་ཏེ་སྐྱིད་སྡུག་བསླས་ཡོང་བའི་བདག་གི་ཨ་མ་ལགས་ཀྱི་ཞལ་རས་མཐོང་དུས། ངས་ཨ་མས་ཡི་གེ་ཞིག་ཤེས་ན་ཅི་མ་རུང་སྙམ་པའི་ཕངས་སེམས་སྐྱེས་ཀྱང་ད་ལྟ་ཡོད་ཚད་འཕྱི་ཚར་བ་རེད། ཕལ་ཆེར་བགྲང་བྱ་ཉི་ཤུ་ལྷག་གི་སྔོན་ནས་ངའི་ཨ་མའི་རྣ་དབང་དེ་ཡང་རིམ་བཞིན་ཉམས་འགོ་ཚུགས་པ་འདྲ། རྒྱུན་ལྡན་མི་རྣམས་ཀྱི་སྐད་ཆ་ཕལ་ཆེར་རྣ་བའི་ཟུར་ནས་མག་མོག་ཏུ་གྱུར་ཏེ་རྒྱང་རིང་རྒྱང་རིང་ལ་ཡལ་འགྲོ་དུས། ད་གཟོད་རང་ལུས་ཀྱི་དབང་ཤེས་གང་ཞིག་ཉམས་ཡོད་པ་རྟོགས་རུང་། ནམ་ཞིག་རང་བཞིན་གྱིས་དྲག་སྐྱེད་ཡོང་བའི་རེ་བ་ཕྲན་བུ་ཙམ་དེས་གསན་ཚུགས་དང་སྡུག་རུས་ཁོ་ནས་སུ་ལ་ཡང་སུན་འབྱིན་མི་འདོད་པར་མིག་ཆུ་རུམ་གང་བཅུགས་ཤིང་ལོ་ཟླ་ཞག་གིས་སྐྱེལ་སོང་བ་ནི་ངའི་ཨ་མ་དང་ལས་དབང་མཉམ་པའི་ཞིང་ཁུལ་གྱི་བུད་མེད་མང་པོའི་གནས་བབས་ཡིན་པ་མ་ཟད། ཨ་མའི་རྣ་བ་ཡང་ང་ཚོའི་མིག་མདུན་ནས་བལྟས་བལྟས་རིག་རིག་ཏུ་འོན་སོང་བ་མ་རེད་དམ། རྗེས་སུ་རྣ་དབང་རིམ་བཞིན་ཉམས་ཏེ་ཕན་ཚུན་མིག་བརྡ་དང་ལག་བརྡར་བརྟེན་དགོས་པའི་དུས་སུ་གྱུར་དུས། ད་གཟོད་སྨན་བཅོས་ཀྱི་དུས་ཚོད་ཡོངས་སུ་ཡོལ་ཟིན་ཞིང་དབང་རྩའི་གཏིང་ནས་ཉམས་འདུག་པས་འགྱོད་གདུང་གི་མིག་ཟུང་གཉེར་མས་ཁེབས་པའི་ཨ་མའི་གདོང་ལ་བལྟས་ཏེ་མཆི་མ་བཞུར་རྒྱུ་ལས་ཐབས་གཞན་ཟད། དེ་ལྟར་ངའི་ཨ་མའི་རྣ་དབང་ཡོངས་སུ་འོན་པར་ཆགས་པ་རེད། འདི་ནས་ཕྱིར་དྲན་ཞིག་བྱས་ན། ཞིང་འབྲོག་ཁུལ་གྱི་བུད་མེད་མང་པོ་ཞིག་དུས་ཐོག་ཏུ་སྨན་བཅོས་ལ་ལྷོད་གཡེང་ཤོར་ནས་ཕྱིས་སུ་བཅོས་ཐབས་མེད་པའི་ནད་གཞིར་གྱུར་སོང་བ་དང་། ཆེ་ས་ནས་ཚེ་སྲོག་ཀྱང་འདི་ལྟར་ཤོར་སོང་བ་སོགས་དྲན་ཡོང་དུས། སྙིང་རྗེའི་མིག་ཟུང་ཟུམ་སྟེ་མ་ཏྲི་རེ་གཉིས་ཀྱིས་སྐྱེལ་མ་བྱེད་རྒྱུ་ལས་མ་འདས།
གསུམ། 
       ལོ་ངོ་འདི་དག་རིང་ཁོ་བོ་ཕ་ཡུལ་དུ་ལོག་རྒྱུའི་དུས་ཁོམ་ཧ་ཅང་དབེན་ལ།ཨ་མའི་ལག་ཟས་ལ་རོལ་བའི་གོ་སྐབས་དེ་བས་ཉུང་།ཨ་མའི་རྣ་དབང་ཡོངས་སུ་ཉམས་ནས་བགྲང་བྱ་བཅུ་ཕྲག་ཡོལ་ཟིན་པས་ཁ་པར་གྱི་ལམ་ནས་ཨ་མར་ཁ་བརྡ་བྱེད་རྒྱུའི་སྐལ་བ་ནི་སྔ་མོ་ནས་ཡོལ་བའི་གཏམ་རྒྱུད་ཙམ་མོ། །ད་ལྟ་རང་ཉིད་ཆུང་དུས་ཨ་མར་འབྲི་མོའི་བེའུ་སྐེ་གློད་རོགས་དང་མ་མོའི་ལུག་སྐེ་འཐེན་རོགས་སོགས་བྱེད་ལ། ཨ་མས་འོ་མ་དཀྲུགས་ནས་མར་ལེན་པ་དང་ཞོ་བསྙལ་བ། ཟོ་ཤེ་འཇོག་པ། སྐྱུར་ཁུ་བསྐོལ་བ། ཐག་འཐག་པ། བལ་སྐུད་འཁེལ་བ། རྩིད་པ་ཡོག་སྟེ་རེ་བ་འཐག་པ་སོགས་འབྲོག་ལས་ཅི་རིགས་བྱེད་ཚུལ་གྱི་མི་ཚེའི་དཀར་ཆག་དེའི་ཤོག་ལྷེ་བསྐྱར་དུ་བསྒྱུར་ན། ཁོ་བོ་ནམ་ཡང་བྱིས་དུས་སུ་ལོག་པར་འདོད་ཅིང་ཨ་མ་དང་ལྷན་དུ་ལྷས་གཞིས་དེའི་ཕྱི་ནང་སྐྱོང་ཞིང་ཨ་མའི་ལག་ཟས་བཟའ་བར་འདོད་མོད། འོན་ཀྱང་། འདི་ནི་བྱིས་དུས་ལ་དྲན་འཆར་བྱེད་པ་ཙམ་ལས་དོན་དངོས་དང་ཡོངས་སུ་འགལ་བའི་འཆར་ཡན་གྱི་རྟོག་བརྗོད་འབྲི་བའི་ལེའུ་ཙམ་མོ། །ཆུང་དུས་ཨ་མས་རྟག་ཏུ་མི་ཚེའི་ནང་གནས་མཆོག་ཀོང་པོ་བོན་རིར་ལན་གཅིག་འཁོར་ན་མི་རྟ་བཅོ་བརྒྱད་བསད་པའི་སྡིག་སྒྲིབ་ཡིན་རུང་སྦྱོང་ཐུབ་ཅེས་ཡང་ཡང་གླེང་ཞིང་། རང་ཉིད་འཁོར་བའི་རྒྱ་མཚོར་ལྷུང་ནས་སྡིག་ཉེས་མང་པོ་ཞིག་བསགས་ཡོད་པ་དང་ཁྱད་པར་དུ་ཆུང་ནས་བྱམས་ཀྱིས་སྐྱོང་བའི་ཨ་མ་འདས་མ་དང་མིང་པོ་དྲིན་ཆེན། ཚེ་མ་ཐོབ་པའི་རང་གི་བུ་སྤྲེལ་ལོ་ཅན་སོགས་ཀྱི་ལམ་སེལ་དང་དགེ་སྐལ་དུ་གནས་ཆེན་ཀོང་པོ་བོན་རི་བསྐོར་ནས་སྒྲིབ་པ་སྦྱོང་འདོད་ཀྱི་འདུན་པ་རྩེ་གཅིག་ཡོད་རུང་། ཁྱིམ་ཐབ་འདིའི་ཕྱི་ནང་གི་མཐུན་རྐྱེན་མ་འཛོམས་པས་ཡུན་རིང་ལུས་མཐར། ཡེ་ལོ་ཉིས་སྟོང་གཅིག་ལོར་ཨ་མར་གཞི་ནས་གནས་ཆེན་ཀོང་པོ་བོན་རི་མཇལ་སྐལ་ཐོབ་པ་རེད། དེ་ནི་ཨ་མའི་མི་ཚེའི་ལོ་རྒྱུས་ནང་རི་གྲོང་དེ་བརྒལ་ནས་ནག་ཆུ་དང་ལྷ་ས། ཀོང་པོ་བྲག་གཡབ་གྲོང་ཁྱེར་སོགས་བརྒྱུད་པའི་རྒྱང་རྒྱུ་ཐེངས་དང་པོ་དེ་རེད་ལ། དེ་དུས་རྟག་རྟག་ལོ་ཉི་ཤུའི་གོང་སྟེ། ཨ་མ་ལགས་ཀྱི་རྣ་དབང་ཉམས་འགོ་ཚུགས་པའི་དུས་ཤིག་ཡིན་འདུག