《སློབ་མའི་བསླབ་བྱ》བཀླགས་རྗེས་ཀྱི་མྱོང་ཚོར།
དེ་ཡང་ཇི་སྐད་དུ།“ དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ།།མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས།།མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ།།ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས།།ཕྱི་ཕྱོལ་སྤོངས་ལ་སྙིང་བོ་ལོངས་ཤིག་ཨང་།།”ཞེས་པ་ལྟར།འུ་ཅག་ལ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཡི་མི་ལུས་རིན་པོ་ཆེ་ཐོབ་ཅིང་།ཚེ་རབས་སྔོན་མའི་ཚོགས་བསགས་བཟང་པོའི་འབྲས་སུ་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ལ་སྐྱེས་པའི་སྐལ་བ་བཟང་བོ་འབྱོར་ཡོད་པས།སོ་སོས་རྙེད་པ་དོན་ཡོད་དུ་གཏོང་ཕྱིར་མི་ཚེའི་རིན་ཐང་འཚོལ་ཞིབ་དང་མི་ཚེ་ལ་བཀྲག་མདངས་བཀྲ་བའི་ཁ་དོག་ཅིག་བགོ་རྒྱུ་ནི་ཤིན་ཏུ་ཁ་ཚ་དགོས་གཏུག་གི་གནས་སུ་ཕྱིན་འདུག་སྙམ།འོ་ན་ཇི་ལྟར་བྱས་ནས་རང་གི་མི་ཚེའི་རིན་ཐང་འཚོལ་རྙེད་དང་མི་ཚེ་ལ་བཀྲག་མདངས་ལྡན་པར་བྱེད་དགོས་ཤེ་ན།དེ་ཡང་མི་རེ་རེ་ལ་རང་གི་འཚོ་གནས་ཀྱི་ཁོར་ཡུག་ཅིག་དང་རིན་ཐང་ལྟ་བ་རེ་ཡོད་ངེས་པས་ངས་འདི་ནས་མི་ཤེས་ཤེས་ཁུལ་གྱིས་འདི་འདྲ་ཡིན་དང་དེ་འདྲ་རེད་ཅེས་ཁ་ཚོན་འདྲ་ཞིག་བཅད་ན།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་མཆོག་གིས་གསུངས་པའི་“ཁ་མཁས་སྨྲ་ལྕེ་བདེ་ན་བཟང་མོད་ཀྱང་།།དུས་ཚོད་གནས་སྐབས་མེད་པར་ཁ་མང་ན་།།རང་གི་ནང་ཉམས་བཟང་ངན་མི་ལ་སྟོན།།བཤད་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན།།”ཞེས་པ་ཡིད་ལ་འཇགས་ཤིང་།ཡང་གཅིག་བཤད་ན་རང་ཉིད་ཁ་མཁས་སྨྲ་ལྕེ་བདེ་བ་ལྟ་བུ་གང་ཡིན་མིན་པས་མང་པོ་ལབ་པར་མི་སྤོབས།དེར་མ་ཟད་ང་ཚོ་སུ་ལའང་མི་གཞན་གྱི་མི་ཚེའི་རིན་ཐངའཚོལ་ཞིབ་བྱེད་པའི་དབང་ཆ་ལ་ཁ་བསྲིང་ལག་སྙོབས་བྱེད་རྒྱུའི་ཐོབ་ཐང་ཡང་མེད་པས་རང་མནར་རོགས་མནར་གྱི་གླེན་རྟགས་དེ་འདྲ་ངས་ཀྱང་ཕུད་འདོད་མིན།འོན་ཀྱང་ཉེ་ཆར《སློབ་མའི་བསླབ་བྱ》ཞེས་པའི་དཔེ་དེབ་ཅིག་བཀླགས་པ་ལས་ང་ལ་མི་ཚེའི་རིན་ཐང་སྐོར་རམ་མིའི་སྤྱོད་ཡོན་གྱི་ཕན་འབྲས་སྐོར་གྱི་དྲན་ཚུལ་རེ་འགའ་སྐྱེས་སུ་བཅུག་པས་སྟབས་ལེགས་ན་མི་ལ་ལ་ལ་ཕན་རེའང་ཐོགས་མི་ཡོང་ངམ་སྙམ་ནས་ཉོག་བཤད་འདྲ་ཅུང་ཞིག་བྱེད་དགོས་བྱུང་བ་ཡིན།ངའི་གཤམ་གྱི་སྐད་ཆ་དག་ལ་མཚོན་ན་དེ་ནི་དེ་རེད་དང་འདི་ནི་འདི་རེད་ཅེས་ཡོངས་སུ་ཐག་གིས་བཅད་པ་ནི་མིན་པས་འདི་ཀློག་པོ་རེ་བྱུང་ན་རང་གི་རྣམ་དཔྱོད་ཀྱི་སྒྲོན་མེས་བརྟག་ཅིང་དཔྱོད་རྒྱུ་ནི་རེ་བ་ཙམ་མོ།།
ཉིན་འགའི་སྔོན་དུ་གྲོགས་པོ་ཞིག་གིས《སློབ་མའི་བསླབ་བྱ》ཟེར་བའི་དེབ་ཅིག་ཁྱེར་ཡོང་སྟེ་ང་ལ་རང་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གིས་དེབ་དེའི་ལྟ་ཀློག་མྱོང་ཚོར་སྐོར་གྱི་རྩོམ་ཡིག་འགྲན་སྡུར་ཅིག་སྤེལ་རྒྱུ་ཡིན་ཚུལ་ལབ་སོང་།ང་རང་ལ་མཚོན་ན་ནི་རྒྱུན་དུ་རྩོམ་ཁྱོགས་འགའ་རེ་འབྲི་ཁུལ་བྱེད་པར་མོས་པའི་ཁར་ད་ཐེངས་རང་གི་ཆེད་ལས་ཀྱང་སློབ་གསོའི་ལག་རྩལ་ཟེར་བ་ཞིག་ལ་ཁེལ་ཡོད་པས་བོད་སྐད་ཡིག་དང་ཁ་ཐག་ཇེ་རིང་དུ་ཕྱིན་སོང་བའི་སྣང་བ་ཞིག་གིས་བསྐུལ་ཏེ་གྲོགས་པོ་དེ་ལ་འགྲན་སྡུར་དེར་སྡེ་ཁག་གཞན་པའི་སློབ་མ་དག་ཞུགས་ན་ཆོག་མིན་སྐོར་ཐེངས་འདིའི་འགྲན་སྡུར་གྱི་དོ་དམ་པ་ཞིག་ལ་འདྲི་རུ་བཅུག ཉིན་གཉིས་གསུམ་ཙམ་འགོར་རྗེས་གྲོགས་པོ་དེས་ང་ལ《སློབ་མའི་བསླབ་བྱ》ཡི་དེབ་ཅིག་སྤྲད་དེ་སྡེ་ཁག་གཞན་པའི་སློབ་མ་དག་ཀྱང་འགྲན་ཞུགས་བྱས་ན་ཆོག་ཚུལ་གྱི་གཏམ་བཟང་བཤད་ཐལ།ངོ་མ་དགའ་ནི་ཡིན།བོད་ཁུལ་གྱི་སློབ་གྲྭ་ཆེན་མོ་ཞིག་ལ་མཚོན་ན་བོད་ཡིག་སྡེ་ཁག་མ་གཏོགས་སྡེ་ཁག་གཞན་པའི་སློབ་མ་དག་གིས་བོད་ཡིག་སྦྱངས་འདོད་ཡོད་ཀྱང་སྦྱོང་རྒྱུ་མེད་པ་འདི་ནི་རིག་གནས་ཉམས་རྒུད་ཀྱི་ཐན་ལྟས་ཆེན་མོ་ཞིག་ཏུ་མཐོང་ཡོང་།དེ་འདྲ་ཡིན་པ་ལ་ཁྱེད་བོད་ཡིག་སྡེ་ཁག་གིས་ཐུགས་དཀྱེལ་ཡངས་པོས་རྒྱུ་རྐྱེན་དུ་མའི་དབང་གིས་བོད་ཡིག་སྡེ་ཁག་ལ་ཡོང་མ་ཐུབ་པའི་སྡེ་ཁག་གཞན་གྱི་བོད་ཀྱི་སློབ་མ་རྣམས་ལ་རྩོམ་རིག་གི་རྒྱལ་ཁམས་འདི་ལྟ་བུ་ཞིག་གནང་བ་ལ་སེམས་བསམ་པའི་གཏིང་དང་གློ་རྒྱུ་མའི་ཁུགས་ནས་བཀའ་དྲིན་ཞུས་པ་ཡིན།གོང་གི་སྐད་ཆ་དག་བརྗོད་བྱ་དངོས་ལས་ཅུང་ཙམ་འགལ་ཡོད་ནའང་རང་གིས་མ་བཤད་ཐབས་མེད་དུ་གྱུར་བའི་སྐད་ཆ་དྲང་མོ་ཞིག་ཡིན་པས་དགོངས་འགལ་མེད་པར་ཞུ།
