logo

སེང་གཤོང་སྙིང་བྱམས་རྒྱལ་གྱི་ལྷུག་རྩོམ།

རྩོམ་པ་པོ།:སེང་གཤོང་སྙིང་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-21 ཀློག་གྲངས།:
ལས་སྨོན་གྱི་ཚེ་མདུད།
སེང་གཤོང་སྙིང་བྱམས་རྒྱལ།
 
       བྲང་ཁུག་གི་ཁ་པར“ཏིང”སྒྲ་ཞིག་གྲག་པར། གང་མྱུར་གྱིས་ཕྱིར་བཏོན་དུས་འཆར་ཤེལ་ངོས་སུ“དགོངས་དག ཡུད་ཙམ་སྒུག་རོགས། དལ་མོར་མཇལ་ཡོང་།”ཞེས་ཡིག་འབྲུ་འགའ་ལས་མེད་པའི་བརྡ་འཕྲིན་ཞིག་མིག་ལམ་དུ་མངོན། ཡང་བསྐྱར་ཤུགས་རིང་ཞིག་འཐེན་བཞིན་ལྗོན་གསེབ་ཏུ་ཕར་བསྲིངས་པའི་ལམ་ལ་བལྟ་ཙམ་བྱས། མགོ་བོ་དང་གར་སྨད་དུས། ལོ་ངོ་འདི་དག་གི་རིང་ལ། ལྗོན་གསེབ་འདི་ནས་རྒྱང་རིང་གི་ཕ་ཡུལ་དང་ཨ་མ། སྲིང་མོ་བཅས་དྲན་པའི་གྲངས་ཀ་དང་ཟབ་ཚད་སྐྱེད་ཚལ་འདིའི་ལྗོན་ཚོགས་ཀྱིས་མ་གཏོགས་སུས་ཀྱང་མི་ཤེས། ཡིན་ནའང་། ད་ནི་གཏན་དུ་སྐྱེད་ཚལ་འདི་དང་གྱེས་ཏེ་ཕ་ཡུལ་དང་ཨ་མའི་པང་དུ་ལྡོག་རན་དུས། གནས་འདི་དང་ཡང་ན་གནས་འདིར་ཕབ་པའི་རྐང་རྗེས་རེ་རེར་འཁྲེང་བའི་ཚོར་བ་ཞིག་སྐྱེ་ཞིང་། གནས་འདིའི་ཡོད་ཚད་ལ་སེམས་པ་རྗེན་པར་གླན་ནས་ཤུགས་ཆེན་པོས་ལན་གཅིག་ངུས་ན་སྨེང་ཡུས་ཀྱི་ཆ་ཙམ་དྭངས་ཨེ་འགྲོ་སྙམ་འོང་།
       མགོ་བོ་ཡར་བཏེགས་དུས། མིག་ཀོང་དུ་མཆི་མ་སྐྱུར་མོ་ཞིག་འཛུམ་ཡོད་པ་ཚོར་ཞིང་། ཤུགས་རིང་ཞིག་དང་ལྷན་དུ་སྒོག་གེར་ཁོག་ཏུ་མིད། ཡང་བསྐྱར་མིག་གི་མདའ་མོ་རང་དབང་མེད་པར་ལྗོན་གསེབ་ཏུ་ཕར་བསྲིངས་པའི་ལམ་དེར་ཤོར་ཡང་། རྒྱུས་ཡོད་པའི་གྲིབ་གཟུགས་དེ་སྔར་བཞིན་མངོན་རྒྱུ་མ་བྱུང་། གར་ཡོང་མི་ཤེས་པའི་འཚབ་སྣང་དེས་ཁ་པར་ལས་བརྡ་འཕྲིན་ཞིག་བསྐུར་ན་བསམ་མོད། གར་ཡོང་མི་ཤེས་པའི་བསྲན་ཚུགས་ཀྱི་ཚོར་བ་ཞིག་གིས་ཕྱིར་བཤོལ་བྱས། ལོ་ངོ་འདི་དག་གི་རིང་ལ། སྐྱེད་ཚལ་འདིར་སྨེང་སྐྱོའི་མིག་ཆུ་བཞུར་བ་གྲངས་མེད་ལ། དགའ་སྤྲོའི་ཁོང་འཛུམ་ལངས་པ་ཡང་དེ་དང་མཚུངས། དེ་ལྟར་གཞི་ནས་སྐྱེད་ཚལ་འདིའི་ས་སྤར་མོ་རེ་རེ་དང་ལྗོན་ཚོགས་ཀྱི་ལོ་འདབ་རེ་རེར་སྨྲ་མི་ཤེས་པའི་འདང་བརྩེ་ཟབ་མོ་ཞིག་ཆགས་ཡོད་པ་སུ་ལ་གསང་ཨང་།
       ཁ་པར་གྱི་འཆར་ཤེལ་ངོས་ཀྱི་ཆུ་ཚོད་ལ་བལྟ་དུས། མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀར་སླེབས་ལ་ཉེ། ཡང་བསྐྱར་ལྗོན་གསེབ་ཏུ་ཕར་བསྲིངས་པའི་ལམ་དེར་མིག་ཉུལ་ཞིག་བྱས་པར། ཁོ་མོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་། ལོ་གསུམ་སྔོན་གྱི་དབྱར་གཞུང་གི་མཚན་མོ་དེར། སྡོང་རྩ་འདིར་གཡུ་སྦྲང་མེ་ཏོག་ལ་མ་འཁོར་བར། མེ་ཏོག་གཡུ་སྦྲང་ལ་ཆགས་པའི་འདོད་འདུན་གྱི་གསང་རྒྱ་ཤོར་མྱོང་། དེ་ནས་བཟུང་མེ་ཏོག་གི་མཉེན་ལྕུག་འདབ་མས་གཡུ་སྦྲང་གི་གཤོག་ཟུང་ཚ་གདུག་དང་ཆར་རླུང་གིས་བསྣད་པར་བསྐྱོར་ཅིང་། དྭངས་གཙང་གི་ཟེའུ་འབྲུས་གཡུ་སྦྲང་གི་གཤོག་རྩལ་འཚོས་ལ། མཛེས་སྡུག་གི་འཛུམ་ཆུང་སྣུམ་པོས་གཤོག་སྒྲའི་འགྱུར་ཁུགས་སྲུང་མྱོང་། སེམས་པ་སེམས་པར་གླན་པའི་བརྩེ་དུང་གི་ལོ་ཟླས་ནམ་ཟླ་སྟོན་ལ་རེག་པས། ད་ནི་ཅིས་ཀྱང་སོ་སོའི་རྡོག་འོག་གི་ལམ་ཕྲན་དེད་དེ་འགྲོ་དགོས། སྐྱེ་བ་འདིར་ཁོ་མོའི་ཚེ་གཡོག་བྱ་དགོས་ཀྱང་ཁོ་མོས་གནང་བའི་ལྷད་མེད་ཀྱི་བརྩེ་དུང་དང་འཚོ་བའི་རོགས་རམ་ལ་སོགས་པའི་བུ་ལོན་སོད་ཐབས་མེད། ཚིག་མགོ་ཇི་ལྟར་གླེང་ན་འོས་སམ། མཚམས་འདིར་ཅི་ཞིག་གིས་བསླངས་པ་མི་ཤེས་པའི་མཆི་མ་སྐྱུར་མོ་ཞིག་མིག་ཀོང་དུ་འཁྱིལ་བྱུང་། འཇིག་རྟེན་གྱི་དབྱར་གཞུང་ཡོད་ཚད་ནི་རྨི་ལམ་ཐུན་གཅིག་དང་འདྲ།
       “ཐྲིག་ཐྲིག ཐྲིག་ཐྲིག”རྒྱུས་ཡོད་སྙན་འཇེབས་ཀྱི་གོམ་སྒྲ་དེ་ལྗོན་གསེབ་ཏུ་བསྲིངས་པའི་ལམ་གྱི་ཕར་སྣེ་ནས་གྲག་བྱུང་། ཤ་བསྒྲིམས་ནས་མགོ་བོ་ཡར་བཏེགས་པའི་སྐད་ཅིག་མ་དེར། ཨེན་ཙམ་མིན་ན་ལག་པའི་ཁ་པར་དང་ཟིན་བྲིས་དེབ་གཉིས་པོ་ཡང་ས་ལ་ལྷུང་སོང་། བར་ཐག་ལ་གོམ་པ་བཅུ་ཙམ་ལས་མེད་པའི་མཚམས་སུ་སླེབས་དུས། ཁོ་མོས“སྙིང་ཉེ། སྒུག་ཡུན་རིང་སོང་། དགོངས་དག”ཅེས་དགའ་སྣང་གིས་བཤད་ཞོར་མྱུར་སྟབས་ཀྱིས་འོང་སྟེ་ཁོའི་རྩིབ་ནས་མར་ཙོག་པ་དང་། དེ་མ་ཐག་ལག་པ་གཉིས་ཚུར་བསྲིངས་ཏེ་སྐེར་འཐམ་ནས་འགྲམ་ངོར་འཇམ་ཞིང་མངར་བའི་འོ་མཉེན་མོ་ཞིག་བསྐྱལ་སོང་། དྲང་སྲོང་ཡིན་ཡང་བསམ་གཏན་ལས་གྲོལ་ངེས་ན་ཁོང་ཁྲོའི་ངར་ཙམ་རང་སར་མི་ཞི་བའི་འོས་ཡོད་དམ། ཡིན་ནའང་ལྗོན་ཚོགས་ཀྱི་ལོ་འདབ་སྟུག་པོར་གྲག་འགུལ་ཅི་ཡང་མེད་ཚུལ་ལ་བརྟག་ན། ནམ་རྒྱུན་ཅིག་ཤོས་པར་དགོངས་དག་ཞུ་སྐབས་རང་འགུལ་གྱིས་ཕར་འཐམ་ནས་འགྲམ་པར་འོ་རེ་བསྐྱལ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་རྟོགས་ཐུབ། དེར་མཐུད་ནས་ཁོ་མོས“འཛིན་གྲྭ་འོག་མའི་གྲོགས་མོ་གཉིས་སྐྱེལ་མར་ཕེབས་པས། སེམས་འཚབ་ཀྱང་ཁ་བརྡའི་ཡུན་རིང་སོང་བས། ”ཡང་བསྐྱར་གསལ་བཤད་ཙམ་དུ་སྨྲས་པར། “ལམ་ཆས་བརྒྱབ་ཟིན་ནམ།”ཁོས་དེ་ལྟར་དྲིས། ཁོ་མོས་ལན་དུ་ཅི་ཡང་མི་སྨྲ་བར་ཁ་རོག་གེར་བསྡད། རེ་ཞིག་ཡོད་ཚད་ཁུ་སིམ་མེར་གྱུར་ཞིང་། ལྗོན་ཚོགས་ཀྱིས་ཀྱང་མཇུག་མཐའི་ཅི་ཞིག་ལ་སེམས་ཀྱིས་ཉན་པ་དང་མཚུངས།
       སྐབས་འདིར་རང་གི་སེམས་པའི་དཀར་ངོས་དེ་སྐད་ཆས་ཅིས་ཀྱང་མཚོན་ཐབས་མི་འདུག སྨེང་སྐྱོའི་མཆི་མ་སྣུམ་པོ་ཞིག་མིག་ཀོང་དུ་འཁྱིལ་ཡོད་པ་ཕལ་ཆེར་ཁོ་མོས་ཀྱང་མཐོང་ཡོད་ཚོད་ཡིན། ཚོར་བ་ཞིག་ལ་ཁོ་མོ་ཡང་འདས་དོན་གྱི་ཀློང་དུ་ཚུད་ཡོད་པ་འདྲ། ཁོས་སྐད་དམའ་མོས“འདི་ཁྱོད་ཀྱིས་འཁྱེར་ནས་ཉར་རོགས”ཞེས་ལོ་ངོ་གསུམ་གྱི་བརྩེ་དུང་གི་དགའ་སྐྱོའི་གཏམ་རྒྱུད་ཡོད་ཚད་ཟིན་ཐོར་བཀོད་པའི་ཟིན་བྲིས་དེབ་གཉིས་པོ་ཁོ་མོར་གཏད། མགྲིན་པར་ཤིང་བལ་བརྫངས་པ་བཞིན་ཧ་ཅང་བརྣངས་ཡོད་པ་སྐད་གདངས་ལས་ཀྱང་རྟོགས་ཐུབ། “ཁྱོད་ཀྱིས་ད་དུང་གཏམ་རྒྱུད་ཀྱི་མཇུག་འབྲས་བྲིས་ཚར་མེད། ནམ་ཞིག་གཏམ་རྒྱུད་འདིའི་སྣེ་མོར་གཡུར་དུ་ཟ་བའི་སྟོན་འབྲས་སྣུམ་པོ་ཞིག་སྨིན་ཏེ། ཚེ་གཅིག་ལུས་གཅིག་འདིར་ཁྱོད་དང་སྐྱིད་སྡུག་མཉམ་མྱོང་གི་མི་ཤིགས་རྡོ་རྗེའི་ཚེ་མདུད་མདུད་པའི་བསམ་དོན་ལྷུན་རྫོགས་ཀྱི་དུས་དེར། ཁྱོད་དང་མཉམ་དུ་ཡིག་འབྲུ་རེ་རེ་ལོངས་སུ་སྤྱོད་འདུན་ཡོད་པས། སྔར་བཞིན་ཁྱོད་ཀྱིས་ཉར་བཞིན་མུ་རྒྱུན་བསྐྱང་རོགས། ”ཁོ་མོས་སྔར་ནས་གྲ་སྒྲིག་ཡོད་པ་ནང་བཞིན་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད་པར། ཁོས་ཤུགས་རིང་ཞིག་ཕྱུང་བཞིན