སེང་གཤོང་སྙིང་བྱམས་རྒྱལ་གྱི་ལྷུག་རྩོམ།
རྩོམ་པ་པོ།:སེང་གཤོང་སྙིང་བྱམས་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-17
ཀློག་གྲངས།:
རྩྭ་ཐང་གི་སྨེང་གཏམ།
སེང་གཤོང་སྙིང་བྱམས་རྒྱལ།(རྨ་ལྷོ།)
ལེགས་ཉེས་གང་ལྟར་ཀྱང་ཁྱོད་ལམ་ལ་ཆས་ཟིན། ཕྱི་རོལ་རྒྱལ་ཁམས་ནས་མཐོང་རྒྱ་ཤེས་རྒྱ་ཞིག་བསྐྱེད་ནའང་བཟང་ལས་སྐྱོན་མི་འདུག ཡིན་ནའང་། ནམ་ཞིག་གྲོང་ཁྱེར་ནས་ལྟོ་རྒྱབ་གཉིས་ཀྱི་དཀའ་ཚེགས་ལ་འཕྲད་ཚེ། ལ་མོར་ཕ་ས་མ་མོའི་བྲང་མགོ་འདྲ་བ་འདིར་ཕྱིར་ཕེབས་དང་། བདག་གིས་རུམ་ཁོང་དྲོན་མོ་ཕྱེ་སྟེ་ཁྱོད་ལ་གཞར་ཡང་སྒུག་ངེས་ཡིན།
དབྱར་གཞུང་གི་ཞོགས་པ་དེར། ནུབ་ཕྱོགས་ཀྱི་གནམ་ས་འབྲེལ་བའི་ཕ་མཐའ་ནས། སྟག་ཤར་སྟག་ཕྲུག་འདྲ་བ་ཞིག་གིས་མགོ་འཕང་དགུང་དང་མཉམ་པའི་ཅང་ཤེས་གཡུ་འབྲུག་འདྲ་བ་ཞིག་ལ་བཅིབས་ཏེ། འབྲོང་རྒོད་ཀྱི་ཁ་ལོ་བཏུལ་མ་ཐག་པའི་ནོར་ནག་བརྒྱ་ཕྲག་དང་། གནའ་དང་དགོ་བ་གཡུང་ལ་ཕབ་མ་ཐག་པའི་གཡང་དཀར་སྟོང་ཕྲག་དེད་ནས་རྩྭ་ས་གཡུ་གཞོངས་འདི་ཡི་པང་དུ་སླེབས། རྩྭ་ཆུ་གཉིས་འཛོམས་ཀྱི་གཡང་ས་འདིའི་བསླུ་བྲིད་བཟློག་མ་ནུས་པས། རེ་ཞིག་ནོར་ལུག་གཟན་ལ་བཀྲམ་རྗེས། ཡ་གིའི་སྒང་འབུར་ཀླད་དུ་བུད་དེ་ཕྱོགས་བཞིར་སྐོར་ལྟ་ཞིག་བྱས་ཤིང་། ལམ་ཐག་རིང་མོ་ཉིན་ཞག་གིས་བལྟབས་ནས་སྙེག་བཞིན་པའི་དམིགས་པ་ཡང་གཞི་ནས་རྩྭ་ར་པདྨ་སྟོང་ལྡན་འདི་ཉིད་ཡིན་ཤས་ཆེ་སྙམ་པའི་མོད། སེམས་པ་ལྷོད་ལ་བབས་ཏེ་མར་ཙོག་ཅིང་ཞལ་གྱི་དཀྱིལ་འཁོར་དུ་དུང་ཟླ་ཚེས་འདྲའི་འཛུམ་ཆུང་ཞིག་ཕྱུང་མྱོང་།
