ཞི་བདེ་ཉི་མ་ལགས་ཀྱི་སྙན་ངག
རྩོམ་པ་པོ།:ཞི་བདེ་ཉི་མ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-30
ཀློག་གྲངས།:
གླིང་གེ་སར་རྒྱལ་པོ།
ཞི་བདེ་ཉི་མ།
རྡོ་བ་གསུམ་དང་ཡིག་འབྲུ་དྲུག་གིས།
གླིང་དཀར་པོའི་རྒྱབ་དཔུང་བརྟན་པོར་བཅོས་སོང་།
ཡུལ་ཆེན་པོའི་འོ་འཛིན་མཐོན་པོ་ལས་བཞུར་པའི།
ཤེས་དང་སྟོབས་ཀྱི་གཙང་ཆབ་སྔོན་མོས།
དཔའ་རྒོད་སུམ་ཅུའི་དཔུང་པ་ལྕགས་ལ་བཞེངས་སོང་།
བཀྲེས་སྐོམ་གྱི་རྒོད་པོས་ལྷ་མདའི་ཕུགས་བསམ་བཀྲུས་སོང་།
ཚོ་ཁག་གི་ལྷ་བས་རིའི་ཕ་རོལ་ཀྱི་ཉེན་གནས་བསྟན་སོང་།
ངལ་བ་མེད་པའི་མེས་པོ་དག་གི་དཔུང་ཤ་བརླན་པར་མཛད་སོང་།
ཁ་ཆར་གྱིས་བཀྲུས་པའི་འཐབ་གླུས།
བདག་གི་སྐྱོ་བའི་གངས་ཐང་བཀབ་སོང་།
གནམ་གྱི་རྒྱལ་མོའི་བཀའ་ལུང་ལ།
ཕྱོགས་བཞི་ན་དགྲ་བཞི་ཡོད་ཟེར།
དགྲ་དེ་འདུལ་བའི་ལས་སྐལ་ཁྱོད་ལ་ཡོད་ཟེར།
ཕྱོགས་བཞི་ན་རི་བཞི་ཡོད་ཟེར།
རི་དེ་སྲུང་བའི་དགྲ་ལྷ་ཁྱོད་ཡིན་ཟེར།
འཐབ་ན་མི་རྒྱལ་པ་མེད་པའི་རྒྱལ་སྲས་ལགས།
ཡུམ་ཆེན་གྱི་ཕྱག་ཟུང་དྲོན་མོས།
ས་མཐའི་གཅེས་ཕྲུག་ཚོགས་ཀྱི་རུས་རྐང་དྲོས་སོང་།
ས་མཐའི་གཅེས་ཕྲུག་ཚོགས་ཀྱི་བློ་ཁོག་ཡངས་པོར་ཕྱེས་སོང་།
རེ་ལྟོས་ཀྱིས་བརྩིགས་པའི་རྨ་རྒྱལ་སྦོམ་རས།
གཅེས་ཕྲུག་དག་ལ་བརྟན་བརླིང་གི་གྲོགས་དན་བྱས་སོང་།
དཔའ་ངར་གྱིས་མདུན་དུ་བསྐྱོད་ཅིག
གླིང་ཆེན་པོའི་གཅེས་ཕྲུག་དག
མདུན་གྱི་གཡུལ་ལམ་ཁྲག་གིས་གཤགས་ཤོག
གཡུལ་གྱི་ངར་སྐད་མཚོན་གྱིས་མཆོད་ཤོག
རྒྱལ་ཁའི་གཏིང་མ་དར་གྱིས་བསྒྲེང་ཤོག
གནམ་ལྕགས་ཀྱིས་རྡུང་བའི་འཐབ་རྔས།
དགྲ་བགེགས་དག་གི་རྨི་ལམ་བཀས་པར་བྱས།
རལ་གྲིའི་རྩེ་མོས་སྤྲིན་རིམ་བརྟོལ་ཐེངས་རེར།
དགྲ་ཚོགས་ཀྱི་མིག་ཟུང་ཐང་ལ་འཐོར་སོང་།
ཀྱེ། ཁྲག་དྲི་འཐུལ་བའི་དམངས་གཞས་དེ།
ཚོ་ཁག་གང་ཞིག་གི་མཁའ་རུ་ཉུལ་སོང་།
གནམ་སའི་བར་དུ།
འདུལ་མི་ཚར་བའི་དགྲ་བགེགས་ག་ཙམ་ཡོད།
བསྐྱངས་མི་ཚར་བའི་གཉེན་ཉེ་ག་ཙམ་ཡོད།
བླངས་མི་ཚར་བའི་འཐབ་གླུ་ག་ཙམ་ཡོད།
ཡུམ་ཆེན་གྱིས་དཔའ་བོ་བསྐྱངས་སོང་།
ལྷ་མདའ་ཡིས་ཕ་ཡུལ་བསྐྱངས་སོང་།
ས་ཆེན་འདི་ལྷ་ཚོགས་ཀྱིས་བསྐྱངས་སོང་།
སྙིང་ནད་དེ་ལས་སླ་བོ་ཞིག་ག་ལ་ཡིན།
དགྲ་ཤ་དེ་ལས་སླ་བོ་ཞིག་ག་ལ་ཡིན།
ཞི་བདེ་དེ་ལས་སླ་བོ་ཞིག་ག་ལ་ཡིན།
རྒྱལ་པོའི་ཕོ་བྲང་གི་ཚོམས་ཆེན་དུ།
གཞན་ཡུལ་གྱི་ཡུགས་མོས་འཚང་ཁ་ཤིག་ཤིག་བྱེད།
གདོན་འདྲེ་དང་བྲོ་གཞས་མཉམ་རོལ་ཁྲོད།
སྡར་མའི་དཔུང་ཚོགས་ཤིག་ཤིག་བྱེད།
དོ་ནུབ། ངས་གླིང་གེ་སར་བཀླགས་སོང་།
དོ་ནུབ། ང་གཡུལ་ས་ན་ཡོད།
དོ་ནུབ། ངས་ཅི་ཡང་ཆམ་ལ་ཕབ་མི་འདོད།
མིག་ཆུའི་ཁྲོད་འགྲེང་པའི་རྐྱང་རྒོད་གཡེར་བ་ལགས།
ཁྱོད་ཀྱིས་ང་ཕ་ཡུལ་ལ་སྐྱེལ་རོགས།
ད་ནི་ངས་སྐྱ་རེངས་ཁྲོད་ཀྱི་ཁྲག་མདོག་གི་ཉི་མ་དེ་མཐོང་མི་འདོད།
རྒྱལ་སྲས་ལགས།
དོ་ནུབ་ང་ལ་ཤ་འཁོན་མེད།
2018-8-9ཉིན།
འབྲེལ་ཡོད་འོས་སྦྱོར།
-
ཕ་ཡུལ་ལ་ལོག་པ།ཞི་བདེ་ཉི་མ། ང་ཕ་ཡུལ་ལ་ལོག་དགོས། ང་ཡབ...