་ལག་པ་འདར་འདར་གྱིས་ཕྱིར་མི་བསྐུམས་པའི་རང་དབང་ཕྲོགས། “ཤུ། ངས་རང་གི་ནུས་པ་དང་ཁྱིམ་གྱི་འཁོས་ཐབས་གང་ལ་དེད་ཀྱང་། ཚེ་འདིར་ཁྱོད་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག......” ཁོས་བཤད་མ་ཚར་བར། ཁོ་མོས་ཁ་འཕྲོག་སྟེ“ད་སྡུག་སྨྲེ་འདོན་མི་དགོས། ངས་སྔོན་ཆད་ནས་སེམས་ཐག་བཅད་ཡོད། སྐྱེ་བ་འདིར། སྐྱིད་སྡུག་གང་བྱུང་ཡང་ང་ལ་འདི་ལས་གདམ་ག་གཞན་པ་ཅི་ཡང་མེད། དུས་ཚོད་ཀྱང་སྔ་རྒྱུ་མི་འདུག སང་ཉིན་ཁྱོད་ཀྱང་སྔ་སེ་ལམ་ལ་ལངས་དགོས། དོ་ནུབ་ང་ལ་རེ་བ་གཞན་ཞིག་ཡོད། ཁྱོད་ཀྱིས་ངེས་པར་དུ་ཁས་ལེན་དགོས།” ཁོ་མོས་དེ་ལྟར་བཤད་བཞིན་ལག་ཁུག་གི་ཟྭ་སྒྲོག་ཕྱེས་ཤིང་། སྒམ་ཆུང་དཀར་པོ་ཞིག་ཕྱིར་བཏོན་ཏེ“ཟླ་སྔོན་མར་ཨ་ཕ་ལྷ་ས་ནས་པེ་ཅིན་དུ་འགྲོ་ཞོར་ངའི་རེ་བ་བཞིན་འུ་གཉིས་ལ་སྐོར་རྒྱག་ཏུ་ཕེབས་པ་དང་། ཁྱོད་ལ་ལག་སྐྱེས་ཆུང་ཆུང་འདི་ཉོས་ནས་འོངས་མོད། ཉིན་དེར་ཁྱོད་ཀྱིས་ལེན་མ་ཕོད། དོ་ནུབ་ཅིས་ཀྱང་འཁྱེར་དགོས། གལ་ཏེ་རང་ལ་མི་མཁོ་བསམ་ན། ཕ་ཡུལ་དུ་འབྱོར་རྗེས་སྲིང་མོར་སྟེར་རོགས། ཁོམ་དུས་ཤིག་ལ་ཁ་པར་གྱི་ཟིན་དེབ་ནང་ལན་གཅིག་བལྟ་རྒྱུ་མ་བརྗེད། གསང་གྲངས་ཁྱོད་ཀྱི་སྐྱེས་སྐར་གྱི་ཟླ་ཚེས་ཡིན།” ཁོ་མོས་དེ་ལྟར་བཤད་ཞོར་ལག་གི་སྒམ་ཆུང་ཚུར་བསྟབས་རྗེས་ལག་ཟུང་གིས་ཁོའི་སྐེར་འཐམ་པར། ཁོས་ཀྱང་ཁོ་མོའི་སྒལ་བར་དམ་དུ་འཁྱུད། མཆུ་སྒྲོས་དང་མཆུ་སྒྲོས་སྦྱོར་དུས། ཡ་ཁོག་གི་སྙིང་གསོན་པོ་གཉིས་ཀྱི་འཕར་ལྡིང་གི་འགྲོས་ཀྱང་གཅིག་ཏུ་འདྲེས། ཁོ་མོའི་མཁུར་གོང་དུའང་མིག་ཆུ་འཛུམ་ཡོད་པ་ཚོར་ཐུབ། ལག་པས་ཕན་ཚུན་འཐམ་ཞིང་འཁྱུད་པའི་ཡིད་འོང་གི་སྣང་བརྙན་གྱིས་སེམས་མེད་ལྗོན་ཚོགས་ལའང་སྨེང་བ་བསླངས་ཏེ། བསིལ་རླུང་འཇམ་པོའི་འགྲོས་ལ་ཁ་གཡོར་ནས་ཤིག་ཤིག་ཏུ་གཡོ།
       “སྐྱེ་བ་འདིར་ང་ལ་ཁྱོད་ཁོ་ན་ཡོད་པས་ཆོག”ཁོ་མོས་གཅོམ་ཆུང་གིས་དེ་ལྟར་བཤད་པར། “ཁྱོད་ནི་ངའི་དབུལ་ཕོངས་ཀྱི་སློང་མོར་སྨིན་པའི་ལས་སྐལ་གྱི་ལྷ་མོ་ཡིན།” ཁོས་ཀྱང་ལན་དུ་གཉོམ་དུངས་དུངས་ཀྱིས་དེ་སྐད་སྨྲས། སྐད་གདངས་ལ་ཤེད་དང་ཤུགས་ཀྱིས་ཕོངས་ནའང་། ཕན་ཚུན་གྱི་སེམས་པའི་ཟབ་སར་ཟུག་སོང་བ་འདྲ། བརྩེ་ཞིང་དུངས་པའི་མིག་མདངས་དང་འཐམ་ཞིང་འཁྱུད་པའི་སྦྱོར་བ་ལས། སྐྱེ་བ་དགུར་མ་འཕྲད་པ་དང་མཚུངས་ལ་སྐྱེ་བ་དགུར་མི་འཕྲད་པ་དང་ཡང་འདྲ། དེ་ལས་ཀྱང་སྐྱེ་བ་དགུར་མི་འབྲལ་བའི་སྨོན་ལམ་འདེབས་པ་དང་ཅི་འདྲས་མཚུངས་ཨང་། མཐའ་མར་ལྗོན་གསེབ་ཏུ་བསྲིངས་པའི་ལམ་ཕྲན་དེད་དེ་མལ་ཤག་ཏུ་ལོག་པའི་ལམ་དུ་ཆས། མི་མངོན་པའི་རྐང་རྗེས་དང་འཁྲེང་བའི་ཕྱིར་མིག “ཐྲིག་ཐྲིག”གི་གོམ་སྒྲ་རེ་རེ་ལྗོན་ཚོགས་ལ་དྲན་ཤིང་དུ་བསྐྱུར་ཏེ། ལྗོན་གསེབ་ཀྱི་མག་མོག་གི་ལམ་སྒྲོན་རེ་རེའི་འོད་ངོགས་ནས། ཕན་ཚུན་གཤིབ་ཅིང་འཁེན་པའི་ཡིད་འོང་གི་གྲིབ་གཟུགས་གཉིས་རིམ་གྱིས་མོག་པོར་གྱུར། 
       མལ་ཤག་གི་རྒྱ་སྒོ་ཁར་སླེབས་མ་ཐག “སང་ཉིན་ལམ་ཁར་སེམས་ཆུང་བྱོས། བདེ་མོ།”ཁོ་མོས་འབྲལ་དཀའ་བའི་མིག་མདངས་ཀྱིས་ཚུར་བལྟས། “ཁྱོད་ཀྱིས་ཀྱང......”ཁོས་ཀྱང་ཁོ་མོར་བལྟས། “ཁ་པར་གྱི་ཟིན་དེབ་ནང་བལྟ་རྒྱུ་མ་བརྗེད། ཡུལ་ལ་ཐོན་མ་ཐག་ཁ་པར་ཐོངས།”ཁོ་མོས་དེ་ལྟར་བཤད་བཞིན་ལག་པ་གཡུག་གཡུག་གིས་གྱེས་བརྡ་བསྟན། ཁོས་ཀྱང་ཡ་ལན་གྱི་ཚབ་ཏུ་མགོ་བོ་ལྡེམ་ཙམ་བྱས་ཏེ་རང་གི་མལ་ཁང་ཕྱོགས་སུ་གོམ་ཁ་བསྒྱུར། ལམ་སྐེད་ནས་ཕྱི་མིག་བལྟ་དུས། ཁོ་མོས་མལ་ཤག་གི་སྒོ་ཁ་ནས་ད་དུང་མིག་སྐྱེལ་བྱེད་བཞིན་པ་མཐོང་།
       མལ་ཤག་ཏུ་འབྱོར་དུས་སློབ་གྲོགས་གཅིག་ཀྱང་མི་འདུག་པར་ཁང་བ་ཧྲིལ་པོ་ཁུ་སིམ་སིམ་གྱི་ཁ་དབུགས་ཞིག་གིས་ཁྱབ་འདུག དགའ་སྐྱོའི་དབྱེ་བ་མི་ཤེས་པའི་ཚོར་བ་ལྕི་མོ་ཞིག་གིས་བྲང་ཁོག་ཡོངས་སུ་བསྡམས་པ་དང་འདྲ་བས། ཤུགས་རིང་ཞིག་ཕྱུང་རྗེས་མལ་ཁྲིར་བུད་ཅིང་། གོན་པའང་མ་ཕུད་པར་ཐད་ཀར་གན་རྐྱལ་དུ་ཉལ། ཁོ་མོའི་སེམས་ཐག་གཡའ་མའི་བྲག་ངོར་བརྡབས་པའི་ལྕགས་ཕུར་བཞིན་གང་གིས་ཀྱང་སྒུལ་མི་ཐུབ་མོད། ཡིན་ནའང་རང་གི་རྡོག་མགོར་བལྟས་ཚེ་འབྱུང་འགྱུར་ཁོ་མོར་ཅི་ཡང་སྟེར་མི་ནུས། ཁོ་མོའི་གདམ་ག་འདི་དངོས་གནས་མཚར་བོ་ཞིག་རེད། སྡུག་ཐང་ནས་བླངས་ཏེ་ཐོད་ལ་འཇོག་པ་འདི་ལས་ཅི། དེ་ལྟར་བསམ་བཞིན་ཁོ་མོས་གནང་བའི་སྒམ་ཆུང་དཀར་པོ་ལས་ཁ་པར་གསར་བ་ཕྱིར་བཏོན་ཅིང་ཁ་ཕྱེས་པར། འཆར་ཤེལ་གྱི་དྭངས་ཆ་དང་ལག་ཚོར་གྱི་བཞུན་ཤ། འཆར་བརྙན་གྱི་མྱུར་ཚད་སོགས་གང་ཡིན་ཡང་དངོས་པོ་གོང་ཆེན་ནི་འགྲན་ཟླ་མི་འདུག་སྙམ་ཞིང་། རང་གི་སྐྱེས་སྐར་གྱི་ཟླ་ཚེས་ཨང་གྲངས་མནན་ཏེ་ཟིན་དེབ་ཀྱི་ཁ་ཕྱེས་དུས། གཤམ་གྱི་ཡིག་ཕྲེང་འདི་དག་མིག་ལམ་དུ་བསྟར་བྱུང་།
       “སྙིང་ཉེ། སློབ་མཐར་ཕྱིན་པར་ཉིན་བཅུ་ཕྲག་ཙམ་ལས་མི་འདུག ཕྱིར་འདང་རེ་བརྒྱབ་ན། གཅིག་སེམས་གཅིག་ལ་ཆགས་ནས་ལོ་ངོ་གསུམ་ལྷག་འགོར་ཞིང་། དགའ་སྐྱོ་གཉིས་ཀྱིས་བསླེས་པའི་གཏམ་རྒྱུད་འདི་ལྷ་སྒྲུང་རིང་མོ་ཞིག་དང་མཚུངས། མཚམས་འདིར་ངས་རང་ལ་ཚང་རྩིས་ཤིག་བྱས་ཚེ། ཁྱོད་ཀྱི་ཤན་སྟོབས་དང་འཚོ་བའི་གཙུབ་བརྡར་གྱིས་ངས་དྲི་ལན་མང་པོ་ཞིག་རྙེད་འདུག་པ་ཚོར།
       མི་རབས་སྔ་མའི་ཤུལ་ནོར་དང་ཨ་ཕའི་འཇོན་ནུས་ཀྱིས་ཁྱིམ་ཚང་གི་འབྱོར་འཁོས་ཧ་ཅང་མནོག་པས། ང་ཆུང་དུས་ནས་རྒྱས་སྤྲོས་ཀྱི་འཚོ་བའི་ཁྲོད་ནར་སོན་པ་དང་། ལྷག་པར་དུ་ངེད་ལྕམ་སྲིང་གསུམ་ལས་ང་རང་ཐ་ཆུང་ཡིན་པས། ཕ་མས་ང་རང་གཅེས་ལང་དུ་བཏང་སྟེ། གཞན་གྱི་དཀའ་སྡུག་མི་ཤེས་ཤིང་སུ་དང་གང་ལའང་དམའ་འབེབས་དང་ཕོག་ཐུག་གཏོང་བར་མི་འཛེམས་པའི་རང་རློམ་ཅན་ཞིག་ཏུ་བསྐྱེད་ཅིང་། རྒྱུ་ནོར་ནི་ཡོད་ཚད་ཀྱི་ཚད་ཤིང་རེད་སྙམ་པའི་འདོད་ཚུལ་ཕྱོགས་ལྷུང་ཅན་ཞིག་རྒྱུད་ལ་ཨ་འཐས་སུ་ཆགས་ཏེ་ནམ་རྒྱུན་དོར་མ་མྱོང་། ཡིན་ནའང་ལས་ཀྱི་འགྱུར་ལྡོག་ནི་ཚོད་ཀྱིས་མི་ཐིག་པ་ཞིག་རེད། ཐོག་མར་ང་ཚོ་གྲོགས་པོར་གྱུར་བ་ནས་བཟུང་། རིམ་གྱིས་ཁྱོད་ཀྱི་གཞུང་དྲང་དང་བབ་ཆགས། གཤིས་འཇམ་དང་ལྷག་བསམ། བརྟན་ཚུགས་དང་སྡུག་བསྲན་ལ་སོགས་པའི་མཉེན་ཤུགས་ཀྱིས་ངའི་ལང་ཤོར་གྱི་ང་རྒྱལ་དང་རང་མཐོང་གི་བསམ་སྦྱོར་ཡོད་ཚད་སིལ་བུར་འཐག་ཅིང་། རང་གི་རྡོག་མགོར་གསལ་བོ་བལྟ་དགོས་པ་ཚོར། འཇམ་མཉེན་གྱི་མཐུ་སྟོབས་ནི་ཇི་འདྲའི་ཟིལ་ཤུགས་ཆེ་བ་ཞིག་རེད་ཨང་། དེ་ལྟ་དེ་ལྟར་ང་གཞི་ནས་ཁྱོད་ལ་དགའ་ཞིང་གཏན་གྲོགས་སུ་བྱུང་ན་སྙམ་པ་ཇི་བཞིན་ཚུལ་འཆོས་དང་སྤམ་རྫུ་དོར་ཏེ་འདོད་འདུན་གསོང་བོར་བཤད་ཅིང་། ད་ལྟ་ལོ་ངོ་གསུམ་གྱི་བརྩེ་དུང་གི་ལོ་རྒྱུས་ཡོད་པའི་མཛའ་གྲོགས་སུ་གྱུར། དངོས་གནས་ངས་རང་གི་རང་ངོ་ཟིན་ཞིང་ཁ་ཕྱོགས་རྙེད་པ་ནི་དོན་སྒོ་དང་། ཁྱོད་དང་ཡིད་སེམས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་པ་གཉིས་ནི་སློབ་ཆེན་འགྲིམས་པའི་རང་གི་ལག་ཡོང་དུ་བསམ་ཡོད།
       ཁྱོད་ཀྱིས་ནམ་རྒྱུན་ཁྱིམ་ཚང་གཉིས་ཀའི་དབུལ་ཕྱུག་རྒྱུ་མཚན་དུ་བྱས་ཏེ་འུ་གཉིས་ཀྱི་བརྩེ་དུང་ལ་མཇུག་འབྲས་ཤིག་སྨིན་མི་སྲིད་སྙམ་ཡོད། དེ་ནི་ལྟར་སྣང་གི་སེམས་ཁྲལ་ལྷག་མ་ཞིག་ལས་མ་འདས། ཕྱུག་པོར་སྡུག་བསྔལ་མེད་པ་མིན་ལ། དབུལ་བོར་བདེ་སྐྱིད་མེད་པ་ཡང་ག་ལ་ཡིན། ངའི་ཨ་ཕ་ཤར་རྒྱུག་ནུབ་འདུར་གྱི་ཚོང་བྲེལ་དང་ཨ་མ་ཁྱིམ་ཚང་ཕྱི་ནང་གི་ལས་བྲེལ་གྱིས་དུབ་པ་དང་། ལན་རེར་མ་གཏོགས་སོས་དལ་བག་ཕེབས་ཀྱི་ཁ་ཟས་ཐུན་གཅིག་ལའང་རོལ་ལོང་མེད་ཚུལ་མཐོང་ཚེ། “སྐྱིད་བླ་མ་ལའང་མེད། །སྡུག་སྤྲང་པོར་ཡང་མེད། །”པའི་གནས་ལུགས་ལ་ངེས་ཤེས་འདྲོངས་ཐུབ། ངས་འུ་གཉིས་ཀྱི་གནས་ཚུལ་ཞིབ་མོ་ཨ་མར་བཤད་དུས། དེང་ཐོག་ཨ་མས་ང་ལ་གཤེ་གཤེ་བཏང་ཞིང་། སྐྱིད་སྡུག་གི་ཅ་ནེ་གཞན་ལ་གཟེད་མི་དགོས་པ་དང་གཞན་ངོ་འཚོ་མི་དགོས་ཚུལ། རང་གི་འདོད་མོས་ལྟར་མག་པ་བསུས་ཏེ་ཕ་མའི་རྩིབ་ནས་ཁྱིམ་གཞི་བསྐྱང་ན་བཟང་རབས། རྒྱུ་དང་འབྱོར་བའི་ཐད་ནས་ཚེ་གང་བོར་སྡུག་མི་དགོས་ཚུལ་སོགས་བདེན་ཅོག་ཅོག་གི་གནས་ལུགས་མང་པོ་བགྲང་མོད། ངའི་ཨུ་ཚུགས་ཀྱི་གདམ་གར་སྒུལ་ཐབས་མ་བྱུང་བས། ཨ་ཕ་དང་ནང་གྲོས་ཡང་ཡང་བྱས་མཐར་ངའི་འདོད་ཐོག་ཏུ་འཇོག་རྒྱུ་བདེན་ཁ་བྱིན་པ་མ་ཟད། བག་རྫོངས་སུ་རྗེས་ཕྱོགས་ཟི་ལིང་དུ་ཨ་ཕའི་ཡན་ལག་གི་སྤྱི་གཉེར་ཁང་བརྒྱད་པ་དེ་གཟུག་རྒྱུ་འཆར་གཞི་འདུག་པའང་ཚོར། དངོས་གནས་འཇིག་རྟེན་གྱི་ཕ་མ་ཡོད་ཚད་བུ་ཕྲུག་གི་མདུན་དུ་གཉའ་ཆག་ཅིང་སྤམ་མདོག་ཤོར་འགྲོ། མཚམས་འདིར་ངས་ཁྱོད་ཀྱི་ཨ་མ་དྲན་བྱུང་། ཕལ་ཆེར་ཁྱོད་ཀྱིས་བརྗེད་ཡོད་ཤས་ཆེ། སློབ་རིམ་གཉིས་པའི་སྐབས་ཀྱི་དབྱར་གཞུང་དེའི་ཕྱི་དྲོ་ཞིག་ལ། འུ་གཉིས་སྐྱེད་ཚལ་གྱི་ལྗོན་གསེབ་ཏུ་ངལ་གསོ་དུས། ཏག་ཏག་ཁྱོད་ཀྱི་ཨ་མས་ཁྱོད་ལ་བརྙན་ཟློས་བཏང་བྱུང་། མོས་ཞིང་ཁར་ཡུར་མ་ཡུར་ནས་ཁྱིམ་དུ་ལོག་མ་ཐག་ཡིན་སྐད། དམར་སྨུག་གི་ངོ་གདོང་དུ་རྔུལ་ཆུའི་དོག་པ་འཛུམ་ཡོད་ཀྱང་ངལ་དུབ་ཀྱི་ཉམས་སྣང་ཅི་ཡང་མེད་པར། བཞིན་གྱི་དཀྱིལ་འཁོར་དུ་ལྷད་མེད་འཛུམ་ཟེར་འཕྱུར་ཅིང་། ཞལ་གྱི་ཚེམས་ཕྲེང་བར་ནས་བྱམས་བརྩེ་འོ་དྲིས་སྣུམ་པའི་སྐྱིད་སྡུག་གི་སྐད་ཆ་རེ་རེ་བཞུར་དུས། ངས་གང་གིས་ཀྱང་མ་བསླད་པའི་ཕ་ཡུལ་གྱི་བུད་མེད་སྤྱི་དང་ནང་སྒོས་མ་ཡུམ་ཚོ་ཁོ་ནའི་ལུས་སྟེང་ནས་རྙེད་ཐུབ་པའི་དྲི་མ་ཞིག་ཚོར་ཞིང་། སྐད་ཆའི་ཚོན་མདངས་ཀྱིས་མཚོན་ཐབས་མེད་པའི་མ་བུའི་བར་གྱི་འདང་བརྩེའི་རི་མོ་ཞིག་མཐོང་བྱུང་། གང་ལྟར་དུས་དེ་ནས་བཟུང་ང་ཁྱོད་ཀྱི་ཨ་མར་ཡང་དགའ་ཞིང་སྙིང་ཉེ་བའི་སྣང་བ་ཞིག་སྐྱེས་མྱོང་བ་མ་ཟད། སྐྱེ་བ་འདིར་ཁྱོད་ཀྱི་གཏན་གྲོགས་སམ་ཡང་ན་ཁྱོད་ཀྱི་ཨ་མའི་ཇ་མ་བྱེད་དགོས་ཀྱང་ཕངས་སེམས་མེད་དོ་སྙམ་བྱུང་། ཨ་ལ་ཀུ་རེ་ཡིན།
       མཐར་ཐུག་གི་བདེ་སྐྱིད་ནི་ལུས་ལ་ན་ཚ་དང་སེམས་ལ་མྱ་ངན་མེད་པ་དེ་ལས་མ་འདས་ཤིང་། ངེས་དོན་གྱི་ཕྱུག་པོ་ཡང་ཁ་སོས་ཤིང་རྒྱབ་ཁེབས་པ་ལ་སྡུག་མི་དགོས་པ་དེའོ། །མདོར་ན་ང་ལ་ཁྱོད་ལྟ་བུའི་སེམས་ཀྱི་འཁེན་ས་བཀན་མོ་ཞིག་ཡོད་པས། འཁོར་བའི་ལ་ཐང་བརྒལ་བར་ཞུམ་དོན་ཅི། གཏན་དུ་འཛོམས་པའི་སྐལ་བཟང་མྱུར་བ་མྱུར་དུ་འཆར་བར་སྨོན།
༢༠༢༢ལོའི་ཟླ༦པའི་ཚེས༢༥ཉིན།”
       མིག་ཀོང་དུ་སྨེང་སྐྱོ་དང་དགའ་མགུའི་མཆི་མ་ལྟེམ་མེར་འཁྱིལ་ཞིང་། ཐེ་ཚོམ་གྱི་དཔྱང་ཐག་མང་པོ་དུམ་སེར་ཆད་དེ་སེམས་ལ་རང་དབང་མེད་པར་ངར་ཤུགས་ཤིག་ཀྱང་རྒྱས། འདི་ནི་གཞི་ནས་ཚེ་སྔོན་ལས་ཀྱིས་བསགས་པའི་འབྲས་བུ་སྨིན་པ་ཡིན་ནམ། ཁོས་རང་ལ་དེ་ལྟར་འདྲི་ཞོར་འཕྲིན་ཡིག་འདི་བརྩེ་དུང་གི་དགའ་སྐྱོའི་ཟིན་བྲིས་ཀྱི་མཇུག་སྡོམ་དུ་ཕབ་བཤུ་བྱས་ཚེ། བཀྲ་ཤིས་པའི་རྫོགས་ཚིག་ཅིག་བཀོད་པ་དང་མཚུངས་སོ་སྙམ་བྱུང་།
འབྲེལ་ཡོད་འོས་སྦྱོར།