ཤར་གྱི་སྔོན་མོ་སྤང་རིའི་ངོགས་སུ་རི་སྐྱེས་རི་དྭགས་ལྷོད་ཀྱིས་འཚོ་་ཞིང་། ལྷོ་ཡི་སྨུག་པོ་རྫ་རིའི་ཟོམ་དུ་འབྲོང་དང་འབྲོང་མོས་རྭ་རྩེ་ངོམ། བྱང་གི་ནགས་རི་ཕྱུག་མོའི་རྩེ་ན་བྱ་བརྒྱའི་གསུང་སྐད་ལྷང་ལྷང་གྲག་ཅིང་། ནུབ་ཀྱི་ལྷ་ཡི་རྫིང་བུའི་འཇིངས་སུ་ཉ་དང་ངང་ངུར་གང་དགར་རྩེན། གཞུང་ཁོག་རྩྭ་ཐང་གཡུ་ཞུན་མཚོ་མོ་འཕྱུར་བའི་རྩེར། སྣ་བརྒྱའི་མེ་ཏོག་འཛུམ་པའི་འཇའ་ཚོན་གཡེང་ཞིང་འཕྱོ། དབུས་ཀྱི་དྭངས་གཙང་ཆུ་ཕྲན་ཨ་འཁྱིལ་དགུ་འཁྱིལ་གྱིས་ཁུ་སིམ་མེར་ཐུར་དུ་འབབ་པ་དེ། གཡུ་འབྲུག་གསོན་པོ་ཞིག་ས་ལ་ལྷུང་རྗེས་མཛེས་ལྗོངས་འདིར་འཁྲི་ཞིང་ཞི་འཇམ་དཀྲོགས་པར་ཐེ་ཚོམ་གྱིས་ཁ་རོག་གེར་འཁྱུག་པ་དང་མཚུངས། བཀོད་པའི་མགོ་རྔ་འདི་ལྷ་ཆེན་ཚངས་པས་བསྒྲིགས་པ་མིན་ལ། མཛེས་པའི་སྣང་ཡུལ་གང་བིཤྭ་ཀརྨས་བཞེངས་པ་དེ་ལས་ཀྱང་མིན།
སྒང་འབུར་ཀླད་ནས་དེ་ལྟར་བལྟས་བལྟས་པའི་མཐའ་མར། འདི་ནི་ལས་དང་བསོད་ནམས་ཀྱི་མཐུ་ལས་གནམ་གྱིས་རང་ལ་གནང་བའི་བགོ་སྐལ་དུ་བསམས་ཏེ། ནོར་ཁྱུའི་གྲས་ཀྱི་ཁལ་མ་དེ་དག་གི་ཅ་ལག་སར་ཕོག་ཅིང་། གནས་འདིའི་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་ཐམས་ཅད་དགྱེས་ཤིང་འབྲོག་ས་ཕྱུག་མོ་འདིར་ཕྱྭ་གཡང་འཕེལ་བའི་སྨོན་འདུན་དུ་ལྷ་བསང་དང་པོ་བཏང་བར། སྒང་འབུར་གྱི་མཐོངས་ཀ་ནས་འཕྱོ་བའི་བསང་དུད་སྔོན་པོའི་སྤྲིས་མ་ཡུལ་ལུང་འདིའི་བར་སྣང་དུ་ལྷོད་ཀྱིས་ཆགས་པའི་རྟེན་འབྲེལ་འགྲིག དེ་ནས་ཕ་མེས་ཀྱི་རྣམ་དཔྱོད་དང་ནོར་ནག་གི་ཁུལ་རྩིད་ཀྱིས་བཏགས་པའི་མཐིང་སྨུག་སྦྲ་ཆུང་རུས་སྦལ་རྒྱ་བོ་འདམ་དུ་འགྱིང་བ་ལྟར་ཕུབ་ཅིང་། ཆོན་ཆེན་ཆོན་ཆུང་གིས་ཕྱོགས་བཞི་མཚམས་བརྒྱད་དུ་བརྟན་པོར་བརྟད་དེ་གཞིས་ཀ་ཐོག་མ་བཟུང་། འདི་ནི་རྩྭ་ཐང་ཡངས་པོ་འདི་བདག་གིར་བཟུང་བའི་ཁྱོད་ཀྱི་མེས་པོ་ཐོག་མ་ཡིན་ལ། གཡང་ས་ཕྱུག་མོ་འདིར་བཏབ་པའི་གཞིས་ཁྱིམ་སྔ་མའང་ཡིན།
དེ་ནས་བཟུང་ཚེ་ཚེ་རབས་རབས་སུ་རྩྭ་ཆུ་གཉིས་འཛོམས་ཀྱི་གཡང་སར་ཕ་འདང་དང་སྦྲ་འདབས་ཀྱི་གཡང་ར་སྒོ་བཞིར་མ་འདང་བཞག་པས། སྦྲ་མཐར་མེ་ཏོག་སྣ་བརྒྱའི་འཛུམ་ཆུང་རྟག་ཅིང་། སྦྲ་འདབས་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་མྱོང་། སྦྲ་རྩེར་ལྷ་སྲུང་རང་འཁོར་དང་སྦྲ་སྐེད་ཕྱྭ་གཡང་རང་ཆགས། སྦྲ་འགབ་གཡང་ཕྱུགས་རང་ཉལ་བྱུང་ལ། གཡས་ཁྱིམ་ཕ་ཁུ་དགྲ་ལྷ་ཅན་གྱི་ས་ན་རྫས་ཞག་གི་རྔམ་པ་རང་འཐིབ། གཡོན་ཁྱིམ་མ་སྲུ་ཟས་གཡང་ཅན་གྱི་ས་ན་འོ་ཞོ་ཡི་རྒྱ་མཚོ་རང་འཁྱིལ་བྱུང་བས། བཀྲེས་མུག་གི་ཕོར་བ་གཞན་ལ་བཟེད་མ་མྱོང་ཞིང་། གྲང་འཁྱག་གི་སྤར་མོ་སུ་ལའང་བསྲིངས་མྱོང་མེད། དབྱར་གསུམ་ཆར་ཆུ་ཡིས་དབུ་འཕང་གནོན་མ་ཐུབ་ལ། དགུན་གསུམ་ཙག་རླུང་གིས་སྡུག་སྐད་མ་ཕྱུང་། ས་ཆེན་རིམ་པ་དྲུག་ཏུ་གཡོས་ཀྱང་ལུས་སྐྱེས་བ་སྤུ་ཉག་གཅིག་སྒུལ་མ་མྱོང་ཞིང་། ཆར་ཞོད་ཤ་འོད་དྲག་ཏུ་བྲུག་ཀྱང་མཐིང་སྨུག་སྦྲ་འདབས་སྟོང་བར་ཕུད་མ་མྱོང་། ནད་ཡམས་རྫས་དུག་གི་ཁ་རླངས་ཀྱིས་བསྣད་མ་མྱོང་ལ། འཁྲུག་རྩོད་གཡུལ་འཐབ་ཀྱི་དུཿ ཁས་གཟིར་མ་མྱོང་། བཙན་པོས་འཕྲོག་མ་ནུས་ལ་ཇག་པས་བཅོམ་མ་མྱོང་། རྐུན་མས་དེད་མ་ཐུབ་ཅིང་སྤྱང་ཀིས་རྒོལ་མ་ཕོད། མདོར་ན། ཁ་ནས་ཕོ་གི་མ་བཅུག ཞབས་ནས་འཛར་གི་མ་བཅུག་པར། གཡང་ས་ཕྱུག་མོ་སེམས་ཀྱིས་བསྲུངས་ཤིང་གཡང་ར་སྒོ་བཞི་མིག་གིས་འཚོས་པ་དང་། གཡང་སྦྲ་སྨུག་པོ་ཐབས་ཀྱིས་བསྐྱངས། འདི་ནི་ལྗང་མདོག་གི་རྩྭ་ཐང་འདིར་བཏབ་པའི་ཁྱོད་ཀྱི་མེས་པོ་རིམ་བྱོན་གྱི་གཏམ་རྒྱུད་ཡིན། འདི་ནི་མེ་ཏོག་གི་འཇིག་རྟེན་འདིར་སྦྲུམ་པའི་ཁྱོད་ཀྱི་ཕ་མེས་ཡང་མེས་ཚོའི་ལོ་རྒྱུས་ཡིན་པ་ཁྱོད་ཀྱིས་ག་ལ་བརྗེད་ཨང་།
ཁྱོད་ཀྱི་མི་རབས་སྔ་མ་ཚོ་དང་སྐྱིད་སྡུག་གི་ལས་དབང་གཅིག་ཏུ་འབྲེལ་བ་ནས་བཟུང་། ཁོང་ཚོས་རྩྭ་ཐང་འདི་རུ་ཉམས་མྱོང་དང་རྣམ་དཔྱོད་ཀྱིས་འབྲོག་གི་རིག་གནས་གསར་དུ་བསྐྲུན་པ་དང་། བདེ་སྡུག་དང་དགའ་སྐྱོས་འབྲོག་པའི་འཚོ་བའི་ལོ་རྒྱུས་རིང་མོ་བྲིས། “སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་ཀོང་མོའི་ཆུ་བོ་མཉམ་འཐུང”གི་ལོ་ཟླ་དེ་དག་ངས་ཇི་སྲིད་དུ་བརྗེད་མི་སྲིད། དེ་རིང་ད་དུང་ཡང་ཁོང་ཚོའི་དམར་སྨུག་གི་ངོ་གདོང་རེ་རེ་དང་རི་ལུང་ཚལ་བར་གཤགས་པའི་ཀྭི་ལྡིར། གཞར་ཡང་ས་ལ་དྲུད་མ་མྱོང་བའི་རལ་བ་སོགས་དྲན་གྱིན་འདུག དཔའ་མཛངས་ཀྱི་དཔུང་བ་སྦོམ་པའི་མེས་པོ་གྱད་ཆེན་དེ་ཚོ། གདགས་སྲིབ་ཀྱི་དབྱེ་བ་མེད་པའི་ལོ་ཟླའི་ཁུགས་པ་དེ་ཚོ། བསམས་ཤིང་བསམ་ན། ང་ལ་དེ་ལྟ་བུའི་གསེར་མདོག་གི་ལོ་རྒྱུས་ཡོད་པར་ངའོ་སྙམ་འོང་། ལོ་ཟླ་དེ་དག་ལ། ཁོང་ཚོས་སྐྱིད་སྡུག་གི་ལས་དབང་ང་ལ་བཅོལ་ཞིང་། འཚོ་ཚིས་ཀྱི་ཅ་ནེ་ང་ལ་བཟེད་པའི་མིག་མདངས་དང་བློ་གཏོད། ཡིད་རྟོན་ཁོ་ནས། ངས་ཁོང་ཚོར་ཅི་མ་ཡིན་ལ་རེ་བ་སྤུ་ཉག་ཙམ་ཡང་བཏོན་མ་མྱོང་། མཚམས་རེར། ཚ་གདུག་དང་ཐན་པས་ལུས་ཀྱི་ཟུངས་ཁྲག་ཟད་དེ་རྩྭ་ཕྲན་དེ་དག་ཙད་སྐམ་དུ་འགྲོ་དུས་ཀྱང་ཆུ་ཐིགས་འགའ་ཡིས་སྐོམ་པ་སེལ་བའི་འདོད་པ་ཙམ་ཡང་གསོལ་མ་ཕོད། ནམ་རྒྱུན་དབྱར་གྱི་རྫོགས་ལྡན་ང་ཡི་པང་དུ་འཛུམ་དུས། རྟ་ནོར་ལུག་གསུམ་གྱིས་རྩྭ་དང་རྩི་མགོ་བཏོག་ཅིང་མེ་ཏོག་གི་འདབ་མ་མཉེན་མོ་རྨིག་པས་འཇུངས་མེད་དུ་བརྫིས་ཤིང་བསྣད་པར་སྡང་མིག་ཙམ་ཡང་བགྲད་མ་མྱོང་། ཐ་ན་སྨན་རྩྭ་འཐུ་བར་སྙད་དེ་ང་ཡི་རྒྱབ་གཞུང་དུ་སེན་བཏོག་དང་སྤར་འདྲད་ཇི་ལྟར་བྱས་ཀྱང“ཨ་ཚ”ཞེས་སྡུག་སྐད་ལན་གཅིག་ཀྱང་ཕྱུང་མ་མྱོང་། དངོས་གནས་ང་ལའང་ཁོག་སྡུག་མེད་པ་ག་ལ་ཡིན།
ལོ་ཟླ་དེ་དག་གཙང་བོ་བཞིན་ཕྱི་མིག་མེད་པར་དེ་ལྟར་བཞུར་སོང་། མེས་པོ་རིམ་བྱོན་ཡང་གཙང་བོའི་རླབས་རྒྱུན་བཞིན་གཅིག་རྗེས་གཅིག་གིས་དེད་དེ་བཞུར་སོང་། དེ་ནས་བཟུང་སྒལ་ཚིགས་ཀྱི་རུས་པ་མཁྲེགས་ཤིང་རྒྱུ་འབྲས་ཀྱི་བློ་མིག་རྣོ་བ་དང། རྣམ་དཔྱོད་ཀྱི་འདབ་མ་ཡངས་ཤིང་བདེན་སྐྱོང་གི་སྙིང་རུས་བརྟན་པའི་ཁྲག་རྒྱུན་གྱི་རྒྱུ་བ་ཡང་དེ་ལྟར་ཅི་མ་ཡིན་ལ་དཀག་པ་འདྲ།། ཕ་ཤུལ་བུ་ཡིས་ཟིན་པར། ཁོང་ཚོས་ཚེ་ཚེ་རབས་རབས་སུ་ཁབ་གསོག་འབིག་གསོག་གནང་བའི་ཚེ་ནོམ་ཡོད་ཚད་ཁྱོད་ལ་བསྐྱུར་ཅིང་། ཇི་སྲིད་ཕ་ས་གསེར་གཞོངས་རིང་མོ་གཞན་ལག་ཏུ་མི་ཤོར་བ་དང་། མཐིང་སྦྲའི་ཁ་ཚུབ་ཀྱི་དུ་བའི་ཐོར་ཚུགས་བསེར་རླུང་ལ་མི་བསྐུར་ན། དེ་སྲིད་ཁྱོད་ཀྱི་བུ་རབས་ཚ་རྒྱུད་ཚང་མའི་བདེ་སྡུག་གཞན་ལ་རེ་མི་དགོས་པའི་ཞལ་ཆེམས་དྲོན་མོ་གནང་ཡོད་པ་མིན་ནམ།
དུས་རབས་འཕེལ་འགྲོས་ཀྱི་བརྡབ་གསིག་ཁྲོད། ཁྱོད་ཀྱིས་ཐོག་མར་མགོ་ཡི་མཐིང་སྨུག་སྦྲ་ཆུང་བལྟབས་ཏེ། མཚེར་ཤུལ་དུ་དེང་རབས་གྱོ་མོག་དང་ཨར་འདམ་གྱི་བཀོད་ལེགས་སྡོད་ཁང་ཞིག་ཕུབ་སོང་། དབྱར་གྱི་ཆར་ཆུ་དང་དགུན་གྱི་ཙག་བསེར་བཟེད་མི་དགོས་ཤིང་། ཕྱི་ནས་བལྟས་ན་མཛེས་ཤིང་རྒྱ་ཆེ་ལ་ནང་དུ་བསྡད་ན་དྲོ་ཞིང་ཁམས་སྐྱིད་པས། དུས་ཀྱི་འགྱུར་ལྡོག་དང་འཚོ་བའི་དགོས་མཁོར་འཚམ་ན། སྲོལ་རྒྱུན་གྱི་ཤུལ་ནོར་དུ་སྙད་དེ་ཤི་འཐམ་རོ་འཐམ་གྱི་གླེན་པའི་ཨུ་ཚུགས་བྱེད་པ་ལས་འདི་ལྟར་འཕེལ་རྒྱས་ཀྱི་ལམ་དུ་གོམ་པ་སྤོས་ན་མི་འགྲིག་པ་ག་ལ་ཡོད། དེར་མཐུད་ནས་རིམ་གྱིས་འགྲོ་འདུག་སྤྱོད་གསུམ་གྱི་འཚོ་བའི་སྟབས་བདེར་སྙད་དེ་རང་གི་སླག་པ་རྒྱབ་ནས་ཕུད་ཅིང་། ཕྱི་ལྭ་མིག་ལ་མཛེས་ཤིང་བཞུན་པ་དང་རྒྱབ་ལ་ཡང་ཞིང་འཇམ་པར་བསམ་མོད། མ་བརྟག་ཉམས་དགའི་ཧོལ་རྒྱུག་འདི་སྤྲེལ་ལད་ཅིག་མིན་པའི་ངེས་པ་མེད་དེ། ནམ་ཞིག་གཅེར་བུར་མི་འབུད་དམ་སྙམ་ན་ང་ཧ་ཅང་སྐྲག
ཁྱོད་ཀྱིས་ད་དུང་བརྗེད་མི་སྲིད། བགྲང་བྱ་བཅུ་ཕྲག་ཟུང་ལ་ལམ་རིང་ཐུང་གི་ཁྱོད་ཀྱི་རྐང་ཚེགས་སེལ་བའི་འདོ་རིག་ཐང་ནག་འཕུར་ཤེས་དེ། ན་སོ་རྒས་ནས་ཚེ་མཇུག་སོས་དལ་གྱི་འཆི་སྒུག་ལ་རན་དུས། ཁྱོད་ཀྱིས་སྨ་ར་དཀར་པོ་ཅན་གྱི་ཁ་ཆེའི་ཚོང་བ་དེར་གོང་བདེ་མོས་བཙོངས་སོང་། ཚོང་བས་ཐུར་མདས་ཁྲིད་དེ་འགྲོ་སྐབས། ཅི་ཞིག་འཁྲེང་བའི་རྟ་ཕོས་ཕྱི་མིག་ཡང་ཡང་དུ་བལྟ་བའི་མིག་མདངས་ངའི་སེམས་ཀྱི་རྩིབས་མར་ཡང་ཡང་ཐོགས། མགོ་ནག་མི་ཡི་ཧམ་སེམས་དང་དུད་འགྲོ་རྟ་ཕོའི་བརྩེ་དུངས་གཉིས་ཀྱི་དཀར་ནག་ནི་ཅི་འདྲའི་དོ་མི་མཉམ་པ་ཞིག་རེད་ཨང་། འགྲོ་བ་སེམས་ཅན་སུ་ཡིན་ཡང་རང་གི་སྐྱེས་ས་སྐྱེས་ཡུལ་ནས་སྐྱེ་རྒ་ན་འཆིའི་ཆོས་ཉིད་ཀྱིས་འདུ་བྱེད་རྫོགས་ན་དེ་ལས་སྐྱིད་ཅིག་མེད་པ་འདྲ། ད་དུང་དེ་ཡིས་ག་ལ་ཚད་དེ། ཚེ་གང་བོར་ཁྱོད་ཀྱི་མཐིང་སྨུག་སྦྲ་མཐའི་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་བྱས་པའི་སྒོ་ཁྱི་སྟག་ནག་ཐོང་དཀར་དེ། བགྲང་བྱའི་ཁུར་གྱིས་དུད་དེ་ཕར་རྒོལ་གྱི་ལུས་སྟོབས་དང་ཟིལ་ཤུགས་ཉམས་པའི་གླགས་དང་བསྟུན། རི་སྤྱང་འགའ་ཡིས་གྲང་ངར་རྐང་ལ་ཟུག་པའི་དགུན་གྱི་མཚན་མོ་ཞིག་ལ། མཚེར་སའི་གོང་གི་སྒང་འབུར་གྱི་གཡོན་ཁུད་དུ་ཚལ་བ་ཚལ་བུར་གཤགས་ཤིང་བལྟབས་པ་ཁྱོད་ཀྱིས་ཕྱི་ཉིན་ཞོགས་པར་མཐོང་ནའང། མཆོད་མེ་རྐོང་གཅིག་གིས་བསྔོ་བ་སྨོན་ལམ་ཙམ་ཡང་མ་ཞུས། དངོས་གནས་ཕ་མེས་ཀྱི་བྱམས་དང་སྙིང་རྗེའི་རྒྱུ་འབྲས་བློ་མིག་དེ་ཁྱོད་ཀྱི་ཡ་ཁོག་ནས་ལྡོངས་སོང་བ་འདྲ། དེ་ལྟར་ཁྱོད་ཀྱིས་རྐང་ཚེགས་ལེན་པའི་ཡོ་བྱད་དུ་འཇེབ་འཁོར་ཞིག་ཉོས་ཤིང་། ནམ་རྒྱུན་ཁོམ་པ་ནམ་ཡོད་ལ་རྫོང་མཁར་དུ་ཉུལ་རྒྱུར་ལོབས། ཉིན་མོར་རྒྱ་སྲང་དང་ཁྲོམ་རར་འཁྱམ་ཞིང་། མཚན་མོར་ཤོ་ཁང་དང་ཆང་ཁང་དུ་ཉུལ། ཤེས་མེད་ཚོར་མེད་ཀྱིས་རྒྱ་སྐད་ཁ་ཤས་ཀྱང་རང་གི་སྐད་ཆའི་ནང་བསྲེས་ཅི་ཐུབ་བྱས། གྲོང་ཁྱེར་གྱི་འདི་སྣང་འདོད་ཡོན་གྱིས་བློ་ཁ་བསྒྱུར། ཆར་དང་ཙག་རླུང་ནང་ཕྱུགས་ཟོག་འཚོ་བར་ཞེན་ཁ་ལོག བསམ་བསམ་མཐར། མགོ་ལ་རུ་ཐུར་བཙུགས་ནས་ཤྭ་ཁྱུ་དང་། འཕོང་ལ་རྩམ་སྐྱ་བསྐུས་ནས་དགོ་ཁྱུར་འཚང་འདུན་སྐྱེས། འདི་ནི་ཁྱོད་ཉིད་ཕ་མེས་ཡང་མེས་དང་མི་འདྲ་སའི་རང་གཟུགས་ཡིན།
ན་ནིང་སྟོན་མཇུག་ཏུ་ཁྱོད་ཀྱིས་རང་གི་ནོར་ལུག་ཡོད་ཚད་ཕྱི་ལ་བཙོངས། རིན་ཚབ་ཀྱིས་རྫོང་མཁར་དུ་ཨར་འདམ་གྱི་སྒམ་ཆུང་དུ་འབོད་པའི་རྒྱ་ཁང་ཞིག་ཀྱང་ཉོས། གཞི་ནས་རྐང་བ་སྤོ་ས་ལག་པས་འཚོལ་བ་དང་། ཁོག་རྩིས་གྲུ་བཞི་ཤོ་འདྲ་ཞིག་འདེབས་མགོ་བརྩམས། གྲོགས་བཟང་ས་དང་གཉེན་ཤ་ཉེའི་འབྲེལ་བ་མང་བོ་བརྒྱུད་དེ། གཞི་ནས་ཆུང་མ་རྫོང་མཁར་གྱི་ལམ་ཕྱགས་དང་རང་ཉིད་ལས་ཁུངས་ཤིག་གི་སྒོ་སྲུང་བྱ་རྒྱུའི་གོ་སྐབས་རེག མདང་ནུབ། ཁྱོད་ཀྱི་ངོ་གདོང་ལ་ཚེ་འདིར་མངོན་མ་མྱོང་བའི་འཛུམ་མདངས་ཤིག་རྒྱས། རྨི་ལམ་དུ། ཁྱོད་ཀྱིས་རང་གི་ཚ་བོ་ཚ་མོ་ཐམས་ཅད་རྒྱ་སྐད་ཤར་མར་བཤད་པའི་སློབ་གྲྭར་བཅུག་པ་རྨིས། སྔོ་ཚལ་དང་འབྲས་ཐུག་ཟ་བཞིན་རང་གིས་ཀྱང་རྒྱ་སྐད་རྒྱག་ཤེས་པ་རྨིས། ད་དུང་དྲོད་ལམ་ལམ་གྱི་རྒྱ་ཁང་གི་ཤེལ་དྲ་ལས་ཁ་བ་ལྷབ་ལྷུབ་འབབ་པའི་རྫོང་མཁར་མཐའ་འཁོར་གྱི་རྩྭ་ཐང་ལ་རྒྱང་ལྟ་བྱེད་པ་ཡང་རྨིས།
གང་ལྟར་ཀྱང་ཁྱོད་ལམ་ལ་ཆས་ཟིན། རང་ས་རང་ཡུལ་ནས་རང་ཁ་རང་གསོའི་འཚོ་བར་རྫོགས་ཚིག་བཀོད་དེ། རང་གི་ཅ་ནེ་གཞན་གྱི་ཐོམ་འོག་ཏུ་གཟེད་པའི་མགོ་བརྩམས་སོང་། རང་ཉིད་རང་གི་མགོན་པོ་ནས་གཞན་ངོའི་དཀར་ནག་འཚོ་བའི་སྒོ་ཁྱི་སྟག་ནག་ཐོང་དཀར་གྱི་བརྟུལ་ཞུགས་བསྐྱང་མགོ་བརྩམས་སོང