ད་ནི་བརྗོད་བྱ་དངོས་ལ་ཞུགས་པར་བྱ་སྟེ།《སློབ་མའི་བསླབ་བྱ》ནི་ཆིན་རྒྱལ་རབས་ཀྱི་ཁང་ཤིས་རྒྱལ་པོའི་རིང་གི་སྙན་གྲགས་ཅན་གྱི་སློབ་གསོ་བ་ཆེན་མོ་ལིས་ཡེ་ཤོས(李毓秀)ཀྱིས་རུའུ་ཆོས་ཀྱི་བསླབ་བྱ་མང་པོ་ཕྱོགས་བསྡུས་བྱས་ཏེ་བརྩམས་པ་ཞིག་ཡིན་ཞིང་།།འདིའི་ཐོག་མའིམཚན་བྱང་ལ《训蒙文》ཟེར།དེབ་འདི་ནི་ཁུང་ཙི་སོགས་ཀྱི་བསམ་བློའི་རྨང་གཞིའི་སྟེང་རྩོམ་སྒྲིག་བྱས་པ་ཞིག་ཡིན་པས་ན་ནང་དོན་གྱི་ཆ་ཡིས་རུའུ་ཆོས་ཀྱི་ལྟེ་བའི་དགོངས་དོན་དག་ཤུགས་དྲགས་པོས་མཚོན་གྱི་ཡོད།རུའུ་ལུགས་གྲུབ་མཐའ་ཟེར་བའམ་རུའུ་ཆོས་ནི་ཕལ་ཆེར་ལོ་ངོ༢༥༠༠ཙམ་གྱི་ཡར་སྔོན་དུ་རྒྱ་ནག་གི་བསམ་བློ་བ་གྲགས་ཆེན་ཁུང་ཙི་ཡིས་སྲོད་བཏོད་པ་ཡིན་ལ།རྗེས་སོར་ཁོང་གི་སློབ་མ་མོན་ཙི་སོགས་ཀྱིས་མུ་མཐུད་དུ་དར་རྒྱས་གོང་འཕེལ་དུ་བཏང་སྟེ་ད་ལྟའི་བར་དུ་ཡོངས་སུ་མ་ཉམས་པར་གནས་ཡོད་པ་རེད།སྤྱིར་ལོ་རྒྱུས་ཀྱི་བཞུད་ལམ་རིང་མོའི་ཁྲོད་དུ་ཕྱིར་མིག་རེ་འཕངས་ན་རུའུ་ལུགས་གྲུབ་མཐའ་འདི་ལའང་རྒྱའི་གོང་མ་ཆིན་ཧྲི་ཧོང་གི་སྐབས་དང་ཉེ་དུས་ཀྱི་ལོ་བཅུའི་གོད་ཆགས་ཆེན་མོ་སོགས་ཀྱི་ནང་དུ་མི་མང་གི་ཁ་རྡུང་དང་ངོ་རྒོལ་མང་དག་ཅིག་ཐེབས་ཡོད་མོད།ཡིན་ནའང་གསེར་ས་འོག་ལ་བཅུག་ཀྱང་འོད་ནམ་མཁའ་ཟེར་བ་ལྟར་མི་ཆོས་རང་ལུགས་རྨང་གཞི་རུ་འགྱུར་གྱིན་པའི་དེང་དུས་ཀྱི་སྤྱི་ཚོགས་སུ་སླེབས་དུས་མི་རྣམས་ཀྱིས་ད་གཟོད་ང་ཚོས་དུས་སྐབས་འདི་ལྟ་བུ་རུ་་མུ་མཐུད་དུ་བདེ་སྐྱིད་རྙེད་ཐབས་དང་འཚོ་བ་རོལ་དགོས་ན་མིའི་བར་དུ་གུས་ལུགས་དང་བྱམས་སེམས་ཀྱིས་བརྒྱན་པའི་རིག་གནས་རླབས་རྒྱུན་ཞིག་ཡོད་དགོས་པ་ཚོར་རྟོགས་བྱུང་ཡོད་ཅིང་།དེའི་ཕྱོགས་ཀྱི་དཔེ་འང་ཡང་མང་ཙམ་ཐོས་རྒྱུ་ཡོད་པར་འདུག