གནས་འཇལ་བའི་ལམ་གྲོགས་ཚོའི་ངག་ནས་གནས་རིའི་ལོ་རྒྱུས་ལ་རྣ་བ་གཏོད་དེ་ཇི་ཙམ་ཉན་སྐལ་ཐོབ་མིན་མ་ངེས་ཀྱང་། དད་སེམས་ཀྱི་མཆོད་མེ་སྤར་བའི་སྙིང་རུས་དེས་གནས་ཆེན་དེར་བསྐོར་བ་བཅུ་དང་དབུས་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་སོགས་མཇལ་ནས་ཚེ་གཅིག་གི་སྡིག་སྒྲིབ་སྦྱངས་བའི་སྐལ་བཟང་ཐོབ་པ་ནི་བདག་གི་ཨ་མར་མཚོན་ན་མི་ཚེ་འདིའི་ཕུགས་འདུན་གཅིག་པུ་དེ་འགྲུབ་པ་རེད། དེའི་ཕྱིས་སུ་གཅུང་པོ་ལགས་ཀྱིས་ཨ་མ་ཁྲིད་དེ་གཙང་སྨན་རི་དང་རུ་ལག་གཡུང་དྲུང་གླིང་གཙོས་བོན་གྱི་གདན་ས་གོང་འོག་བར་གསུམ་ལ་འཇལ་ཞིང་ཁྱད་པར་དུ་རྒྱལ་བ་མཉམ་མེད་པའི་གསེར་གདུང་ཡང་མཇལ་སྐལ་ཐོབ་པ་རེད། ཡིད་ཕངས་པ་ཞིག་ལ།སྐབས་དེར་ཨ་མའི་རྣ་བ་ཡོངས་སུ་འོན་ཟིན་པའི་ཁར་ཡི་གེ་ཙམ་ཡང་མི་ཤེས་པས་གདན་ས་དེ་དག་མིག་གིས་མཇལ་བ་ཙམ་ལས། ལོ་རྒྱུས་ཀྱི་འགྲེལ་བརྗོད་གོ་བའི་སྐལ་བ་ཆད་ཟིན་པས། ཨ་མར་མཚོན་ན་ཅི་འདྲའི་གནོང་འགྱོད་སྐྱེ་འོས་པ་ཞིག་རེད་ཨང་།
བཞི།   
       ད་ལྟ་ཨ་མའི་རྣ་བ་ཡོངས་སུ་འོན་ཟིན་པས། རྣམ་ཀུན་ནང་མི་ཕན་ཚུན་ལ་མིག་བརྡ་དང་ལག་བརྡ་ཁོ་ནས་གོ་བརྡ་སྤྲོད་དགོས་པའི་གནས་སུ་གྱར་བ་ནི། ཨ་མར་མཚོན་ན་ཅི་འདྲའི་བཟོད་ཐབས་བྲལ་ལ་སེམས་སྡུག་དང་བློ་ཕམ་གྱི་ཀློང་ནས་མཆི་མ་རུམ་དུ་སྦས་ཏེ་སྡོད་རྒྱུ་ལས་མ་འདས། འཇིག་རྟེན་གྱི་མི་ཞིག་ཡིན་པ་ནས་བཟུང་། འཚོ་བའི་ཁྲོད་དུ་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་སྣ་ཚོགས་ཐོས་འདོད་ཀྱི་བློ་ཡོད་པ་བཞིན། བདག་གི་ཨ་མ་ཡང་དེ་ལྟར་རོ། །འོན་ཀྱང་། ཨ་མ་ལགས་ཀྱི་རྣ་བ་སྔར་ནས་འོན་ཞིང་། ཐ་ན་བོད་ཡིག་ཀྱང་གཏན་ནས་མི་ཤེས་པས་མི་ཡུལ་གྱི་ཡིད་དུ་འོང་བའི་གཏམ་རྒྱུད་དང་དགོད་ཅིང་མཚར་བའི་སྒྲུང་གཏམ། བླང་དོར་ལ་ཕྱིན་ཅི་མ་ལོག་པར་གདམས་པའི་ལེགས་བཤད། རང་བྱུང་ཁམས་ཆེན་མོའི་སྙན་འཇེབས་ཀྱི་གླུ་སྐད་ཡོད་ཚད་རྣ་དབང་གི་སྤྱོད་ཡུལ་ནས་ཡལ་ཏེ་རྒྱང་རིང་དུ་ཆས་པའི་ལོ་ཟླ་སྐྱ་བོ་དེར། ཁྱེད་ཀྱི་རྣ་བ་ནི་མགོ་བོའི་ཤ་ལྷག་ཏུ་གྱུར་ཟིན་ལ། དེ་ལས་ཀྱང་ཕངས་སེམས་སྐྱེ་འོས་པ་ནི་ཁྱེད་ཀྱིས་ཡི་གེ་མི་ཤེས་པ་དེའོ། །གལ་སྲིད་ཁྱེད་ཀྱིས་ཡི་གེ་འབྲི་ཀློག་ཤེས་ན། ཁྱེད་ལ་འཇིག་རྟེན་གྱི་གནས་ལུགས་རྟོགས་པའི་ལམ་བུ་གཞན་ཞིག་ཡོད་པ་ཅི་ལ་མིན་ཏེ། ཁྱེད་ཀྱིས་ཡི་གེའི་ལམ་ནས་ངོ་མཚར་བརྗོད་དུ་མེད་པའི་བསྐལ་པ་ཡ་ཐོག་གི་ལྷ་སྒྲུང་དང་གནའ་བོའི་གཏམ་རྒྱུད་མཇལ་ཐུབ་ཅིང་། མཚར་སྡུག་འོད་སྟོང་འབར་བའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཀློག་ཐུབ་ལ། འཛམ་གླིང་ལོ་རྒྱུས་ཀྱི་སྙན་རྩོམ་རིང་ཤོས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡང་མཇལ་ཐུབ་པ་མ་ཟད། ལེགས་བཤད་དང་འབེལ་གཏམ། རྣམ་ཐར་དང་རྟོགས་བརྗོད། བརྩམས་སྒྲུང་དང་དམངས་གཞས། སྙན་ངག་སོགས་སྣ་མང་ཕུན་སུམ་ཚོགས་ཤིང་ཡིད་དབང་རབ་ཏུ་བསྒུལ་བའི་གཏམ་རྒྱུད་དག་ལ་མྱོང་རོལ་བྱེད་ཐུབ། མ་ཟད་སྐབས་རེ་ཀ་མད་སུམ་ཅུའི་ལང་ཚོས་བཞེངས་པའི་མཛེས་སྡུག་གི་གཟུགས་རིས་ཡིད་དུ་འོང་བ་རེ་ཡང་བདག་ཅག་གི་མིག་ལམ་དུ་བཤམས་སྲིད་ཨང་། དེ་དུས་ཁོ་བོ་ཡང་ཨ་མ་ཁྱེད་དང་ལྷན་དུ་མཚར་ཉམས་དང་དགོད་སྒྲས་ཁེངས་པའི་བྱིས་དུས་ཀྱི་དཀར་ཆག་རེ་རེར་སྙན་ངག་གི་གཏམ་རྒྱུད་སྣ་ཚོགས་ཀྱི་ལེའུ་འབྲི་རྒྱུར་ངལ་བ་བྲལ་ཏེ་ལང་ཚོར་གླུ་སྐད་ཐོགས་པའི་གཞོན་དུས་ཀྱི་དབུ་ཁྱུད་རེ་རེར་མཛེས་སྡུག་གི་ཐ་སྙད་སྣ་ཚོགས་བཏགས་ཤིང་འཇིག་རྟེན་ལས་འདས་པའི་སྙན་དབྱངས་ཤིག་ཁྱེད་ཀྱི་མིག་ལམ་དུ་དཀྲོལ་བར་འདོད། དེས་མ་ཚད་འདས་ཟིན་པའི་ཁྱེད་ཀྱི་མི་ཚེའི་སྐྱིད་སྡུག་མཐའ་དག་ལ་སྙན་ངག་གི་མཆོད་པ་ཕུལ་ཏེ་ཁྱེད་ཀྱི་མདུན་ནས་གྱེར་འདོན་ཐེངས་གཅིག་བྱ་འདོད་མོད། འོན་ཏེ། ཁྱེད་ནི་རྣ་བ་འོན་ཞིང་ཡི་གེར་རྨོངས་པས་འདི་དག་ཡོད་ཚད་ཤོག་ངོས་སུ་བསྟར་བའི་རི་མོ་འགའ་ཞིག་ལ་བལྟས་ནས་མཆུ་ཏོ་མགུལ་བ་ཙམ་ལས་ཁྱེད་ཀྱི་ཡིད་སེམས་གཡོ་བའི་བརྡ་ཞིག་འཕྲོ་ཐབས་གཏན་ནས་བྲལ་བ་རེད།
ལྔ།
       དུས་རབས་གོང་མའི་བོད་མི་ཚོའི་རིན་ཐང་ལྟ་བ་བཞིན་ཨ་མ་ཁྱེད་ཀྱང་ཚེ་མཇུག་གི་དུས་ཚོད་ཡོད་ཚད་ཁ་འདོན་དགེ་སྦྱོར་གྱི་ལམ་དུ་ཞུགས་རྒྱུའི་ཆོད་སེམས་བརྟན་པོས་རྟག་ཏུ་ལག་འཁོར་དང་ཕྲེང་བ་ཐོགས་ཤིང་མ་ཏྲི་ཨ་དཀར་སོགས་སྙིང་པོ་རྣམ་གསུམ་དང་མཉམ་མེད་བླ་མའི་གསོལ་འདེབས། ཚེ་སྒྲུབ་བསྙེན་པ། བྱམས་མའི་སྔགས་བསྟོད་བཅས་ངག་ནས་བཟློ་བཞིན་ཡོད་ཀྱང་། ཡིད་ཕངས་པ་ཞིག་ལ། དུས་ད་ལྟའི་བར་དེ་དག་སྒྲ་དག་གདངས་གསལ་ངང་འདོན་མི་ཐུབ་པ་ནི་ཡི་གེ་སྦྱོང་བའི་གོ་སྐབས་མ་ཐོབ་པ་ཁོ་ནས་ལེན་པ་རེད་ཨང་། ད་ལྟ་ཁྱེད་ཉིད་འདི་ལྟར་བགྲང་བྱ་བདུན་ཅུའི་ཁུར་གྱིས་ལྕི་བའི་ཁར་རྣ་དབང་ཡོངས་སུ་འོན་ཟིན་པས། དབྱངས་གསལ་སོ་བཞིའི་གདངས་དབྱངས་སྙན་པོ་འདི་ཇི་ལྟར་བྱས་ཏེ་ཁྱེད་ཀྱི་ཉན་བྱེད་དབང་པོའི་ཡུལ་དུ་འདྲེན་དགོས་པ་ནི་བདག་བློའི་སེམས་ཁྲལ་གྱི་གཏིང་ན་ལུས་པའི་ན་ཟུག་བཅོས་ཐམས་མེད་པ་ཞིག་ཏུ་གྱུར་ཡོད་ཀྱང་ཐབས་གཞན་མ་མཆིས། ཨ་མ་ལགས། གལ་སྲིད་ཁྱེད་ཀྱི་རྣ་བ་གཏིང་ནས་འོན་མེད་ན། གལ་སྲིད་ཁྱེད་ཀྱིས་ཡི་གེ་ཀློག་ཤེས་ཀྱི་ཡོད་ན། གལ་སྲིད་ཁྱེད་ཉིད་དགུང་ལོ་བདུན་ཅུ་ལྷག་ཕེབས་མེད་ན་་་་་། འོན་ཏེ། ད་ལྟ་ཡོད་ཚད་རྟག་པ་མཐའ་བཟུང་གི་སྒྲ་ཙམ་གྱི་གནས་སུ་གྱར་ཟིན་པས། ཇི་ཙམ་གླེང་ཡང་དེ་ཙམ་གྱིས་གནོང་འགྱོད་དང་བློ་ཕམ་སྐྱེ་རྒྱུ་ལས་མ་འདས། ལོ་ངོ་གང་མང་རིང་ངས་ཨ་མ་ཁྱེད་དང་འབྲེལ་བའི་སྙན་ངག་དང་ལྷུག་རྩོམ་མི་ཉུང་བ་ཞིག་བྲིས་ཤིང་ལྗོངས་ཕྱི་ནང་གི་དུས་དེབ་དང་དྲྭ་ཚུགས་སུ་སྤེལ་ལ། ད་དུང་འབྲི་མུས་སུ་མཆིས་ཡོད། འོན་ཏེ། ཨ་མ་ཁྱེད་ཀྱིས་ཡི་གེ་མི་ཤེས་པའི་ཁར་རྣ་བ་ཡང་ཡོངས་སུ་འོན་ཟིན་པས་བརྡ་སྤྲོད་ཀྱི་ཐབས་ལམ་གང་འདྲ་ཞིག་བརྒྱུད་དེ་འདི་དག་ཁྱེད་ལ་གོ་བར་བྱ་དགོས་པ་རེད། ཨ་མ་ལགས། གལ་སྲིད་ང་ལ་རྫུ་འཕྲུལ་ཞིག་ཡོད་ན། སྐད་ཅིག་ཙམ་ལ་ཁྱེད་ཉིད་ཡིག་རྨོངས་ལས་གྲོལ་བའི་མན་ངག་བཏོན་ཏེ་ཁོ་བོས་བྲིས་པའི་སྙན་ངག་དག་ཁྱེད་ཀྱིས་ཐེངས་གཅིག་ཀློག་ཏུ་འཇུག་པར་འདོད་ལ། གལ་སྲིད་ཁྱེད་ཀྱི་རྣ་བ་འོན་པ་དང་ཡི་གེ་མི་ཤེས་པ་འདི་དག་ཡོད་ཚད་དོན་དུ་རྨི་ལམ་ཙམ་ཞིག་ལས་དོན་དངོས་མིན་ན། ད་གཟོད་ཁྱེད་ཉིད་གཉིད་ལས་སད་མ་ཐག་ཏུ་ངས་ཁྱེད་ཀྱི་སྔས་འགྲམ་ནས་ལྷུག་རྩོམ་འདི་དལ་ལྷོད་རན་པའི་གྱེར་ཀློག་ཐེངས་གཅིག་བྱེད་པར་འདོད་མོད། དོན་དུ་འདི་དག་ནི་སྟོང་བསམ་དང་འཆར་ཡན་བྱེད་པ་ཙམ་ལས་དོན་དངོས་ལ་རྒྱང་ཐག་བཅད་ཟིན་པ་ཡང་ཅིས་ཕྱིར་མི་རྟོགས། ད་ནི་ཇི་ཙམ་གླེང་རུང་སེམས་ཁྲལ་དང་གནོང་འགྱོད་ཁོ་ནའི་ཀློང་དུ་དབུགས་རིང་ནར་ནར་འཕེན་བཞིན་སྡོད་རྒྱུ་ལས་ཐབས་གཞན་མ་མཆིས་པས། རྣམ་ཤེས་ཟེར་བ་གྲངས་མེད་བསྐལ་པ་ཡི་དབུས་ནས་འཆི་བ་མེད་པའི་དྲན་རིག་གཅིག་པུ་དེ་ཡིན་པ་བདེན་དུ་བཅུགས་ན། བདག་གི་ཨ་མའི་ཚེ་རབས་གཞན་ཞིག་ནས་དལ་འབྱོར་ལུས་རྟེན་གྱི་ཕུང་པོ་གྲུབ་ནས་བཟུང་ཡོན་ཏན་ཀུན་གྱི་གཞི་མར་གྱུར་པའི་ནོར་བུ་རིན་པོ་ཆེ་འདིར་འཕྲད་ཅིང་སྤྱོད་པའི་བསྐལ་བཟང་ཐོབ་རྒྱུར་སྨོན་ལམ་འདེབས་པ་དེའོ། །
༢༠༢༡ལོའི་ཟླ་བ༨པར།
འབྲེལ་ཡོད་འོས་སྦྱོར།