་། དངོས་གནས་རིག་ནུས་འཇོན་གསུམ་ནི་གྲོང་ཁྱེར་དུ་རྐང་འཛུགས་པའི་མ་རྩ་ཡིན་ན། ཁྱོད་ཀྱིས་རང་ངོ་རང་གིས་མི་ཟིན་པར་ལག་སྟོང་མཆན་དུ་བཙིར་ནས་ཆུ་སྣ་གར་ཁྲིད་བྱེད་པ་འདི་ཅི་འདྲའི་མཚར་ཨང་། གང་ལྟར་བརྩེ་མེད་འགྲན་རྩོད་ཀྱི་ལྷུང་ལྷུང་རྦ་རླབས་ཁྲོད། ཁྱོད་ཀྱིས་གཞར་ཡང་རྣམ་རིག་ལྕགས་སྐུད་ལྟར་བསྒྲིམ་སྟེ་ལྷོད་མི་རུང་། ནམ་ཞིག་ཁ་དགོད་ཞོར་ཁོག་རྩིས་འདེབས་པའི་སུ་ཞིག་གིས་ཁྱོད་ཉིད་ཁོག་སྟོང་དུ་འདྲུ་ཡང་སྲིད།
ལེགས་ཉེས་གང་ལྟར་ཀྱང་ཁྱོད་ལམ་ལ་ཆས་ཟིན། ནམ་ཉི་མར་གྲོང་ཁྱེར་ནས་ལྟོ་རྒྱབ་གཉིས་ཀྱི་དཀའ་ཚེགས་ལ་འཕྲད་ཚེ། ལ་མོར་ཕ་ས་མ་མོའི་བྲང་མགོ་འདྲ་བ་འདིར་ཕྱིར་ཕེབས་དང་། བདག་གིས་རུམ་ཁོང་དྲོན་མོ་ཡངས་པོར་ཕྱེ་སྟེ་ཁྱོད་ལ་གཞར་ཡང་སྒུག་ངེས་ཡིན།
རྩོམ་པ་པོ་ངོ་སྤྲོད།
སེང་གཤོང་སྙིང་བྱམས་རྒྱལ། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་སྨད་ཙམ་ལ་རེབ་གོང་སེང་གེ་གཤོང(རྒྱ་ཚང་མ)སྡེ་བར་སྐྱེས། 1998ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། ད་ལྟའི་བར«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «རྩེར་སྙེག»སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་ལྷུག་རྩོམ་གཙོས་སྙན་རྩོམ་དང་དཔྱད་རྩོམ། བསྒྱུར་རྩོམ་སོགས་བརྒྱ་ཕྲག་ལྷག་བཀོད་པ་དང་། རྩོམ་རིག་གི་གཟེངས་སྐྱེས་ཀྱང་རེ་གཉིས་ཙམ་རག་མྱོང་། ད་ལྟ་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན་དང་། རྨ་ལྷོ་སོག་རྫོང་སྲིད་གཞུང་གཞུང་ལས་ཁང་དུ་སྲིད་འཛིན་དང་ལོ་ཙཱ་བའི་ལས་ཀ་གཉེར་མུས་སུ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
བྲང་ཁུག་གི་ཁ་པར“ཏིང”སྒྲ་ཞིག་གྲག་པར།གང་མྱུར་གྱིས་ཕྱ...