སྤྱི་ལོ༡༩༨༨ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རིས་ནས་ཧན་ནི་སུ་ཨར་ཝེན་སོགས་ནོ་འབེལ་བྱ་དགའ་ཐོབ་མཁན་མི་བདུན་ཅུ་དོན་ལྔ་ཙམ་འཚོགས་ཏེ་སྤེལ་བའི་ཕེ་རི་སུ་བསྒྲགས་གཏམ་ཞེས་པའི་ནང་“མིའི་རིགས་ཐམས་ཅད་དུས་རབས་ཉེར་གཅིག་པའི་ནང་སུ་འཚོ་གནས་བྱེད་པ་ལ་ངེས་པར་དུ་ལོ༢༥༠༠སྔོན་དུ་སོང་ནས་ཁུང་ཙིའི་བསམ་བློའམ་ཤེས་རབ་འཚོལ་སྡུད་བྱེད་དགོས།”ཞེས་གསུངས་ཡོད་འདུག་ལ།ད་སྐབས་འཇར་པན་དང་ལྷོ་ཁོ་རེ་ཡ།སིང་གྷ་ཕོར་སློབ་གྲྭ་དང་ཁེ་ལས་ཚོགས་པ་གཙོས་མི་ཁྲི་ཕྲག་མང་པོས་ཁུང་ཙིའི་བསམ་བློའམ་རུའུ་ལུགས་པའི་བསླབ་བྱ་མང་པོ་ཕྱོགས་བསྡུས་བྱས་པའི་《སློབ་མའི་བསླབ་བྱ》སློབ་སྦྱོང་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པར་བཤད།དེ་ལྟ་བུ་ཞིག་ཡིན་པ་ན་རྒྱ་མི་རིགས་ཀྱིས་རང་གི་མེས་པོ་དམ་པས་བཏོད་པའི་རྩ་ཆེན་གྱི་མི་ཆོས་བསམ་བློའི་སློབ་གསོའི་རིག་གཞུང་རླབས་པོ་ཆེ་འདི་ལྟ་བུ་ཞིག་རང་ལ་དབང་བཞིན་དུ་རྨེག་མེད་བཟོ་འདོད་བྱེད་པ་ནི་ཟས་ཁ་ལ་ཐོན་ནོ་སྣ་ཡིས་སྤུར་བའམ་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་པ་ཞིག་ཡིན་སྣང་འདུག་ཅིང་།ནམ་ཞིག་ཉི་མ་ཞིག་ལ་མི་དང་མི་བར་དུ་བྱམས་དང་བརྩེ་བ་ཟེར་རྒྱུ་ཞིག་མེད་པ་དང་བུ་ཕྲུག་གིས་ཕ་མ་ལ་མི་གུས་པར་མ་ཟད་ཕ་མ་དང་བུ་ཕྲུག་གི་བར་བྲན་དང་གཡོག་པོའི་འབྲེལ་བ་ལྟ་བུ་ཞིག་གམ་ཚོང་ལས་ཀྱི་འབྲེལ་བ་འདྲ་བའི་ལུགགས་སྲོལ་ཞིག་ཆགས་ཚེ་ཇི་ལྟར་བློ་འགྱོད་བྱེད་ཁུལ་བྱས་ཀྱང་སྡུག་གྱོང་རེད།ཡང་ན་སྔ་མོ་ནས་འབྲེལ་བ་དེ་འདྲ་ཞིག་གི་མྱུ་གུའང་འབུས་ཟིན་པ་སྟེ།དེང་སང་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ནང་དུ་ཕ་མས་བུ་ཕྲུག་ལོ་༡༨་ལ་སླེབས་རེག་བར་དུ་གཉོར་སྐྱོང་བྱེད་དགོས་པའི་འགན་འཁྲི་ཡོད་ཅིང་དེ་རྗེས་བུ་ཕྲུག་གིས་ཕ་མ་གཉོར་སྐྱོང་བྱེད་པའི་འོས་འགན་ཡོད་ཅེས་ཕ་མ་དང་བུ་ཕྲུག་གི་བར་དུའང་ཕན་ཚུན་གཉོར་སྐྱོང་བྱེད་རྒྱུ་ནི་ཁྲིམས་ཀྱི་འདུ་ཤེས་ཤིག་ཏུ་མི་སྒྱུར་ག་མེད་བྱུང་ཡོད།དེའང་གཙོ་བོ་ཁྲིམས་དེ་འདྲ་ཞིག་མ་བཞག་རང་བཞག་ཏུ་སོང་ཟིན་པའི་བྱ་བ་ཞིག་གི་རྨང་གཞི་ཚུགས་ཡོད་པ་ཡིན་གྱི་རང་བཞིན་དུ་ཁྲིམས་འདི་ནི་ཧ་ཅང་འུ་ཐུག་ཐབས་ཟད་ཀྱི་ཁྲིམས་ཞིག་དུ་འདུག་པས་ཁྲིམས་འཛུགས་པ་པོ་དང་འཛུགས་ཡུལ་སུ་ལ་མཚོན་ནའང་ངོ་གནོང་དགོས་པ་ལྟ་བུ་ཞིག་ཡིན་སྣང་གདའ།ང་ཚོ་བོད་མི་རིགས་ལ་མཚོན་ན་གནའ་དུས་ནས་རྒན་བཀུར་གཞོན་བྱམས་ཀྱི་སྲོལ་བཟང་བོ་ཞིག་ཆགས་ཡོད་པས་དེ་འདྲའི་ཐབས་འུ་ཐུག་འཐེན་དགོས་པ་བྱུང་བ་ད་སྔ་མ་ཐོས་མོད།མ་འོངས་བ་ལ་དེ་འདྲ་མི་ཡོང་ཆེད་ང་ཚོས་ཀྱང་ཆུ་མ་ཡོང་གོང་གི་རགས་ཅེས་པ་ལྟར་ད་ནས་བཟུང་《སློབ་མའི་བསླབ་བྱ》སོགས་མིའི་གུས་ལུགས་དང་འགྲོ་འདུག་སྤྱོད་ལམ་ལ་དྲང་ལམ་སྟོན་བྱེད་ཀྱི་རིག་གནས་མང་པོ་སློབ་སྦྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་དུ་མཐོང་ཡོང་།
ད་ཐེངས་དེབ་འདིའི་རྒྱ་ཡིག་གི་མ་དཔེ་དང་བོད་འགྱུར་གཉིས་ཀ་བསྡུར་བའི་སྒོ་ནས་ཅུང་ཟད་བལྟས་པས་ང་ལ་ཚོར་སྣང་ཟབ་མོ་ཞིག་སྐྱེས་པ་ནི་གལ་སྲིད་ང་ཚོའི་ཉེ་འཁོར་གྱི་མི་ཐམས་ཅད་སྤྱོད་ཡོན་ལེགས་པོ་ཅན་དག་དག་ཆགས་ཐུབ་རྒྱུ་ན་དེབ་འདི་རུ་བཤད་པའི་སྲི་ཞུ་དང་གུས་བཀུར།ཡིད་རྟོན་དྲང་བདེན།ཀུན་ལ་བྱམས་སྐྱོང་ལ་སོགས་པ་རང་བཞིན་གྱིས་གྲུབ་ཡོང་ཞིང་།ཡང་གཅིག་བཤད་ན་སྲི་ཞུ་དང་གུས་བཀུར།ཡིད་རྟོན་དྲང་བདེན།ཀུན་ལ་བྱམས་སྐྱོང་ལ་སོགས་པ་རང་ངོས་ནས་ལེགས་པོ་ཞིག་འཁྱོང་བ་ཡིན་ན་རང་བཞིན་ཀྱིས་སྤྱོད་ཡོན་ལེགས་པོ་ཅན་ཞིག་ཆགས་ཐུབ་ཡོད་པ་རེད་འདོད་པ་དེའོ།།དེ་བས་སྤྱོད་ཡོན་ནི་ངའི་དེ་རིང་གི་གླེང་གཞི་གཙོ་བོ་དེ་ཡིན།
ངས་འདི་རུ་ཚུལ་ཅི་་ལྟ་བུའི་སྒོ་ནས་སྤྱོད་ཡོན་ལྡན་པ་ཞིག་ཡོང་དགོས་པའི་སྐོར་གྱི་སྐད་ཆ་མང་པོ་བཤད་རྒྱུ་མིན་ལ་བཤད་ཀྱང་མི་ཤེས།མ་ཟད་གནས་རེ་རེ་དང་དུས་རེ་རེས་ཚད་མ་རུ་འཛིན་པའི་སྤྱོད་ཡོན་གྱི་ཚད་གཞིར་ཡང་འགྱུར་ལྡོག་ཆེ་ཞིང་རིམ་པ་མི་འདྲ་བ་ཞིག་ཡིན་ཚོད་འདུག་པས་ངས་འདི་རུ་སྨྱོ་ཁ་བསླུས་པ་ཙམ་གྱིས་ཕན་ཐོགས་མི་རེག འོན་ཀྱང་དུས་དང་གནས་སྐབས་གང་ལ་ཆ་མཚོན་ནས་བཤད་ནའང་ཚང་མས་སྤྱོད་ཡོན་ཅན་གྱི་མིའམ་སྤྱི་ཚོགས་ཤིག་ལ་རེ་ལྟོས་བྱེད་པའི་མ་མཐའི་དམིགས་ཡུལ་ནི་མཐའ་གཅིག་ཙམ་ལ་འབབ་ཀྱི་ཡོད་པ་སྟེ།དེ་ནི་ཕན་ཚུན་འཚེ་བ་མེད་པའི་ཞི་བདེའི་འཚོ་བའམ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་རྒྱུ་དེ་ཡིན་པར་སེམས།དེ་བས་ངས་ཀྱང་འདི་ནས་སྤྱོད་ཡོན་ལེགས་པོས་ང་ཚོ་ལ་ཕན་བདེ་གང་འདྲ་བསྐྲུན་པའི་སྐོར་ཅུང་ཟད་སྨྲ་བར་སྤྲོ།རྒྱུ་མཚན་མི་རྣམས་དོན་གྱི་མཇུག་འབྲས་ལ་སྤྲོ་བ་ཡོད་ཅིང་།མཇུག་འབྲས་བཟང་ངན་ལ་བལྟས་ཏེ་དོན་དེའི་བརྒྱུད་རིམ་ལ་ངར་ཤུགས་འདོན་ཚད་ཀྱང་འདྲ་བ་མིན་པས་ངས་ཀྱང་སྤྱོད་ཡོན་ལེགས་པོ་འཛོམས་པའི་ཕན་འབྲས་རེ་གླེང་བ་ཡིན་ན་མི་རེ་འགའ་ལ་རང་ཉིད་ལེགས་སྒྱུར་བྱེད་རྒྱུ་ལ་ཕན་པ་རེའང་ཐོགས་པར་སྲིད་ངེས་པས་གཤམ་དུ་སྤྱོད་ཡོན་གྱི་ངོས་ནས་རང་གི་ལྟ་ཚུལ་རགས་ཙམ་བརྗོད་པར་བྱའོ།།
གཅིག སྤྱོད་ཡོན་ཞེས་པ་རགས་ཙམ་གླེང་བ།
སྤྱིར་སྤྱོད་ཡོན་བརྗོད་པ་ལ་སྤྱོད་པ་དང་ཡོན་ཏན་གཉིས་སོ་སོ་ནས་རགས་ཙམ་ཞིག་བརྗོད་པའི་དགོས་པ་འདུག་སྟེ།ངས་འདི་ནས་སྤྱོད་ཅེས་པ་མིའི་སྤྱོད་པ་སྟེ་ཀུན་སྤྱོད་ལ་གོ་བ་ཡིན་ཞིང་ཡོན་ཞེས་པ་ཤེས་ཡོན་ལ་གོ་བ་ཡིན།དེ་གཉིས་བསྡུས་པའི་ཚུལ་གྱིས་བྲིས་པས་སྤྱོད་ཡོན་ཞེས་གྲུབ་པར་འདོད།
དེ་ཡང་ཞོགས་དུང་གི《དོགས་སློང་སྙིང་སྟོབས།》སུ་འདི་འདྲར་བྲིས་འདུག་སྟེ།ཀུན་སྤྱོད་ནི་མི་རྣམས་ཀྱི་སྤྱོད་ལམ་འཆལ་བ་སྡོམ་པའི་འདུ་ཤེས་ཤིག་དང་མི་རྣམས་སྤྱི་མཐུན་དུ་འཚོ་ཞིང་ལེགས་ལམ་དུ་འཁྲིད་པའི་བྱེད་པོ་སྟེ་ཁྲིམས་ཀྱི་གཞི་འཛིན་སའང་རེད་ཅེས་དང་ཀུན་སྤྱོད་ནི་རང་བྱུང་གི་ཁྲིམས་རིགས་ཤིག་སྟེ་དེ་ཡང་མི་རྣམས་ཀྱིས་རང་རྟོགས་ཀྱིས་སྲུང་དགོས་པའི་ཁྲིམས་རིགས་ཤིག་ཀྱང་རེད་ཅེས་བརྗོད་འདུག ད་དུང་རྒྱའི་《མིང་མཛོད》དུ།ཀུན་སྤྱོད་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་རིགས་ཤིག་སྟེ།སྤྱི་ཚོགས་ངེས་ཅན་ཞིག་གི་མི་དང་མིའི་བར་དང་།མི་དང་སྤྱི་ཚོགས་བར་དུ་ཕན་ཚུན་འབྲེལ་བ་བྱེད་སྐབས་ཀྱི་སྤྱོད་ལམ་ཚད་ལྡན་དུ་གཏོང་བའི་འདུ་ཤེས་ལ་ཟེར་ཞེས་བཀོད་ཡོད་པར་བཤད།ཀུན་སྤྱོད་ཀྱི་རིགས་དབྱེ་བ་ལའང་དེའི་ངོ་བོའི་སྒོ་ནས་ཆོས་པའི་ཀུན་སྤྱོད་དང་འཇིག་རྟེན་པའི་ཀུན་སྤྱོད་ཅེས་རིགས་གཉིས་སུ་འབྱེད་ཅིང་དེ་མ་ཡིན་པའི་ཕྱོགས་གཞན་ནས་དབྱེ་བ་འབྱེད་སྲོལ་མང་ན་ཐང་མོད།འོན་ཀྱང་ཀུན་སྤྱོད་རིགས་མི་འདྲ་བ་ཅི་ཙམ་ཡོད་ཀྱང་དེའི་རྣམ་གྲངས་མཐའ་དག་རྩ་བའི་ཀུན་སྤྱོད་གཤིས་རྒྱུད་བཞི་ལ་མ་འདུས་པ་ཞིག་མེད་པར་ནུབ་ཕྱོགས་པ་ཚོས་སྨྲ་ཞིང་།རྩ་བའི་ཀུན་སྤྱོད་གཤིས་རྒྱུད་བཞི་ནི་བློ་སྟོབས་བརྟན་བརླིང་དང་རང་གཅུན་རང་སྡོམ།དྲང་པོ་དྲང་བཞག གཟབ་ནན་དཔྱོད་ལྡན་བཅས་སོ།།
ཤེས་ཡོན་ཞེས་པ་ཤེས་བྱ་དང་ཡོན་ཏན་གྱི་ཚིག་སྡུད་ཡིན།ཤེས་བྱ་ལ་ཆ་མཚོན་ན་བློའི་ཡིད་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད་ཡིན་པས་ཁྱབ་ཤིན་དུ་ཆེ།འོན་ཀྱང་ང་ཚོ་ལ་མཁོ་བ་ནི་དེ་ལས་རང་གི་འཚོ་གནས་ཀྱི་དུས་ཚོད་དུ་བཀོལ་ཐུབ་ཅིང་མ་འོངས་བ་ལ་ལག་རྗེས་ཅུང་རེ་འཇོག་ཐུབ་པ་ཙམ་ཞིག་ཡིན་པར་འདོད་ལ།དེ་ཙམ་མ་གཏོགས་ང་ཚོས་ལེན་ཀྱང་མི་ནུས་པ་མ་ཡིན་ནམ།ཡོན་ཏན་ནི་ཤེས་བྱ་རིག་པའི་གནས་ཅི་རིགས་བསླབ་ནས་ངེས་པའི་བློའམ་ནུས་པའི་མིང་སྟེ།མི་ཡོན་ཏན་ཅན་ལྟ་བུ་ཞེས་དང་།ནུས་པ་དང་ཁྱད་ཆོས་ཀྱི་མིང་སྟེ།སྨན་གྱི་ཡོན་ཏན་ལྟ་བུའོ་ཞེས་《དག་ཡིག་གསར་བསྒྲིགས》སུ་བྲིས་འདུག ཤེས་དང་ཡོན་གཉིས་སོ་སོར་བཀར་ནས་མཚན་ཉིད་རགས་ཙམ་པ་རེ་བཀོད་ན་དེ་འདྲ་ཞིག་ཡིན་པ་རེད།ད་ནི་དེ་གཉིས་མིའི་སྟེང་དུ་སྦྱར་ཏེ་མཇུག་ཏུ་བདག་སྒྲའི་ཕྲད་ཅན་སྒྲ་ཞིག་སྦྱར་ན་དེ་ནི་བློའི་ཡིད་དུ་བྱ་རུང་བའི་ཤེས་བྱ་རིག་པའི་གནས་ཅི་རིགས་ཤིག་བསླབ་ནས་ངེས་པའི་བློ་དང་ནུས་པ་ཡོད་མཁན་གྱི་གང་ཟག་དེ་རིགས་ལ་གོ་བའི་ཆེད་བཀོལ་མིང་བརྡ་ཞིག་ཏུ་གྱུར་ཡོད་པར་སེམས།དེ་ནི་རང་གི་འདོད་པ་ཙམ་ཡིན།
《དོགས་སློང་སྙིང་སྟོབས》སུ་ཤེས་ཡོན་ཅན་ནི་མིའི་རིགས་ཀྱི་ལོ་རྒྱུས་མདུན་སྐྱོད་ལ་སྐུལ་མ་བྱེད་མཁན་དང་ཐོན་སྐྱེད་འཕེལ་རྒྱས་ལ་མཛད་རྗེས་འཇོག་མཁན་ཡིན་པའི་ཕྱོགས་གཙོ་བོར་བཟུང་ནས་བོད་དུ་དོན་དམ་པའི་ཤེས་ཡོན་ཅན་བྱུང་ནས་ད་སྔ་མི་ལོ་ཉི་ཤུ་ཡས་མས་ཀྱི་ལོ་རྒྱུས་མ་གཏོགས་མེད་པར་བཤད་འདུག་ལ།དེ་ནི་གཙོ་བོ་མི་ཆོས་རིག་གནས་གཙོ་ཆེར་བཟུང་ནས་ལབ་པའི་བསམ་ཚུལ་ཞིག་ཡིན་པ་ནི་ཐོན་སྐྱེད་གཙོ་ཆེར་གཉེར་མཁན་ཞེས་ནན་ཏན་དུ་བཀོད་པ་ལས་ཤེས་ཐུབ།རྒྱའི་《མིང་མཛོད》དུ་ཤེས་ཡོན་ཆན་ནི་རིག་གནས་དང་ཚན་རིག་གི་ཤེས་བྱ་ངེས་ཅན་ལྡན་པའི་ཀླད་ཤུགས་ངལ་རྩོལ་པ་ལའོ་ཞེས་བཤད་པར་གྲགས།གཞན་ཤེས་ཡོན་ཅན་ལ་ད་དུང་ཤེས་ཡོན་ཅན་དང་ཤེས་ཡོན་ཅན་རྣལ་མ་ཞེས་རིགས་གཉིས་སུ་དབྱེ་བཞིན་ཡོད་དེ།དེ་དག་སོ་སོ་ནི་སྒྲ་ཡངས་འཇུག་དང་དོག་འཇུག་གི་ངོས་ནས་ཕྱེས་པ་ཡིན་འདུག་པ་ནི།རང་རྐྱ་ཐུབ་པ།སྤྱི་གཞུང་དོ་ཁུར་བྱེད་པ།དོགས་སློང་དང་དགག་སྒྲུབ་སྙིང་སྟོབས་ལྡན་པ།རྒྱུ་འབྲས་བློ་མིག་ཆེ་བ།སྤྱི་ཚོགས་ལ་ཞུགས་པའི་འདུ་ཤེས་ཀྱིས་ཕྱུག་པ་བཅས་མཚན་ཟུར་ལྔ་ཚང་བ་ནི་སྒྲ་དོག་འཇུག་ཏུ་སྨྲ་བའི་ཤེས་ཡོན་ཅན་རྣལ་མའི་སྐོར་ཡིན་ལ།གོང་གི་རྒྱའི་མིང་མཛོད་དུ་ཤེས་ཡོན་ཅན་ལ་མཚན་ཉིད་བཞག་པ་ལས་རིག་གནས་དང་ཚན་རིག་གི་ཤེས་བྱ་ངེས་ཅན་ལྡན་པ།ཀླད་ཤུགས་ངལ་རྩོལ་པ།ངལ་རྩོལ་པ་ཞེས་མཚན་ཟུར་གསུམ་བཏུས་ནས་དེ་དག་གི་ཁྱད་ཆོས་ལྡན་པ་དེ་ནི་སྒྲ་ཡངས་འཇུག་གི་ཤེས་ཡོན་ཅན་གྱི་མཚན་ཉིད་དུ་བཏགས་པ་ཡིན་པའི་སྐོར་《དོགས་སློང་སྙིང་སྟོབས》སུ་ཧ་ཅང་གི་ཞིབ་ཆ་དོད་པོས་གསུངས་ཡོད་པས་ཤེས་འདོད་ཡོད་མཁན་ཚོས་དེ་རུ་གཟིགས་རྒྱུ་གལ།
ང་ཚོའི་ཁ་དཔེར་ལག་པ་ཡ་གཅིག་གིས་ཐལ་མོ་མི་རྡོབ་ཅེས་པ་ལྟར་མི་སུ་དང་སུ་ལ་མཚོན་ནའང་སྤྱོད་ཡོན་གཉིས་ཀ་འཛོམས་རྒྱུ་གལ་ཆེན་ཡིན།མི་ཤེས་ཡོན་གྱིས་ཕྱུག་པ་ཞིག་ཡིན་པ་ལ་སྤྱིར་བཏང་གི་མིའི་ཀུན་སྤྱོད་ཙམ་ཡང་མ་ཚང་ན་ཡོན་ཏན་ནི་རལ་གྲི་སོ་གཉིས་མ་ནང་བཞིན་ནམ་ཞིག་གནོད་དུ་འགྲོ་བའང་ཡོད་ལ།སྤྱོད་པ་ཅི་ཙམ་ལེགས་ཀྱང་ཤེས་ཡོན་གྱིས་ཤིན་ཏུ་དབུལ་བ་ཡིན་ན་ནི་ནམ་ཡང་གཞན་གྱི་མཐོང་ཆུང་དང་མགོ་སྐོར་ཐེབས་ཉེན་ཡང་ཆེ་བས་ཅི་ནས་ཀྱིས་སྤྱོད་ཡོན་གཉིས་ལྡན་ཞིག་ཨེ་འཁྱོངས་བལྟ་རྒྱུ་ནི་མི་སུ་ལ་ཆ་མཚོན་ནའང་ཆེན་པོའི་ནང་གི་ཆེན་པོ་དང་གཙོ་བོའི་ནང་གི་རྩེ་མོ་རེད།
-
《སློབ་མའི་བསླབ་བྱ》བཀླགས་རྗེས་ཀྱི་མྱོང་ཚོར། རུ་ཤུལ་...